ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གཞུང་གིས་ཁམས་བྲག་འགོའི་གྲོང་ཚོ་གཉིས་ཀྱི་མང་ཚོགས་ལ་དྲག་གནོན།


༄༅།། ཉིན་ཤས་གོང་དུ་ཁམས་བྲག་འགོ་རྫོང་སྲིད་གཞུང་གིས་སླར་ཡང་ཁམས་བྲག་འགོའི་གཡི་ཉ་གྲོང་གཙོས་གྲོང་ཚོ་གཉིས་ཀྱི་མང་ཚོགས་ལ་འདྲི་རྩད་དང་ཉེན་རྟོག་པས་དྲག་གནོན་བྱས་ནས་མི་མང་པོར་འཆི་རྨས་ཚབས་ཆེན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག་ཅེས་བཙན་བྱོལ་སྤྱི་ཚོགས་སུ་གནས་འཁོད་མིང་དངོས་སུ་བརྗོད་འདོད་མེད་པའི་བྲག་འགོ་བ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག ཁོང་གིས་གཡི་ཉ་གྲོང་ནི་བྲག་འགོ་རྫོང་གི་ཉེ་འཁྲིས་སུ་ཡོད་པ་དང་དེར་དྲག་གནོན་བྱེད་དགོས་དོན་ནི་རྒྱ་ནག་གཞུང་གིས་གྲོང་ཚོ་དེའི་ས་ཆར་ཕག་གསོ་ཁང་ཆེན་པོ་ཞིག་འཛུགས་སྐྲུན་བྱ་འཆར་ཡོད་པ་དེར་མང་ཚོགས་ཀྱིས་མོས་མཐུན་ཡོད་པའི་མི་རྟགས་འགོད་དགོས་ཟེར་བས་མང་ཚོགས་ཀྱིས་དེ་ལ་མོས་མཐུན་མ་བྱས་པར་ཉེན་རྟོག་པས་རྡུང་རྡེག་དྲག་པོ་བཏང་སྟེ་མི་ཁ་ཤས་ཤི་བ་དང་མི་མང་པོར་རྨས་སྐྱོན་ཕོག དེའི་ནང་གི་མི་གཅིག་ལ་ཉེས་རྡུང་ཚད་མེད་ཕོག་སྟེ་བཟའ་མི་ཚོས་སྐྱོར་ནས་ཁྱིམ་དུ་ལོག་པའི་སྐབས་སུ་སྒོ་འགྲམ་དུ་ས་ལ་འགྱེལ་འདུག དྲག་གནོན་ཕོག་ཡུལ་གྲོང་ཚོ་གཞན་པ་དེ་ནི་བྲག་འགོ་རྫོང་ནས་རྒྱང་རིང་གི་ལུང་ཁུག་ཅིག་ཏུ་ཡོད་པ་དང་དེར་དྲག་གནོན་བྱེད་དགོས་དོན་ཅི་ཡིན་ཁ་གསལ་པོ་མི་འདུག་ཅེས་འགྲེལ་བརྗོད་གནང་འདུག

དེང་སྐབས་ས་གནས་དེར་དམ་དྲག་དང་ཉེན་ཁ་ཧ་ཅང་ཆེ་བའི་རྐྱེན་གྱིས་མི་ལ་འཆི་རྨས་བྱུང་བའི་དུས་ཚོད་དང་གྲངས་ཀ་སོགས་ཏག་ཏག་ཅིག་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་གོང་གསལ་གྲོང་ཚོ་གཉིས་ལ་མཚོན་ན་གྲོང་ཚོ་རེ་རེར་ཁྱིམ་ཚང་ཉི་ཤུ་ནས་སུམ་ཅུ་ཡས་མས་རེ་ཡོད་ཅིང་། མི་ཕལ་ཆེ་བར་རྡུང་རྡེག་ཕོག་འདུག ས་གནས་དེའི་མི་དང་ཕྱི་ལ་འབྲེལ་ཡོད་པའི་མི་ཚོའི་གྲས་སུ་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་ཡོད་པ་ཤེས་རྟོགས་བྱུང་ན་ལས་བྱེད་པ་ཚོ་ལས་གནས་ནས་གནས་དབྱུང་གཏོང་རྒྱུ་དང་གྲྭ་པ་རྣམས་དགོན་པ་ནས་དབྱུང་རྒྱུ། སློབ་ཕྲུག་ཚོ་སློབ་གྲྭ་ནས་ཕྱིར་འབུད་བཏང་སྟེ་གཞུང་གི་རོགས་རམ་དང་ཐོབ་ཐང་ཡོངས་རྫོགས་གཅོད་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱེད་བཞིན་ཡོད་པའི་རྐྱེན་གྱིས་ས་གནས་དངོས་ལ་ཐད་ཀར་འབྲེལ་བ་བྱས་ནས་གནས་ཚུལ་ཞིབ་ཕྲ་རྩད་གཅོད་བྱ་རྒྱུ་ཤིན་ཏུ་ཁག་པོ་འདུག ས་གནས་སུ་དོན་རྐྱེན་བྱུང་སྟེ་ཉིན་གཉིས་གསུམ་ཞིག་གི་གཞུག་ལ་མ་གཏོགས་གནས་ཚུལ་དེ་ཕྱི་ལ་འབྱོར་ཐུབ་མེད་པ་རེད་ཅེས་བཀྲལ།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། ཐོག་མར་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུན་བྱས་པའི་སྐབས་སུ་བྲག་འགོའི་མང་ཚོགས་ལ་མགོ་སྐོར་བསླུ་བྲིད་བྱས་པ་ལྟར་དེང་སྐབས་ཀྱང་བྲག་འགོའི་ཡུལ་མི་དང་དགོན་སྡེ་ཁག་གི་དབར་དུ་དབྱེན་དཀྲུག་བྱེད་པ་དང་མི་ཁག་ཅིག་ལ་དངུལ་སྒོར་དང་འཚོ་བའི་རོགས་རམ་སྤྲོད་ཀྱི་ཡོད་པའི་བརྙན་འཕྲིན་བླངས་ཏེ་དྲིལ་བསྒྲགས་ལས་འགུལ་ཤུགས་ཆེན་སྤེལ། གཞུང་གི་ལས་འགུལ་དེར་ས་གནས་མང་ཚོགས་ཀྱིས་དགའ་ཞེན་དང་རྒྱབ་སྐྱོར་འཐོབ་ཐབས། རྒྱ་གཞུང་གིས་འཆར་གཞི་ལྡན་པ་དང་ཞི་དྲག་གཉིས་ཀྱི་སྒོ་ནས་བོད་པ་ཚོ་རྩ་མེད་གཏོང་ཐབས་བྱེད་ཀྱི་འདུག རྒྱལ་སྤྱིའི་སྤྱི་ཚོགས་དང་བཙན་བྱོལ་དུ་གནས་འཁོད་བོད་པ་ཚོས་རྒྱ་གཞུང་གིས་བྲག་འགོ་ས་ཁུལ་དུ་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་བྱེད་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་དང་རྒྱ་གཞུང་གི་དྲག་གནོན་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་ཙམ་སྤེལ་དགོས་ཞེས་འབོད་སྐུལ་ཞུས་འདུག་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG