ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིན་ཅང་གི་ཁ་ཤཱི་གྷར་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ། 


ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་རྒྱལ་ས་ཨུ་རུ་མུ་ཆི་གྲོང་ཁྱེར།
ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་རྒྱལ་ས་ཨུ་རུ་མུ་ཆི་གྲོང་ཁྱེར།

༄༅།། རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་ཡོད་པའི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་རྒྱལ་ས་ཨུ་རུ་མུ་ཆི་གྲོང་ཁྱེར་ལ་བདུན་ཕྲག་སྔོན་མ་ནས་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་འགྲོ་འོང་བཀག་སྡོམ་དང་མི་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད། ས་གནས་དེའི་འགོ་ཁྲིད་ཚོས་རིམས་ནད་སྔོན་འགོག་གི་ལས་དོན་ནི་དམག་འཁྲུག་ལྟ་བུ་ཞིག་ལ་ངོས་འཛིན་བྱས་ནས་འགོག་རྒོལ་བྱ་དགོས་ཞེས་བསྒྲགས། དེ་རིང་གཟའ་ཟླ་བའི་ཉིན་ཞིན་ཅང་གི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢༢་ཐོན་པ་དེའི་གྲས་ཀྱི་མི་༥་ཁ་ཤཱི་གྷར་གྲོང་ཁྱེར་དུ་ཐོན་སོང་ཞེས་གནས་ཚུལ་སྤེལ། ཁ་ཤཱི་གྷར་གྲོང་ཁྱེར་ནི་ཞིན་ཅང་གི་ནུབ་བྱང་མཐའ་མཚམས་སུ་ཆགས་པའི་གནའ་བོའི་དར་གོས་ཚོང་ལམ་གྱི་གྲོང་ཁྱེར་རྙིང་པ་ཞིག་ཡིན་ཞིང་། ཕྱི་ཟླ་༧་ཚེས་༡༥་ནས་ཞིན་ཅང་གི་ས་གནས་འགོ་ཁྲིད་ཚོས་མངའ་ཁུལ་དེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཅི་ཙམ་ཡོད་མེད་ཕྱིར་བསྒྲགས་བྱས་མེད་ཀྱང་ཨུ་རུ་མུ་ཆི་གྲོང་ཁྱེར་དུ་མི་༤༧་ལ་ཏོག་དབྱིབས་ནད་དུག་འགོས་ནས་སྨན་བཅོས་བྱེད་ཀྱི་ཡོད་པ་ཤེས་རྟོགས་ཐུབ། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཞིན་ཅང་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་དང་གཟའ་སྤེན་པའི་ཉིན་ནད་པ་༡༦་ཐོན། ཁ་སང་གཟའ་ཉི་མར་ནད་པ་གསར་པ་༡༣་ཐོན་ཞེས་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་འདུག
ཕྱི་ཟླ་༧་པའི་ཚེས་༡༩་ནས་ཞིན་ཅང་གི་རྒྱལ་ས་ཨུ་རུ་མུ་ཆི་གྲོང་ཁྱེར་གྱི་ཐེན་ཧྲན་རྫོང་ཁོངས་སུ་མི་མང་སྟོང་ཕྲག་མང་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་འགོ་ཚུགས། གཟའ་སྤེན་པ་ནས་གྲོང་ཁྱེར་དེར་སྤྱི་སྤྱོད་འགྲིམ་འགྲུལ་དང་མཁའ་ལམ་འགྲིམ་འགྲུལ་བཀག་སྡོམ། མི་མང་རྣམས་འདུ་རུབ་ཀྱིས་མཉམ་ཚོགས་བྱེད་སྒོའི་རིགས་གཅིག་ཀྱང་སྤེལ་མི་ཆོག་པ། ས་གནས་དེའི་མི་མང་ལ་དགོས་ངེས་མིན་ན་གྲོང་ཁྱེར་ཕྱི་ལོགས་སུ་བསྐྱོད་མི་ཆོག་ཅེས་བཀག་འགོག གྲོང་གླིང་ཁག་གི་ས་གནས་འགོ་ཁྲིད་ཚོས་ཀྱང་རང་གི་མངའ་ཁུལ་དེར་མི་སུ་འདྲ་ཞིག་འགྲོ་འོང་བྱེད་ཀྱི་ཡོད་མེད་ལྟ་རྟོག སྲང་ལམ་ཀུན་ཏུ་དུག་སེལ། བཟའ་བཏུང་རྣམས་དྲྭ་ལམ་དུ་མངགས་ཉོ་བྱས་ནས་སྒོ་འགྲམ་ལ་བསྐྱལ་ཏེ་མི་ལ་ཐུག་འཕྲད་བྱ་མི་དགོས་པའི་རིམས་ནད་སྔོན་འགོག་གི་ཐབས་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་མ་ཟད། ད་ལོ་རྒྱ་ནག་གི་ཧུ་པེ་ཞིང་ཆེན་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་པའི་དུས་སུ་མི་འབོར་ཉུང་ཞིང་ས་རྒྱ་ཆེ་བའི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་རིམས་ནད་ཁྱབ་གདལ་སོང་བའི་གནས་ཚུལ་ཤུགས་ཆེན་པོ་ཞིག་གོ་ཐོས་བྱུང་མེད། འོན་ཀྱང་ད་ལྟ་རྒྱ་ནག་གི་འཕྲོད་བསྟེན་ལས་སྣེ་ཚོས་ཞིན་ཅང་ལ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་འགྲོ་བཞིན་འདུག རྒྱལ་ས་ཨུ་རུ་མུ་ཆི་གཙོ་བོར་གྱུར་པའི་ཞིན་ཅང་གི་ས་གནས་ཁག་ཏུ་དམག་འཁྲུག་གི་དུས་སྐབས་ལྟར་ཏོག་དབྱིབས་རིམས་ནད་ལ་འཐབ་རྒོལ་བྱ་དགོས་ཞེས་བཀོད་ཁྱབ་གཏོང་གི་ཡོད་པ་དེར་གཞིགས་ཚེ། ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་ཞིན་ཅང་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་བྱས་པ་ཡིན་སྲིད་ཅེས་དོགས་པ་བྱེད་ཀྱི་ཡོད་པ་སྟེ། ཕྱི་ཟླ་༧་ཚེས་༡༦་ཉིན་རྒྱ་ནག་གི་དྲྭ་དམངས་ཁག་ཅིག་གིས་འདས་པའི་ཉི་མ་༡༤༩་ལ་ཞིན་ཅང་གི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཅི་ཙམ་ཐོན་ཡོད་མེད་ཀྱི་གནས་ཚུལ་གཅིག་ཀྱང་ཕྱིར་བསྒྲགས་བྱས་མེད་པའི་རྒྱུ་མཚན་ཅི་ཡིན་ཞེས་དོགས་སློང་བྱས་འདུག
བདུན་ཕྲག་སྔོན་པའི་གཟའ་པ་སངས་ཉིན་དྲྭ་དམངས་ཁག་ཅིག་གིས་ཞིན་ཅང་གི་ཨུ་རུ་མུ་ཆི་གྲོང་ཁྱེར་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཞེས་འགོ་བརྗོད་དུ་བཀོད་ནས་ཝི་པོ་དྲྭ་ཚིགས་སུ་གནས་ཚུལ་སྤེལ་བ་རྒྱ་ནག་གི་དྲྭ་དམངས་༣༤༠༠༠༠༠༠་ལྷག་གིས་ལྟ་ཀློག་ཐུབ་སྟེ་མཆན་མང་པོ་ཞིག་བྲིས་ཀྱང་ཐེན་ཧྲན་ས་གནས་གཞུང་གིས་མང་ཚོགས་ཀྱིས་མཆན་འགྲེལ་བྲིས་པ་མང་པོ་ཞིག་ནག་སུབ་བྱས་སོང་ཞེས་སྐྱོན་འཛུགས་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨུ་རུ་མུ་ཆི་གྲོང་ཁྱེར་གཞུང་ལ་འཕྲོད་བསྟེན་ལས་སྣེ་༡༦༠༠་ཡོད་པ་རྣམས་སྐུལ་སློང་དང་ཞིང་ཆེན་གཞན་པ་༡༠་ནས་འཕྲོད་བསྟེན་ལས་སྣེ་༢༠༠་ལྷག་རོགས་སྐྱོར་དུ་བཏང་སྟེ་ཞིན་ཅང་གི་ཏོག་དབྱིབས་རིམས་ནད་སྔོན་འགོག