ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་དང་ནད་དུག་གི་འཆི་སྐྱོན་གྲངས་འབོར།


༄༅།། ཨ་མི་རི་ཀའི་ཇོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོའི་གཞི་གྲངས་ལྟར་ན། སྔ་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ད་ལྟའི་བར་དུ་ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་ནད་དུག་འགོས་ནས་མི་ས་ཡ་༡་ལྷག་ལ་འཆི་སྐྱོན་བྱུང་ཞིང་། ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་འཛམ་གླིང་གི་མི་འབོར་བརྒྱ་ཆ་༨་ལས་མེད་ཀྱང་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་གྲངས་འབོར་བརྒྱ་ཆ་༢༩་ཡས་མས་ཤིག་ཟིན་ཡོད་པའི་གནས་ཚུལ་ཐོན་འདུག ཁ་སྔོན་གཟའ་པ་སངས་ཉིན་ཨ་གླིང་ཀུན་གླིང་ཁྱབ་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་ཨེ་ཊི་ནན་གྱིས་མི་ས་ཡ་༡་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བ་ནི་མངའ་ཁུལ་འདིར་ཆག་སྒོ་ཆེན་པོ་རེད། ད་སྔ་ཚབས་ཆེའི་ནད་ཡམས་འདི་མགོ་འཇོམས་རྒྱུའི་རྟགས་མཚན་གང་ཡང་མེད་པས་ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་སྨན་བཅོས་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གཅིག་པུར་མི་༤༤༦༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་། བྷར་ཛིལ་གྱི་འཆི་སྐྱོན་གྲངས་འབོར་དེས་ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་བརྒྱ་ཆ་༤༥་ལྷག་ཟིན། འཛམ་གླིང་འདིར་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་ཆེས་མང་ཤོས་ནི་ཨ་མི་རི་ཀར་བྱུང་ཡོད་པ་དང་དེའི་འཕྲོ་ནས་བྷར་ཛིལ་ཡིན་འདུག ད་དུང་ཡང་ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རྒྱུ་ཇེ་སྡུག་ཏུ་སོང་སྟེ་མི་ལ་ནད་མནར་དང་འཆི་སྐྱོན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན།།

ཨ་མི་རི་ཀ་དང་བྷར་ཛིལ། རྒྱ་གར་བཅས་ཀྱི་འཕྲོ་ནས་མེཀ་སི་ཀོར་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་མང་ཤོས་བྱུང་ཡོད་པ་སྟེ། ད་ལྟའི་བར་དུ་མེཀ་སི་ཀོ་རྒྱལ་ཡོངས་སུ་མི་༢༢༡༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་སྟེ་འཛམ་གླིང་གི་ཨང་བཞི་པར་གྱུར། ཨ་མི་རི་ཀའི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ཁག་གིས་མེཀ་སི་ཀོར་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་འགྲོ་བཞིན་འདུག