ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

གཞུང་ཆེན་བཀའ་པོད་ལྔ་ལ་སློབ་སྦྱོང་བྱེད་དགོས་པའི་ལམ་སྟོན་བཀའ་སློབ།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་༢༠༢༢་ལོའི་ཕྱི་ཟླ་༡་པའི་ཚེས་༦་ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་དྲྭ་ལམ་ཐད་གཏོང་བརྒྱུད་ནས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ཆེན་ཁག་ལ་གདན་ས་ཁག་གི་དཔེ་ཁྲིད་དགེ་རྒན་ཚོར་ཉིན་གཉིས་ཀྱི་དྲྭ་ལམ་བགྲོ་གླེང་ཞིག་ཚུགས་པའི་དབུ་འབྱེད་མཛད་སྒོར་བཞུགས་པ་དང་༧གོང་ས་མཆོག་དམ་བཅའི་སྐབས་སུ་དབུ་བཞུགས་གནང་རྒྱུར་ཐུགས་མཉེས་པོ་ཡོད། གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་བྱ་རྒྱུ་ཧ་ཅང་གི་གལ་གནད་ཆེན་པོ་རེད། སྔར་བོད་ལ་དར་བའི་གཞུང་ཆེན་ཁག་གི་སློབ་གཉེར་གྱི་ཕྱག་སྲོལ་རྣམས་བཙན་བྱོལ་སྤྱི་ཚོགས་སུ་གདན་ས་ཁག་གིས་རྒྱུན་སྐྱོང་གནང་བཞིན་ཡོད་པ་རེད། ད་དུང་དེའི་ཁར་དེང་དུས་ཀྱི་ཚན་རིག་སློབ་གཉེར་བྱ་རྒྱུ་ཡང་གསར་སྣོན་ཐུབ་ཡོད་པས་གདན་ས་ཁག་གལ་ཆེན་པོ་ཆགས་ཡོད་ཅེས་བཀའ་སློབ་སྩལ་འདུག

ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་ཏུ་འཇམ་མགོན་རྒྱལ་བའི་རྒྱ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་གཙོས་གདན་ས་ཁག་གི་མཁན་པོ་རྣམས་དང་དཔེ་ཁྲིད་དགེ་རྒན་རྣམས་མཉམ་ཞུགས་གནང་ཡོད་ཅིང་། ཉིན་དང་པོའི་བགྲོ་གླེང་ཚོགས་འདུར་གསུང་བཤད་གནང་མཁན་ཁོངས་སུ་སེར་སྨད་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་ཆོས་བཟང་སྤྲུལ་སྐུ་ཡོད་པ་དང་ཁོང་གིས་ཚད་མ་རིག་པའི་གོ་དོན་དང་དཀའ་གནད་ཁག་བཀྲལ། དགའ་ཤར་གླིང་ནོར་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་བྱམས་པ་འཕེལ་རྒྱས་ཀྱིས་ཕར་ཕྱིན་སྟོད་ཆའི་སྐབས་དང་པོ་བཞིའི་བརྗོད་ཆེན་སྙིང་དོན་དང་མདོ་སྔགས་རྣམ་པ་བཅུའི་ཐེག་པ་ཆེན་པོའི་ལམ་གྱི་སྣེ་ཀུན་གྱི་གདུལ་ཚུལ། སྐབས་དེ་དག་གི་དཀའ་གནད་དང་བློ་གླིང་གྲྭ་ཚང་གི་དགེ་བཤེས་ངག་དབང་སྐལ་བཟང་གིས་མངོན་པ་མཛོད། རྒྱུད་སྨད་གྲྭ་ཚང་གི་དགེ་བཤེས་བསོད་ནམས་བློ་གྲོས་ཀྱིས་གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་འདུག སང་ཉིན་ཚེས་༧་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་བགྲོ་གླེང་མུ་མཐུད་དུ་འཚོགས་རྒྱུ་ཡིན་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལའི་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ལས་ཁུངས་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG