ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༢/༠༨/༡༢

ཧིན་བོད་ས་མཚམས་ཀྱི་སྲིབ་སྐྱིད་ལའི་ཚོང་ལམ་སྒོ་འབྱེད།


༄༅།། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་གཞུང་གིས་ལྡི་ལི་གསར་པའི་དབུས་གཞུང་ལ་བཀའ་འཁྲོལ་ཞུས་ནས་ཆོག་མཆན་ཐོབ་པ་ལྟར་༢༠༢༢་ལོར་ཁུ་ནུ་རྫོང་ཁོངས་ཀྱི་སྲིབ་སྐྱིད་ལའི་ཚོང་ལམ་སྒོ་ཕྱེ་སྟེ་བོད་ལ་ཚོང་འབྲེལ་ཚུགས་ཆོག་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༦་པའི་ཚེས་༧་ཉིན་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ཁོངས་ཀྱི་གར་ཞྭ་དང་སྤི་ཏེ། ཁུ་ནུ་བཅས་ཧིན་བོད་ས་མཚམས་ཀྱི་མི་མང་གིས་བོད་ལ་རྒྱ་གར་གྱི་དངོས་ཟོག་ཕར་བཙོངས་པ་དང་བོད་ནས་རྒྱ་ནག་དང་བོད་ཀྱི་དངོས་ཟོག་རྣམས་ཚུར་རྒྱ་གར་ལ་ནང་འདྲེན་བྱས་ནས་ཚོང་ལས་གཉེར་ཏེ་ས་གནས་མང་ཚོགས་ཀྱི་འཚོ་བ་དང་དཔལ་འབྱོར་ཡོང་འབབ་བཅས་ལ་ཕན་ཐོགས་ཆེན་པོ་འབྱུང་གི་ཡོད་པའི་གནས་ཚུལ་བཀོད་འདུག འོན་ཀྱང་རྒྱ་ནག་གཞུང་གིས་༢༠༢༢་ལོར་སྲིབ་སྐྱིད་ལའི་ཚོང་ལམ་སྒོ་འབྱེད་རྒྱུའི་མོས་མཐུན་བྱས་ཡོད་མེད་ཐད་རྒྱ་གར་གྱི་གསར་ཤོག་དེར་གནས་ཚུལ་གང་ཡང་མ་འཁོད་ཅིང་། ༢༠༢༡་ལོར་འཛམ་གླིང་ཡོངས་སུ་རྒྱ་ནག་གི་ཧུ་ཝན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ཁྱབ་སྟེ་སྲིབ་སྐྱིད་ལའི་ཚོང་ལས་སྒོ་བརྒྱབ། ༢༠༢༠་ལོར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་གྷལ་ཝན་ལུང་གཤོངས་སུ་ལག་འཛིང་ཐུག་སྟེ་མི་གསོད་ཁྲག་སྦྱོར་གྱི་འཐབ་འཁྲུག་ལངས་ཏེ་ཛ་དྲག་གི་གནས་ཚུལ་ཐོན་ནས་བཟུང་། རྒྱ་གར་གཞུང་གིས་སྲིབ་སྐྱིད་ལའི་ཚོང་ལས་བཀག་སྟེ་ཧིན་བོད་ས་མཚམས་ཀྱི་ཚོང་འབྲེལ་རྣམས་མཚམས་ཆད།།