ཨ་རི་བ་རྣམས་མེཀ་སི་ཀོར་ཡུལ་སྐོར་སྤྲོ་འཆམ་དང་འགྲིམ་འགྲུལ་བྱ་རྒྱུ་གཡོལ་ཐབས་བྱ་དགོས་ཞེས་ལམ་སྟོན་བྱེད་ཀྱི་ཡོད་ཀྱང་མེཀ་སི་ཀོའི་གཞུང་གིས་ས་གནས་ཁག་ལ་གཞིགས་ནས་འགྲོ་འོང་བཀག་སྡོམ་དང་འགྲུལ་པ་བཀག་སྡོམ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར། མེཀ་སི་ཀོའི་དབུས་གཞུང་གིས་རྒྱལ་ཡོངས་ལ་འགྲོ་འོང་བཀག་སྡོམ་དང་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་ཡོད་པའི་ཁྱབ་བསྒྲགས་བྱེད་ཀྱི་མེད་ཅིང་། ཨ་གླིང་ཀུན་ཁྱབ་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དེར་མི་གྲངས་ས་ཡ་༡་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་རུང་མངའ་ཁུལ་དེའི་མི་འབོར་བརྒྱ་ཆ་༣་ལ་མ་གཏོགས་སྨན་ཁབ་རྒྱག་ཐུབ་མ་སོང་། ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་རང་ངོས་ནས་སྨན་ཁབ་བཟོ་སྦྱོར་བྱེད་ཐུབ་པའི་མཐུན་རྐྱེན་དང་ནུས་པ་བརྒྱ་ཆ་བཞི་ལས་མེད། མངའ་ཁུལ་དེའི་སྨན་ཁབ་ཕལ་མོ་ཆེ་ཕྱི་ནས་ནང་འདྲེན་བྱ་དགོས་པས་མི་གྲངས་ས་ཡ་མང་པོར་འགོག་ཁབ་རྒྱག་མ་ཐུབ་པ་རེད། ང་ཚོའི་མངའ་ཁུལ་འདིར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཙོ་བོར་གྱུར་པའི་སྨན་རྣམས་མཁོ་འདོན་བྱེད་ཐུབ་རྒྱུ་ཡིན་མིན་ནི་མི་དམངས་ཀྱི་བདེ་ཐང་དང་སྤྱི་ཚོགས་ཀྱི་བདེ་འཇགས་བཅས་ཕྱོགས་མང་དག་ཅིག་ལ་འབྲེལ་བ་ཡོད། ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་དང་ཁེ་རེ་བྷིན་མཚོ་གླིང་རྒྱལ་ཁབ་ཁག་ལ་སྨན་ཁབ་མང་ཙམ་དགོས་པ་དང་ནད་ཡམས་འདིས་ང་ཚོར་ཉམས་མྱོང་ཆེན་པོ་ཞིག་ཐོབ་སོང་ཞེས་བསྒྲགས། བདུན་ཕྲག་སྔོན་མར་སྲིད་འཛིན་ཇཱོ་བྷ་ཌན་གྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་སྨན་ཁབ་ས་ཡ་༢༠་ཐམ་པ་འཐོལ་པ་སྤྲོད་རྒྱུ་ཡིན། ཕྱི་ཟླ་༦་པའི་ཟླ་མཇུག་བར་དུ་ཨ་མི་རི་ཀས་ཁྱོན་བསྡོམས་སྨན་ཁབ་ས་ཡ་༨༠་ཐམ་པ་རོགས་རམ་སྤྲོད་རྒྱུ་ཡིན་ཞེས་ཁས་བླངས།།

ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ནང་འདྲེན་བྱ་ཡུལ་གཙོ་བོ་དེ་རྒྱ་ནག་ཡིན་ཞིང་། རྒྱ་ནག་གིས་ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་དང་ཁེ་རེ་བྷིན་མཚོ་གླིང་རྒྱལ་ཁབ་ཁག་ལ་སྨན་ཁབ་དུང་ཕྱུར་༡་དང་བྱེ་བ་༧་མ་ཟིན་ཙམ་ཞིག་བཏང་མོད། འོན་ཀྱང་རྒྱ་ནག་གི་སྨན་ཁབ་དེ་ཚོར་ནད་དུག་འགོག་ཐུབ་པའི་ནུས་པ་ཆེན་པོ་མེད་པར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆི་ལེའི་གཞུང་གིས་རྒྱ་ནག་གི་འགོག་ཁབ་སྨན་ཐུན་གཉིས་ཀ་བརྒྱབ་ཚར་བའི་མི་ཚོར་སླར་ཡང་སྨན་ཐུན་གསུམ་པ་ཞིག་རྒྱག་དགོས་ཐུག་གི་ཡོད་པར་མ་ཟད། ཕུ་རུ་རྒྱལ་ཁབ་ཀྱི་ས་གནས་མང་དག་ཅིག་ཏུ་རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ནས་མི་ལ་འཆི་སྐྱོན་འབྱུང་གི་ཡོད་པ། རྒྱ་ནག་གིས་སྨན་ཁབ་དེ་ཚོར་ཚོད་ལྟ་བྱ་ཡུལ་གཙོ་བོ་ཞིག་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་ཡིན་རུང་ནད་ཡམས་ཁྱབ་གདལ་འགོག་མི་ཐུབ་པ། ཉེ་ཆར་བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་རོ་ཁོང་ཁྲོ་ལངས་ནས་ཏོག་དབྱིབས་ནད་དུག་འདི་རྒྱ་ནག་གི་ཤ་ཁྲོམ་ཞིག་ནས་ཁྱབ་པ་ཡིན་ནམ། ཡང་ན་རྒྱ་ནག་གི་ཝུ་ཧན་ནད་དུག་བརྟག་དཔྱད་ཁང་ནས་ཕྱི་ལ་ཤོར་བ་ཡིན་མིན་བཤད་དཀའ་བ་ཞིག་རེད་ཅེས་སྐྱོན་བཙུགས། ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གཅིག་པུ་མ་ཡིན་པར་རྒྱ་ནག་གིས་བཟོས་པའི་འགོག་ཁབ་རྒྱག་གི་ཡོད་པའི་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེའི་རྒྱལ་ཁབ་ཁག་གིས་ཀྱང་སྨན་ཐུན་གསུམ་པའི་འགོག་ཁབ་རེ་རྒྱག་དགོས་ཐུག་གི་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་རྒྱ་ནག་ལ་ཁ་གཏད་བཅག་ནས་ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་སྨན་ཁབ་རོགས་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་སྐུལ་ལྕག་བཏང་འདུག ལེ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཆི་ལེ་དང་ཨལ་ས་ཝྭ་དྷོར། བྷར་ཛིལ་དང་ཡུ་རུ་གྷ་ཡེ་སོགས་རྒྱ་ནག་གི་སྨན་ཁབ་འབའ་ཞིག་དང་ཨུ་རུ་སུའི་སྨན་ཁབ་ཉུང་ཤས་ཤིག་ལ་མ་བརྟེན་ཐབས་མེད་དུ་གྱུར། ཧུན་དྷུ་ར་སི་དང་པ་ར་གྷ་ཡེ་གཉིས་ལ་རྒྱ་ནག་གི་སྨན་ཁབ་རོགས་རམ་སྤྲོད་ཆོག ཡིན་ནའང་གོང་འཁོད་རྒྱལ་ཁབ་གཉིས་ཀྱིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་འཛུགས་དགོས་ཞེས་ཆ་རྐྱེན་བཞག་ནས་སྨན་ཁབ་རག་མེད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་ཨེ་ཊི་ལན་ཊིཀ་ཞིབ་འཇུག་ཁང་གི་ལ་ཊིན་ཨ་མི་རི་ཀའི་སྡེ་ཚན་གྱི་འགན་འཛིན་མར་ཁེ་ཛག་གིས་བཤད་པ་ལྟར་ན། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གོ་སྐབས་བཟུང་ནས་ཤུགས་རྐྱེན་རྒྱ་བསྐྱེད་ཀྱི་འདུག ཐོག་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་པ་རེད། པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཡིན་པའི་གླེང་ཕྱོགས་བསྒྱུར་ནས་རྒྱ་ནག་ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་བྱེད་མཁན་རྒྱལ་ཁབ་གཙོ་བོ་དང་འཛམ་གླིང་མི་དམངས་ལ་རོགས་སྐྱོར་བྱེད་མཁན་རྒྱལ་ཁབ་ཅིག་གི་རྣམ་པར་སྒྱུར་ཐབས། རྒྱ་ནག་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་མིན་པར་ཏོག་དབྱིབས་ནད་དུག་གི་དཀའ་ངལ་སེལ་བའི་ལྡེ་མིག་ལྟ་བུ་ཞིག་ཡིན་པའི་བག་ཆགས་ཤིག་འཇོག་ཐབས་བྱེད་ཀྱི་འདུག་ཅེས་བཤད། ཉེ་ཆར་ཧུ་དྷུ་ར་སིའི་བློན་ཆེན་ལྷན་ཁང་གི་མཐོ་རིམ་ལས་སྣེ་མ་དྷེ་རོ་ཡིས་ང་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དགོས་མཁོ་ཆེན་པོ་འདུག