གྲོང་ཁྱེར་དེར་ཟས་རིགས་ཚོང་འགྲེམ་ཁྲོམ་༧༥་ཡོད་ཐམས་ཅད་ལ་བརྟག་དཔྱད། ཁྲོམ་ར་ཆེན་པོ་༢༣༧་ཡོད་པ་དང་ཟ་ཁང་༦༣༨་བཅས་ཀྱི་ལས་བྱེད་པ་དང་ཟས་རིགས་རྣམས་ལ་བརྟག་དཔྱད་བྱས་ཀྱང་ནད་དུག་ཁྱབ་ཡོད་པའི་རྟགས་མཚན་མ་ཐོན། ཁ་སང་གཟའ་ཉི་མའི་མཚམས་སུ་ཨུ་རུ་མུ་ཆི་གྲོང་ཁྱེར་ཧྲིལ་པོའི་སྨན་ཁང་ཁག་ཏུ་དོགས་པ་བྱས་ནས་བཞག་ཡོད་པ་དང་རང་ཁྱིམ་དུ་ཟུར་འགོག་བྱེད་ཡོད་པའི་མི་ཚང་མར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ཀྱང་ནད་དུག་གི་འབྱུང་ཁུངས་མ་རྙེད། དེ་རིང་གཟའ་ཟླ་བའི་ཉིན་སླར་ཡང་ཨུ་རུ་མུ་ཆི་གྲོང་ཁྱེར་གཞུང་གིས་མི་༣༠༠༠་ལྷག་ལ་དོགས་པ་བྱས་ནས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་འདུག ཉིན་ཤས་སྔོན་ནས་ཨུ་རུ་མུ་ཆི་གྲོང་ཁྱེར་ལ་མཁའ་ལམ་འགྲིམ་འགྲུལ་བརྒྱ་ཆ་༩༠་ལྷག་བཀག་ཟིན་པ་དང་གྲོང་ཁྱེར་དེའི་ས་འོག་མེ་འཁོར་གྱི་འགྲིམ་འགྲུལ། སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་གྱི་འགྲིམ་འགྲུལ་རྣམས་བཀག་ཡོད་པ་དུས་ནམ་ཞིག་བསྐྱར་དུ་སྒོ་འབྱེད་བྱ་རྒྱུ་ཡིན་མིན་ངེས་གཏན་བྲལ།།
ད་ལོའི་ཕྱི་ཟླ་༢་པ་དང་༣་གཉིས་ལ་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་དུ་ཞིན་ཅང་ལའང་འགྲོ་འོང་བཀག སྐབས་དེར་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༧༦་ཐོན་པ་དེའི་ཁོངས་ནས་མི་༣་འདས་གྲོངས་སུ་གྱུར། ཞིན་ཅང་གི་ཡུ་གུར་བ་ཚོར་མཚོན་ན་གཟའ་འཁོར་སྔོན་མ་ནས་མི་མང་གི་འགུལ་སྐྱོད་ལ་བཀག་སྡོམ་ཐེབས་ཀྱི་ཡོད་པ་ནི་གནས་ཚུལ་གསར་པ་ཞིག་མིན། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་ཅེས་ལན་ཁག་དཀྲིས་ནས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཉིས་ཡས་མས་ཤིག་བཀག་ཉར་ཁང་འདྲ་མིན་གྱི་ནང་དུ་བཙོན་འཇུག་བྱས་ནས་ཉིན་མཚན་དུས་དྲུག་ལ་པར་ཆས་བཙུགས་ནས་ལྟ་རྟོག ཁོ་ཚོར་ངལ་རྩོལ་བཙན་བཀོལ་དང་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་བ། རྒྱ་ནག་གཞུང་གིས་ཞིན་ཅང་གི་མི་འབོར་བཀག་སྡོམ་བྱེད་པའི་ཆེད་དུ་ཡུ་གུར་བའི་བུད་མེད་ཚོར་བཀག་ཉར་ཁང་དུ་སྐྱེས་སྒོ་རྩ་གཅོད་དང་མངལ་ལ་ཆགས་པའི་ཕྲུ་གུ་ལེན་པ། ཞིན་ཅང་གི་ཡུ་གུར་བའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་པ་སྣུབ་ཐབས་བྱེད་ཀྱི་ཡོད་པས་ཨ་མི་རི་ཀ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་ཞིན་ཅང་གི་དྲག་གནོན་ལ་འབྲེལ་བ་ཡོད་པའི་ས་གནས་འགོ་ཁྲིད་ཚོར་ཉེས་ཆད་བཅད། ཧ་ཅང་ཕངས་པ་ཞིག་ལ་འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