ལོ་ལྟར་སྲིབ་སྐྱིད་ལའི་ཚོང་ལམ་ནི་ཕྱི་ཟླ་༦་པ་ནས་ཕྱི་ཟླ་༡༡་པའི་བར་དུ་སྒོ་འབྱེད་པའི་ལམ་སྲོལ་ཞིག་དར། ད་ལོ་གར་ཞྭ་དང་སྤི་ཏེ། ཁུ་ནུ་རྫོང་གི་ཚོང་པ་ཚོས་ཕྱི་ཟླ་༥་པ་ནས་མངའ་སྡེ་གཞུང་ལ་ཚོང་ལམ་སྒོ་འབྱེད་དགོས་པའི་སྙན་ཞུ་ཕུལ། རྒྱ་དཀར་གི་ཚོང་པའི་མཐུན་ཚོགས་ཀྱི་གཙོ་འཛིན་ཧི་ཤེ་ནེ་གྷེ་ཞེས་པ་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། འདས་པའི་ལོ་གཉིས་ལ་གར་ཞྭ་དང་སྤི་ཏེ། ཁུ་ནུ་ཕྱོགས་ཀྱི་ཚོང་པ་ཚོར་དཀའ་ངལ་ཆེན་པོ་ཞིག་ཕྲད་འདུག ང་ཚོས་རྒྱ་གར་གཞུང་ལ་ཚོང་ལས་འཕྲོ་སྐྱོང་བྱེད་དུ་འཇུག་དགོས་པའི་རེ་སྐུལ་ཞུས་པ་ཡིན། ལོ་གཉིས་ཀྱི་རིང་ས་གནས་མང་ཚོགས་ཀྱི་དཔལ་འབྱོར་ལ་ཉམས་ཆག་ཆེན་པོ་བྱུང་སོང་། ང་ཚོས་མངའ་སྡེ་གཞུང་ལ་ནན་སྐུལ་བྱས་པའི་རྗེས་སུ་རྒྱ་གར་དབུས་གཞུང་གིས་ཚོང་ལམ་སྒོ་འབྱེད་དུ་འཇུག་རྒྱུའི་ཆོག་མཆན་བཀོད་པ་རེད་ཅེས་བཀྲལ། རྒྱ་གར་དབུས་གཞུང་གི་བཟོ་ལས་འགན་འཛིན་ར་ཀེ་ཤ་པྲ་ཇ་པ་ཏིས་ཀྱང་ལྡི་ལི་གསར་པའི་འབྲེལ་ཡོད་ལས་ཁུངས་ཁག་ལ་འབྲེལ་བ་བྱས་ནས་སྲིབ་སྐྱིད་ལའི་ཚོང་ལམ་སྒོ་འབྱེད་ཆོག་པའི་བཀའ་འཁྲོལ་ཐོབ་སོང་ཞེས་གསར་འགོད་པའི་དྲི་བར་ལན་བཏབ།།

སྲིབ་སྐྱིད་ལའི་ཧིན་བོད་ཚོང་འབྲེལ་ལ་ཡུན་རིང་གི་ལོ་རྒྱུས་ཡོད་ཀྱང་༡༩༦༢་ལོར་རྒྱ་དཀར་ནག་གཉིས་ཀྱིས་ཧིན་བོད་ས་མཚམས་སུ་དམག་འཁྲུག་བརྒྱབ་པའི་རྗེས་སུ་ཚོང་ལམ་བཀག ༡༩༩༣་ལོར་སྲིབ་སྐྱིད་ལའི་ཚོང་ལམ་བསྐྱར་དུ་སྒོ་ཕྱེ་སྟེ་བོད་ནས་བལ་དང་དར་གོས། རྩིད་པ། རྒྱ་ནག་གི་ས་རྫ་དང་ཚ་ལ་དཀར་པོ། མར་དང་ཚྭ། ར་དང་ར་ལུག གྱོན་གོས་དང་ལྷམ། མལ་ཆས་དང་ཀམ་པ་ལི། ས་གདན་དང་བོད་ཀྱི་སྨན་རྩྭ་སོགས་དངོས་ཟོག་རྣམ་གྲངས་༢༩་ནང་འདྲེན་བྱས་མོད། ཡིན་ནའང་༢༠༡༢་ལོར་རྒྱ་གར་གཞུང་གིས་རྟ་དང་ར་ལུག་ནང་འདྲེན་བྱེད་མི་ཆོག་པའི་བཀག་སྡོམ་བྱས་པས་གར་ཞྭ་དང་སྤི་ཏེ། ཁུ་ནུ་ཕྱོགས་ཀྱི་ཡུལ་མི་ཚོར་རྟ་རྒྱུད་དང་ལུག་རྒྱུད། ར་རྒྱུད་སྤུས་དག་མེད་པར་ས་གནས་ཀྱི་ཕྱུགས་ཟོག་འཕེལ་ཁ་མ་རྒྱས་པའི་དཀའ་ངལ་ཕྲད། བོད་ཀྱི་ར་ལུག་ནི་ར་ཁུལ་དང་ར་ཤ་ཡག་པོ་ཡོད་པར་མ་ཟད། ཆུ་དམར་མཐིལ་གྱི་གྱི་རྟ་དྲེལ་ཡང་རྟ་རྒྱུད་དང་དྲེལ་རྒྱུད་ཧ་ཅང་ཡག་པོ་ཡོད་པས་རྒྱ་གར་གྱི་ཚོང་པ་ཚོས་བོད་ཀྱི་རྟ་དྲེལ་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ༢༠༡༧་ལོར་རྒྱ་དཀར་ནག་གཉིས་བོད་ཀྱི་འབྲོག་ལམ་ས་ཁུལ་དུ་གདོང་ཐུག་འབྱུང་གྲབས་བྱས་པའི་རྐྱེན་གྱིས་སྲིབ་སྐྱིད་ལའི་ཚོང་ལས་ལ་དོ་ཕོག་བྱུང་།།

