ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ཀོ་རི་ཡའི་ནང་པ་ཚོར་གསུང་ཆོས་དབུ་འཛུགས། 


༄༅།། ཀོ་རི་ཡའི་ནང་པ་ཚོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ཟླ་དང་པོའི་ཚེས་༤་ནས་ཉིན་གསུམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱལ་བའི་ཕོ་བྲང་དུ་དྲྭ་ལམ་བརྒྱུད་ནས་ཤེས་རབ་སྙིང་པོའི་གསུང་ཆོས་དབུ་འཛུགས་གནང་ཡོད་ཅིང་། ཐེངས་འདིའི་གསུང་ཆོས་ཀྱི་སྔོན་དེར་༧གོང་ས་མཆོག་གི་མི་མང་ཆོས་ཞུ་བ་ཚོར་འཚམས་འདྲི་ཞུས་ཏེ་ཤེས་རབ་སྙིང་པོའི་གཞུང་ངོ་སྤྲོད་གནང་སོང་།།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རབ་སྙིང་པོའི་གཞུང་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་གཉིས་པ་བསྐོར་བའི་དུས་སུ་གནས་ཁྱད་པར་ཅན་བྱ་རྒོད་ཕུང་པོའི་རིར་འདུ་བྱ་ལས་སྣང་དག་པ་ཁག་ཅིག་ལ་སྤྱན་རས་གཟིགས་ཀྱི་ལྷན་དུ་དྲི་བ་དྲིས་ལན་སོགས་གནང་སྟེ་སྟོང་ཉིད་ཀྱི་ལྟ་བས་ཨ་འཐས་ཀྱི་འཛིན་པ་གཅག་རྒྱུ་དང་སྙིང་རྗེ་ཆེན་པོས་རང་གཅེས་པར་དམ་པོར་འཛིན་པའི་ཤུགས་གཅོག་པའི་ཆེད་དུ་རེད། འདི་ནི་ཆོས་དང་མ་འབྲེལ་བར་བསམ་བློ་གཏང་རྒྱུ་ཡོད་པ་ཞིག་རེད་ཅེས་ཞིབ་ཕྲ་ངོ་སྤྲོད་གནང་སོང་།།

དེ་ཐེངས་ཀྱི་གསུང་ཆོས་སྐབས་སུ་ཆེད་དུ་བྱ་བའི་འདུ་བྱ་ཚོར་ཉིན་མོའི་ཆོས་འབྲེལ་དང་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་སྩལ། མཱི་ཝང་ས་དགོན་པའི་མཁན་ཆེན་གྷུམ་གྷང་སུ་ནིམ་གྱིས་ནང་ཆོས་དང་ཚན་རིག་ལ་ཁྱད་པར་ཡོད་བཞིན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་༣༠་ལྷག་ལ་ཚན་རིག་པ་ཚོར་བཀའ་སྡུར་རིམ་པ་ཞིག་གནང་ཡོད་སྟབས་ཚན་རིག་དང་ནང་དོན་རིག་པས་ཕན་ཚུན་གཅིག་ཕན་གཅིག་གྲོགས་གང་འདྲ་ཐུབ་མིན། ནང་ཆོས་ཀྱིས་ཚན་རིག་ལ་ལྟ་ཚུལ་གང་འདྲ་ཞིག་འཛིན་དགོས་མིན་སོགས་ལ་བཀའ་འདྲི་ཞུས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཞུང་ལུགས་དེ་དག་ལ་མི་འདྲ་བའི་ཁྱད་པར་ཡོད་པ་མངོན་རྒྱུ་ཡོད་པར་མ་ཟད། ནང་ཆོས་ནི་མང་ཆེ་བ་སེམས་ཁམས་ལ་འབྲེལ་བ་ཡོད་པ་དང་ཚན་རིག་ནི་མང་ཆེ་བ་དངོས་ཁམས་ལ་འབྲེལ་བ་ཡོད་པ་ཞིག་རེད། གཞུང་ལུགས་གཉིས་ཀས་ཕན་ཚུན་ཤེས་བྱ་བརྗེ་ལེན་སོགས་བྱེད་ན་ཕན་ཐོགས་ཆེན་པོ་འདུག་ཅེས་ལན་སྩལ།།

༧གོང་ས་མཆོག་གིས་ང་ཚོས་ལག་ལེན་ངོ་མའི་ཐོག་ཏུ་སློབ་གྲྭ་ཁག་ལ་རེ་བ་དང་བྱམས་བརྩེའི་སློབ་སྦྱོང་ཇི་ལྟར་སྤྲོད་དགོས་པ་དང་གཞན་ལ་ཆོས་དོན་གཉེར་གྱི་སེམས་ཤུགས་སྤར་ཏེ་ཆོས་སློབ་གཉེར་ལ་ལམ་སྟོན། དེ་བཞིན་འདོད་ཆགས་དང་ཉོན་མོངས་སྐྱེས་ན་ལྡོག་ཐབས་ཅི་ཞིག་ཡོད་མེད། བསོད་ནམས་ཀྱི་ཚོགས་དང་སྟོང་ཉིད་རྟོགས་པའི་ཤེས་རབ་བསྐྱེད་པ་གཉིས་ལ་འབྲེལ་བ་ཅི་ཞིག་ཡོད་པ་བཅས་ལའང་བཀའ་འདྲི་ཞུ་མཁན་བྱུང་སོང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲི་བ་དེ་ཚོར་རེ་རེ་བཞིན་ཐུགས་དགྱེ་ཚོར་ཆེན་པོས་བཀའ་ལན་གནང་སྟེ་གཙོ་བོ་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་རེད། ཐོག་མ་སྐྱེས་པའི་སྐབས་སུ་ཨ་མའི་བྱམས་བརྩེའི་འོག་ཏུ་འཚར་ལོངས་བྱུང་། རིམ་བཞིན་ཤེས་བྱ་དང་སྤྱི་ཚོགས་ཀྱི་འཚེ་བ་བཅས་པ་ངོ་འཕྲོད་དུས་མ་འོངས་པར་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་པར་མིའི་རང་བཞིན་ལྷན་སྐྱེས་ཀྱི་བྱམས་བརྩེའི་གཤིས་སྤྱོད་རྒྱུན་འཛིན་སླད། ཤེས་ཡོན་གྱི་བསླབ་གཞིའི་ཁོངས་སུ་བྱམས་པ་སོགས་ངོ་སྤྲོད་བྱ་དགོས། འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ཁྱབ་སྤེལ་གཏོང་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཡིན་ཞེས་གསུངས་སོང་།།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་བཅུ་ཕྲག་གཉིས་ལྷག་ལ་ལོ་ལྟར་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཚོར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུང་ཆོས་གནང་སྲོལ་ཡོད་ཀྱང་སྔ་ལོ་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་བྱུང་སྟེ་ལོ་འདིའི་གསུང་ཆོས་དྲྭ་ལམ་དུ་གནང་དགོས་བྱུང་ཞིང་། ཀོ་རི་ཡའི་ཆོས་ཞུ་བ་ཚོས་དགོན་སྡེ་གྲྭ་ཚང་ཁག་དང་བཟོ་ཚོང་ལས་ཁང་ཁག དེ་བཞིན་སྒྱུ་སྩལ་ཁང་དང་རང་ཁྱིམ་བཅས་སུ་༧གོང་ས་མཆོག་གི་གསུང་ཆོས་ཞུས་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG