ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཏོག་དབྱིབས་ནད་དུག་གིས་འཛམ་གླིང་ཡོངས་ལ་ཟིང་ཆ་སློང་བ།


༄༅།། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གིས་འཛམ་གླིང་ཧྲིལ་པོའི་མི་འབོར་ཕྱེད་ཀ་ཙམ་རང་ཁྱིམ་དུ་བཀག དེའི་མཇུག་འབྲས་སུ་རྒྱལ་ཁབ་མང་པོའི་ཆབ་སྲིད་དང་སྤྱི་ཚོགས་ལ་ལྷིང་འཇགས་མེད་པར་ཟིང་ཆ་ལང་རྒྱུ་མགོ་བརྩམས། དེང་སྐབས་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ལ་སྔོན་འགོག་བྱེད་པར་མི་རྣམས་རང་ཁྱིམ་དུ་བཀག་ཡོད་པ་ནི་ཟིང་འཁྲུག་ཆེན་པོ་གསར་པཞིག་ལ་འགྱུར་ཉེན་ཆེ། ད་ལྟ་ནས་འཛམ་གླིང་གི་ས་གནས་གང་སར་དཔལ་འབྱོར་དང་ཚོང་ལས་ཉམས་རྒུད་ཕྱིན་ཏེ་གྲོང་གསེབ་ཁག་ནས་གྲོང་ཁྱེར་ཁག་ལ་ལས་ཀ་འཚོལ་དུ་ཡོང་བའི་ལས་མི་འབུམ་ཕྲག་མང་པོ་ལས་ཀ་མེད་པརགྱུར། ཁོ་ཚོ་རང་ཁྱིམ་དུཕྱིར་ལོག་ཀྱང་བྱེད་མ་ཐུབ་པར་ལུས་ཡོད་པས་བདུན་ཕྲག་སྔོན་མར་རྒྱ་གར་གྱི་བྷམ་བྷེའི་གྲོང་ཁྱེར་དུ་ལས་མི་ཚོས་ངོ་རྒོལ་བྱས་ནས་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱར་བརྩི་མེད་བཏང་འདུག དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ལེ་བྷ་ནན་ལ་མཚོན་ན་ཏོག་དབྱིབས་རིམས་ནད་ཁྱབ་གདལ་མ་བྱུང་གོང་ནས་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཡོད་པར་མ་ཟད། ཏོག་དབྱིབས་ནད་དུག་གིས་རྒྱལ་ཁབ་དེའི་དཔལ་འབྱོར་དང་ཚོང་ལས་རྣམས་ཡོངས་སུ་འགག་ཡོད་པས་རྒྱལ་ས་བྷེ་རུ་ཊི་དང་རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ཊི་རི་པོ་ལི་གྲོང་ཁྱེར་དུ་མི་མང་གིས་ངོ་རྒོལ་ཁྲོམ་སྐོར་ཐེངས་གསུམ་བྱས་འདུག འདས་པའི་ཟླ་བ་༦་གི་རིང་དུ་ཨི་རཀ་ལ་ཆབ་སྲིད་སྒྱུར་བཅོས་གཏོང་དགོས་ཞེས་རྒྱལ་ཁབ་དེའི་མི་མང་གིས་ངོ་རྒོལ་བྱེད་ཀྱི་ཡོད་པ་མཚམས་ཆད་མེད་པ་སྟེ། ཨི་རཀ་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ཆེད་དུ་མི་དམངས་རྣམས་ཁྱིམ་དུ་འཛུལ་དགོས་ཞེས་འགྲོ་འོང་བཀག་སྡོམ་བྱེད་ཀྱི་ཡོད་ཀྱང་ངོ་རྒོལ་ལས་འགུལ་ཁག་ཁོགས་ཀྱི་མེད་པ་རེད།།

ཉམས་ཞིབ་པ་ཚོས་༢༠༡༡་ནས་དཀྱིལ་ཤར་ས་ཁུལ་དང་ཨ་རབ་རྒྱལ་ཁབ་ཁག་ལ་དཔྱིད་ཀྱི་གསར་བརྗེ་ལངས་ནས་སྲིད་གཞུང་མང་པོ་ཞིག་མགོ་རྟིང་སློག་པའམ། ཨ་རབ་རྒྱལ་ཁབ་མང་དག་ཅིག་ལ་ནང་འཁྲུག་ལངས་ནས་ལོ་བཅུ་ཕྲག་གཅིག་འཁོར་གྲབས་ཡོད། སི་རི་ཡ་དང་ཡེ་མནལི་བྷི་ཡ་གསུམ་གྱི་ནང་འཁྲུག་མཚམས་ཆད་མེད་པ་དང་ཨི་རཀ་དང་ལེ་བྷ་ནན། ཨལ་ཇཱི་རི་ཡ་བཅས་ལ་མི་དམངས་ཀྱི་ངོ་རྒོལ་ལས་འགུལ་ཐེངས་གཉིས་པ་ཞིག་ལང་བཞིན་འདུག ད་ལྟ་ཨ་རབ་རྒྱལ་ཁབ་ཁག་ང་དཀྱིལ་ཤར་ས་ཁུལ་ལའངཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་འདིས་རྒྱལ་ཁབ་དེ་དག་གི་ནང་འཁྲུག་སྡུག་ཏུ་གཏོང་སྲིད། རྒྱལ་ཁབ་དེ་ཚོར་ཆབ་སྲིད་དང་སྤྱི་ཚོགས་བརྟན་ལྷིང་མེད་པའི་དཀའ་ངལ་སྔར་ལས་ཆེ་རུ་འགྲོ་ཉེན་ཆེ། ད་སྔ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་འཇིགས་སྣང་གིས་ཨ་རབ་རྒྱལ་ཁབ་ཁག་གི་མང་ཚོགས་ཀྱིས་ཟིང་ཆ་མ་བསླངས་པར་ཞི་འཇམ་དུ་གནས་འདུག ཡིན་ནའང་དཔལ་འབྱོར་དང་ཚོང་ལས། མི་མང་གི་འཚོ་བའི་དཀའ་ངལ་ཆེ་རུ་ཕྱིན་ན་འགྲོ་འོང་བཀག་སྡོམ་གྱི་ཁྲིམས་རྣམས་རྒྱུན་འཁྱོངས་བྱེད་དཀའ་ཞེས་བློ་འཚབ་ཡོད་པའི་རྣམ་འགྱུར་བསྟན། ལེ་བྷ་ནན་གྱི་གླ་འཁོར་ཁ་ལོ་བ་ཞིག་གིས་འགྲིམ་འགྲུལ་བཀག་སྡོམ་གྱི་ཁྲིམས་ལ་བརྩི་མེད་བཏང་བས་ཉེན་རྟོག་པ་ཚོས་ཁ་ལོ་བར་དངུལ་སྒོར་གྱི་ཆད་པ་བཅད། ཁ་ལོ་བས་རླངས་འཁོར་མེར་སྲེག་བཏང་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་སི་རི་ཡའི་སྐྱབས་བཅོལ་བ་ཞིག་གིས་རང་གི་བཟའ་མི་རྣམས་གསོ་མ་ཐུབ་པར་འུ་ཐུག་སྟེ་རང་ལུས་མེར་སྲེག་བཏང་བཡང་ཐུ་ཎི་ཤི་ཡའིཤིང་ཏོག་འཚོང་མཁན་ཞིག་ལ་ཉེན་རྟོག་པས་ཤིང་ཏོག་བཙོང་དུ་བཅུག་མེད་པས་མི་དེས་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱས་པ་སོགས་ཀྱི་བརྙན་པར་རྣམས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཐོན་འདུག ལོན་ཌོན་གྱི་དཔལ་འབྱོར་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཧྥ་ཝ་ཟི་འཇོར་གྷེས་བཤད་པ་ལྟར་ན། ཐེངས་རྗེས་མར་ཨ་རབ་མི་དམངས་ཀྱིས་མེ་མདའ་དང་འབར་མདེལ་བརྒྱབ་ནས་ཟིང་འཁྲུག་སློང་རྒྱུའི་ཉེན་ཁ་འདུག འདི་ནི་དམངས་གཙོ་དང་རང་དབང་འཐབ་རྩོད་ཅིག་མིན་པར་འཚོ་བའི་དཀའ་ངལ་ལས་བྱུང་བའི་ཟིང་འཁྲུག་ཅིག་ཏུ་འགྱུར་རྒྱུ་རེད། འདི་ནི་མི་དམངས་ཀྱིས་འཚོ་བ་མ་འཁྱོལ་པ་དང་བཀྲེས་ལྟོགས་ཀྱི་དཀའ་སྡུག་མ་བཟོད་པར་ཟིང་འཁྲུག་སློང་རྒྱུའི་རྒྱུ་རྐྱེན་ཞིག་ཏུ་འགྱུར་སྲིད་པའི་ཉེན་ཁ་ཞིག་རེད་ཅེས་བཤད་འདུག


ཁ་ཊར་རྒྱལ་ཁབ་ཀྱི་དྷོ་ཧ་གྲོང་ཁྱེར་དུ་ཚུགས་པའི་བྷུ་རུ་ཀིང་སི་ལྟེ་གནས་ཀྱི་ཉམས་ཞིབ་པ་ཨ་ལི་ཧྥ་ཐོ་ལཱ་ནེ་ཇཱ་ཐེས་བཤད་པ་ལྟར་ན། ན་ནིང་སྟོན་ཁ་ནས་ཨི་རན་མི་དམངས་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དཀྱིལ་ཤར་ས་ཁུལ་དུ་ཏོག་དབྱིབས་ནད་དུག་ཁྱབ་ནས་རེ་ཞིག་མཚམས་ཆད་པ་རེད། ད་ལྟའི་བར་དུ་ཨི་རན་ལ་ཏོག་དབྱིབས་ནད་དུག་གིས་མི་༤༩༥༨་ལ་འཆི་སྐྱོན་དང་མི་༧༩༤༩༤་ལ་ནད་དུག་འགོས་སོང་ཞེས་ཨི་རན་གཞུང་གིས་ཁྱབ་བསྒྲགས་བྱས་མོད། དུན་ཕྲག་སྔོན་མར་ཨི་རན་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་གིས་ཨི་རན་ལ་འཆི་སྐྱོན་བྱུང་བ་དང་ནད་མནར་བྱུང་བའི་མིའི་གྲངས་འབོར་ལྡབ་བཅུ་ཙམ་མང་བ་ཡོད་སྲིད་པའི་ཁྱབ་བསྒྲགས་བྱས་སོང་ཞེས་བཤད། ཨ་མི་རི་ཀས་ཨི་རན་ལ་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པས་ཨི་རན་ལ་འཛམ་གླིང་གི་རྒྱལ་ཁབ་གཞན་དང་མ་འདྲ་བའི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་ཅིང་། ཁ་སྔོན་གཟའ་སྤེན་པའི་ཉིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁེ་ཎི་ཡའི་གཞུང་གིས་ཐོ་གྲངས་བཏོན་པར་གཞིགས་ན། ཐེམ་སྤང་བཀག་རྒྱ་ལ་བརྩི་མེད་གཏོང་མཁན་མི་ཚོགས་ཤིག་ལ་ཁེ་ཎི་ཡའིཉེན་རྟོག་པས་དྲག་གནོན་བྱས་ནས་མི་མང་པོ་ཞིག་བསད་འདུག ཁེ་ཎི་ཡའི་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་མི་དམངས་ལ་འགྲོ་འོང་བཀག་སྡོམ་བྱེད་ཀྱི་ཡོད་པས་མང་ཚོགས་ལ་འཚོ་བའི་དཀའ་ངལ་འཕྲད། ཧུ་སེན་ཧྥ་ཁར་ཞེས་པའི་ལོ་ན་༢༠་ཐམ་པར་སོན་པའི་རྐང་གསུམ་གླ་འཁོར་ཁ་ལོ་བ་ཞིག་གིས་ང་བཀྲེས་ལྟོགས་མྱངས་ནས་འཆི་བ་ལས་ཏོག་དབྱིབས་ནད་དུག་གིས་འཆི་ན་དགའ་ཞེས་གསར་འགོད་པར་བཤད།།

རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་མང་ཚོགས་ཀྱིས་ཁང་གླ་ཆག་ཡང་གཏོང་དགོས་ཞེས་ངོ་རྒོལ་གྱི་ལས་འགུལ་སྤེལ། ཧུ་པེ་ཞིང་ཆེན་དང་ཅང་ཞཱི་ཞིང་ཆེན་གཉིས་ཀྱི་ས་མཚམས་སུ་མི་མང་དང་ཉེན་རྟོག་པ་ཚོ་རྒོལ་འཛིང་དྲག་པོ་ཐུག ཝུ་ཧན་གྲོང་ཁྱེར་ལ་འགྲིམ་འགྲུལ་བཀག་སྡོམ་ཕྱིར་འཐེན་བྱས་ཀྱང་ཅང་ཞཱི་ཞིང་ཆེན་གྱི་ཉེན་རྟོག་པས་རང་གི་མངའ་ཁོངས་སུ་ཧུ་པེ་ཞིང་ཆེན་གྱི་མི་རྣམས་ཡོང་མི་ཆོག་ཅེས་བཀག རུས་མིང་ཧྭང་ཞེས་པ་ཞིག་གིས་གསར་འགོད་པར་མི་དམངས་ཀྱིས་སྲིད་གཞུང་ལ་ཡིད་ཆེས་བྱེད་ཐུབ་རྒྱུ་ནི་གནད་འགག་ཆེན་པོ་རེད། འོན་ཀྱང་སྲིད་གཞུང་གིས་ཐོག་མ་ནས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པའི་ཚབས་ཆེའི་གནས་ཚུལ་རྣམས་སྦ་གསང་བྱས་པས་མི་དམངས་རྣམས་གཏན་ནས་སྲིད་གཞུང་ལ་ཡིད་ཆེས་བྱེད་མི་ཐུབ་པ་ཞིག་ཏུ་གྱུར་འདུག་ཅེས་བཤད། ད་ལྟའི་ཆར་ཏོག་དབྱིབས་ནད་དུག་ལ་འཇིགས་སྣང་དང་ཉེན་རྟོག་པ་ཚོས་མི་རྣམས་རང་ཁྱིམ་དུ་བཀག་ཡོད་པས་ཧོང་ཀོང་ནས་ཆི་ལེ་རྒྱལ་ཁབ་བར་དུ་འཛམ་གླིང་གི་ས་ཕྱོགས་གང་སར་མི་ཚོགས་འདུས་ནས་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་རིགས་སྤེལ་དཀའ་བ་ཞིག་ཏུ་གྱུར། དེར་བརྟེན་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་དུས་སྐབས་འདི་སྲིད་དབང་སྒེར་གཅོད་པ་ཚོརདངོས་གྲུབ་ཐོབ་པ་ལྟར་གྱི་དུས་སྐབས་ཤིག་ཏུ་གྱུར་ཏེ་ཏོག་དབྱིབས་རིམས་ནད་ལ་ལན་ཁག་དཀྲིས་ནས་སྤྱི་དམངས་ལ་དམ་དྲག་ནན་པོ་དང་འཕྲུལ་ཆས་ཀྱི་ལྟ་སྲུང་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་རྒྱུ་ཇེ་མང་དུ་སོང་འདུག ཨི་ཊ་ལིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་ལ་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱས་པའི་རྗེས་སུ་མི་མང་རྣམས་ཚོང་ཁང་དུ་བརྒྱུགས་ནས་བཟའ་བཅའི་རིགས་འཕྲོག་བཅོམ་བྱས་པས་ཉེན་རྟོག་པ་ཚོས་མེ་མདའ་བཟུང་ནས་ཚོང་ཁང་ཁག་ལ་སྲུང་སྐྱོབ་བྱ་དགོས་བྱུང་འདུག


ད་ལྟའི་བར་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ལ་བརྟེན་ནས་ཨ་མི་རི་ཀའི་ལས་མི་༢༢༠༠༠༠༠༠་ལྷག་གི་ལས་ཀ་ཤོར་ཟིན། གཟའ་འཁོར་སྔོན་མར་ཨ་མི་རི་ཀའི་རྙིང་ཞེན་ཅན་ཚོས་མཱི་ཤཱི་གྷན་དང་མཱི་ཎི་སོ་ཊ། ཝྭིར་ཇཱི་ཎི་ཡ་མངའ་སྡེ་གསུམ་གྱི་རྒྱལ་སར་ནད་ཡམས་སྔོན་འགོག་གི་ཆེད་དུ་མི་མང་ལ་འགྲོ་འོང་བཀག་སྡོམ་བྱེད་ཡོད་པར་ངོ་རྒོལ་བྱས་འདུག ཡུ་རོབ་རྒྱལ་ཁབ་འཇར་མན་ཎིའི་ཚོགས་པ་ཁག་གིས་གྲོང་རྡལ་འགའ་ཞིག་གི་ནང་དུ་སྲིད་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ཆེད་དུ་མི་མང་ལ་འགྲོ་འོང་བཀག་སྡོམ་བྱས་པར་ངོ་རྒོལ་བྱས་པས་སྲིད་གཞུང་གིས་ཚོགས་པ་དེ་དག་ཁྲིམས་ཁང་ལ་གཏུགས། འཇར་མན་ཁྲིམས་ཁང་གིས་ཚོགས་པ་དེ་ཚོར་ངོ་རྒོལ་བྱེད་ཆོག་པའི་ཐོབ་ཐང་འདུག་ཅེས་ཁྲིམས་ཐག་བཅད། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་། འཛམ་གླིང་དངུལ་ཁང་བཅས་ཀྱིས་ཏོག་དབྱིབས་ནད་དུག་རྒྱལ་སྤྱིའི་ཞི་བདེ་བརྟན་ལྷིང་ལ་ཉེན་ཁ་ཞིག་ཏུ་འགྱུར་སྲིད་པའི་ཉེན་བརྡ་བཏང་འདུག ད་དུང་སླར་ཡང་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་གཉིས་པ་ཞིག་བྱུང་ན་རྒྱ་ནག་ལྟ་བུའི་སྲིད་དབང་གཅིག་སྡུད་ཀྱི་རྒྱལ་ཁབ་ཁག་ལ་གཡོ་ཁྱོམ་ཆེན་པོ་ཐེབ་སྲིད། ༢༠༢༠་ལོའི་དུས་ཚིགས་དང་པོར་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༦་དང་གྲངས་ཆུང་༨་ཉམས་རྒུད་ཕྱིན་པའི་གསལ་བསྒྲགས་སྤེལ་འདུག འདི་ནི་རྒྱ་ནག་གིས་ཕྱི་ལ་སྒོ་མོ་ཕྱེས་ནས་དཔལ་འབྱོར་སྒྱུར་བཅོས་བཏང་སྟེ་ལོ་༤༠་ལྷག་ཕྱིན་པའི་རིང་དུ་དཔལ་འབྱོར་ཉམས་རྒུད་ཕྱིན་པ་ཐེངས་དང་པོ་རེད། རྒྱ་ནག་གཞུང་གིས་དཔལ་འབྱོར་ཡར་རྒྱས་བཏང་ནས་མི་མང་གི་གཞུང་དྲང་བློ་དཀར་ཉོས་པ་ཡིན་མོད། འོན་ཀྱང་རྒྱ་ནག་དམར་ཤོག་གཞུང་གིས་སྔར་བཞིན་དཔལ་འབྱོར་འཕེལ་རྒྱས་གཏོང་མ་ཐུབ་ཚེ། རྒྱ་ནག་མི་དམངས་རྣམས་སྔར་བཞིན་དམར་ཤོག་སྲིད་གཞུང་དེར་གཞུང་དྲང་བློ་དཀར་བྱ་རྒྱུ་ཁག་པོ་རེད་ཅེས་མེ་སེ་ཆུ་སེ་ཊི་འཕྲུལ་རིག་སློབ་གླིང་གི་སློབ་དཔོན་ཡ་ཧྲེང་ཧྭང་གིས་བཤད་འདུག ཕྱི་ཟླ་༤་པའི་ཚེ་༢༠་ཉིན་གྱི་སྔ་དྲོའི་བར་དུ་ཏོག་དབྱིབས་ནད་དུག་གིས་འཛམ་གླིང་ཡོངས་སུ་མི་༡༦༦༢༣༥་ལ་འཆི་སྐྱོན་དང་མི་༢༤༢༢༥༢༥་ལ་ནད་མནར། ཨ་མི་རི་ཀ་གཅིག་པུར་ཏོག་དབྱིབས་ནད་དུག་གིས་མི་༤༠༦༩༠་ལ་འཆི་སྐྱོན་དང་མི་༧༦༠༢༤༥་ལ་ནད་དུག་འགོས་ཡོད་པ་རེད།།

XS
SM
MD
LG