རྒྱ་གར་གྱི་ཕྱི་ལྟ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༡་ལོར་ཏོག་དབྱིབས་ནད་དུག་ཁྱབ་ནས་ཚོང་པ་གཅིག་གིས་ཀྱང་སྲིབ་སྐྱིད་ལའི་ཚོང་ལམ་སྒོ་འབྱེད་དགོས་ཞེས་སྙན་ཞུ་མ་ཕུལ། གལ་སྲིད་ས་མཚམས་ཀྱི་ཚོང་ལས་གཉེར་འདོད་ཡོད་ན་གར་ཞྭ་དང་སྤི་ཏེ། ཁུ་ནུའི་ཚོང་པ་ཚོས་ལོ་ལྟར་རྒྱ་གར་གཞུང་ལ་སྙན་ཞུ་འབུལ་དགོས་ཤིང་། ༢༠༢༡་ལོར་སྲིབ་སྐྱིད་ལ་གཅིག་པུ་མ་ཡིན་པར་འབྲས་ལྗོངས་ཀྱི་རྣ་ཐོས་ལའི་ཚོང་ལམ་ཡང་སྒོ་བརྒྱབ་སྟེ་ཚོང་འབྲེལ་མ་ཚུགས། གར་ཞྭ་དང་སྤི་ཏེ། ཁུ་ནུ་བཅས་ཀྱི་ཚོང་པ་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་རྒྱུ་གཙིགས་སུ་བཟུང་སྟེ་ཚོང་ལས་ལ་གྱོང་གུད་ཕོག དེར་བརྟེན་ལོ་དེར་སྲིབ་སྐྱིད་ལའི་ཧིན་བོད་ཚོང་ལས་ཧིན་སྒོར་ས་ཡ་༦་མ་ཟིན་ཙམ་ཞིག་ལས་མ་བྱུང་། ༢༠༡༩་ལོར་སྲིབ་སྐྱིད་ལའི་ཧིན་བོད་ཚོང་ལས་ཧིན་སྒོར་བྱེ་བ་༣་དང་ཕྱེད་ཀ་མ་ཟིན་པ་དང་ལོ་དེར་རྒྱ་གར་གྱི་དངོས་ཟོག་རྣམ་གྲངས་༣༦་བོད་ལ་བཙོངས། བོད་ནས་དངོས་ཟོག་རྣམ་གྲངས་༢༠་ཐམ་པ་རྒྱ་གར་ལ་ནང་འདྲེན་བྱས་འདུག རྒྱ་གར་གྱི་ཕྱིར་ཚོང་དངོས་ཟོག་ནི་འབྲས་དང་སྲན་མའི་རིགས། རས་ཆ་དང་གྲོ་ཕྱེ། བྲོ་རྫས་དང་འཁེལ་འཐག་གི་ཐོན་སྐྱེད། ཐབ་ཆས་དང་དཀར་ཆུའི་ཐོན་སྐྱེད། ཐ་མག་དང་ཤིང་ཏོག་སྐམ་པོ་སོགས་ཡིན་ཞིང་། རྒྱ་གར་གཞུང་གིས་ཧི་མ་ཅལ་མངའ་སྡེའི་མཐའ་མཚམས་ཀྱི་གྲོང་གསེབ་ཆུ་པན་ས་གནས་སུ་ཚོང་ལས་ཀྱི་ལྟེ་གནས་ཤིག་འཛུགས་རྒྱུའི་ཆོག་མཆན་བཀོད་ནས་ས་ཆ་གཏན་ཁེལ་ཡང་ཧིན་བོད་ས་མཚམས་ཀྱི་ཚོང་དོན་ལྟེ་གནས་དེའི་འཛུགས་སྐྲུན་འགོ་བཙུགས་མ་སོང་ཞེས་ས་གནས་ཀྱི་ལས་སྣེ་ཧི་ཤེ་ནེ་གྷེས་རྒྱ་གར་གཞུང་ལ་འཁང་ར་བཤད་འདུག

XS
SM
MD
LG