་ཕལ་མོ་ཆེས་རྒྱ་ནག་གི་ལངས་ཕྱོགས་དང་སྲིད་ཇུས་ལ་རྒྱབ་སྐྱོར། རྒྱ་ནག་གཞུང་གིས་ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་པ་ཚོར་འཐབ་རྒོལ་བྱེད་ཀྱི་ཡོད་པ་འོས་འཚམས་ཤིག་རེད་ཅེས་ཡུ་གུར་བ་དང་ཧ་ས་ཁ་བ། ཀིར་ཀི་བ་སོགས་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་བདེ་དོན་ལ་སྐད་ཆ་ཚིག་གཅིག་བཤད་མི་ཕོད།།

འདི་ཙམ་ན་ཟླ་བ་སྔོན་མར་པེ་ཅིང་གི་ཟས་རིགས་ཁྲོམ་ར་ཞིག་ནས་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་ས་གནས་ཁག་ཅིག་གི་འགྲོ་འོང་བཀག ད་ལྟ་ཉི་མ་༡༤་ཕྱིན་པའི་རྗེས་སུ་པེ་ཅིང་ལ་ནད་པ་གསར་པ་ཐོན་པའི་གནས་ཚུལ་ཅི་ཡང་གོ་རྒྱུ་མེད་ཀྱང་ད་དུང་ཡང་ཕྱི་རྒྱལ་ནས་འབྱོར་བའི་འགྲུལ་པ་ཚོ་ཉི་མ་༡༤་ལ་ཟུར་འགོག་བྱ་དགོས་པ་དང་སྤྱི་ཚོགས་རྒྱང་བཀྱེད། མི་ཚོགས་སྡེབ་འཛོམས་བྱེད་མི་ཆོག་པ་སོགས་ཀྱི་ཁྲིམས་རྣམས་རང་སོར་བཞག དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་ཕྱི་ཟླ་དང་པོ་ནས་ཕྱི་ཟླ་དྲུག་པའི་བར་དུ་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ཁྲིམས་ལ་འགལ་འཛོལ་བྱུང་བའི་མི་༥༣༧༠་ཐམ་པ་འཛིན་བཟུང་བྱས་པ་ཡིན། མི་འཛིན་བཟུང་བྱས་པ་དེ་དག་གི་བརྒྱ་ཆ་༤༠་ལྷག་ལ་གཡོ་ཁྲམ་བྱས་པའི་ནག་ཉེས་བཙུགས་ཡོད། མི་འཛིན་བཟུང་བྱས་པའི་བརྒྱ་ཆ་༡༥་ཡས་མས་ཤིག་ལ་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ཁྲིམས་ལ་གཏོར་བརླག མི་ཁག་ཅིག་ལ་ནད་ཡམས་ཁྱབ་གདལ་དུས་སུ་སྤྱི་དམངས་ཀྱི་བདེ་ཐང་ལ་གནོད་པའི་དངོས་ཟོག་རྫུན་མ་བཙོངས་པ་དང་རྩ་སྟོང་འགྲོ་ཉེན་ཆེ་བའི་རི་སྐྱེས་སེམས་ཅན་དཀོན་རིགས་རྣམས་ཉོ་ཚོང་བྱས་ནས་ཁྲིམས་འགལ་བྱས་ཡོད་པའི་ནག་ཉེས་བཙུགས་ཡོད་ཅེས་བསྒྲགས། ན་ནིང་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཁྱབ་པ་དང་ནད་དུག་དེ་ཕ་ཝང་ནས་མཆེད་པ་རེད་ཅེས་གནས་ཚུལ་ཐོན་པ་ནས་བཟུང་། རྒྱ་ནག་གཞུང་གིས་རི་སྐྱེས་སྲོག་ཆགས་ཀྱི་རིགས་རྣམས་ཤ་ཁྲོམ་ཁག་ཏུ་གསོན་འཚོང་བྱེད་ཀྱི་ཡོད་པར་བཀག་སྡོམ་བྱ་དགོས་པའི་བཅའ་ཁྲིམས་གཏན་ལ་ཕབ། ཝུ་ཧན་དང་རྒྱ་ནག་གི་གྲོང་ཁྱེར་མང་དག་ཅིག་གི་རི་སྐྱེས་སེམས་ཅན་གསོན་འཚོང་བྱ་ཡུལ་ཁྲོམ་ར་ཁག་སྒོ་བརྒྱབ་པའི་གནས་ཚུལ་ཐོན། ཡིན་ནའང་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་ལ་འཛེམ་ཟོན་མེད་པའི་རྒྱ་ནག་གི་སྤྱི་ཚོགས་སུ་རི་སྐྱེས་སེམས་ཅན་གསོན་འཚོང་བྱ་ཡུལ་ཁྲོམ་ར་ཁག་གཏན་དུ་སྒོ་རྒྱག་ཐུབ་རྒྱུ་ཡིན་མིན་ནི་བཤད་དཀའོ།།

XS
SM
MD
LG