གལ་སྲིད་ཧུན་དྷུ་ར་སི་འུ་ཐུག་གི་གནས་སུ་ལྷུང་ན་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་སྨན་ཁབ་རག་ཐབས་སུ་རྒྱ་ནག་ལ་འབྲེལ་བ་འཛུགས་དགོས་ཐུག་སྲིད། ཧུན་དྷུ་ར་སིའི་མི་དམངས་ཀྱིས་རྒྱ་ནག་གིས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་རོགས་སྐྱོར་བྱེད་ཀྱི་ཡོད་པ་དང་ང་ཚོར་རྒྱ་ནག་གིས་རོགས་སྐྱོར་བྱེད་ཀྱི་མེད་པའི་རྒྱུ་རྐྱེན་ཅི་རེད་ཅེས་གླེང་སློང་བྱ་རྒྱུ་འགོ་ཚུགས་སོང་ཞེས་བཤད། སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཁེ་ན་ཌ་དང་མེཀ་སི་ཀོ་གཉིས་ལ་སྨན་ཁབ་ས་ཡ་༤་རོགས་སྐྱོར་སྤྲད། འོན་ཀྱང་ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀས་སྨན་ཁབ་ཅི་ཙམ་རོགས་སྐྱོར་སྤྲོད་དགོས་མིན། རྒྱལ་ཁབ་གང་གང་ལ་མྱུར་དུ་སྨན་ཁབ་རོགས་སྐྱོར་སྤྲོད་དགོས་མིན་ལ་གྲོས་འཆམ་མ་བྱུང་། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་བྷ་ཌན་ལ་རང་གི་མངའ་ཁུལ་དེར་སྨན་ཁབ་རོགས་རམ་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་ནས་ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་དང་ཁེ་རེ་བྷིན་མཚོ་གླིང་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་འགོག་དགོས། ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་རོགས་སྐྱོར་སྤྲོད་རྒྱུ་དམག་དོན་འཐབ་ཇུས་དང་མི་དམངས་ཀྱི་འཕྲོད་བསྟེན་སོགས་ལ་འབྲེལ་བ་ཡོད་པས་གནད་འགག་ཆེན་པོ་ཡིན་ཞེས་ནན་སྐུལ་བྱས་འདུག

ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་མར་ཁོ་རུ་བྷིའོ་དང་དམངས་གཙོ་ཚོགས་པའི་འཐུས་མི་མན་ཌེ་སི། ཊིམ་ཁན་བཅས་གྲོས་ཚོགས་འཐུས་མི་གསུམ་གྱིས་ཨ་མི་རི་ཀས་འགོ་ཁྲིད་ནས་ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གི་དཀའ་ངལ་སེལ་དགོས། ཨ་མི་རི་ཀས་རོགས་སྐྱོར་མ་བྱས་ན་རྒྱ་ནག་གི་ཕན་ནུས་ཆུང་བའི་སྨན་ཁབ་དེ་རྣམས་མཁོ་སྤྲོད་བྱས་ནས་ཕྱི་འབྲེལ་དང་ཤུགས་རྐྱེན་རྒྱ་སྐྱེད་གཏོང་བའི་གོ་སྐབས་འཐོབ་རྒྱུའི་ཉེན་ཁ་ཆེ་ཞེས་སྲིད་འཛིན་བྷ་ཌན་ལ་སྙན་ཞུ་ཞིག་ཕུལ་འདུག ཝྭིར་ཇཱི་ཎི་ཡ་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཊིམ་ཁན་གྱིས་ཨ་མི་རི་ཀས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་སྨན་ཁབ་ཞལ་འདེབས་སྤྲད་ནས་འཛམ་གླིང་ཡོངས་ལ་རོགས་སྐྱོར་ཅི་ཙམ་བྱས་ཀྱང་ངོ་སོ་མི་འཐོན། ང་ཚོའི་སྨན་ཁབ་ཐོག་ཏུ་ཨ་མི་རི་ཀས་བཟོ་སྦྱོར་བྱས་པ་ཞེས་ལས་རྟགས་བཀོད་ནས་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་ཐད་ཀར་རོགས་སྐྱོར་སྤྲོད་དགོས། ཨ་མི་རི་ཀས་རོགས་སྐྱོར་སྤྲོད་ཀྱི་ཡོད་པ་རྣམས་འཕྲོད་ཡུལ་རྒྱལ་ཁབ་དེ་དག་གིས་ཤེས་རྟོགས་ཐུབ་པ་ཞིག་བྱེད་དགོས་ཀྱི་འདུག་ཅེས་ནན་བརྗོད་བྱས་ཤིང་། ཕོ་བྲང་དཀར་པོའི་ཏོག་དབྱིབས་ནད་དུག་འབྲེལ་མཐུད་པ་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་གཉིས་ཀས་ལ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཨ་མི་རི་ཀས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རོགས་སྐྱོར་སྤྲད་པའི་སྨན་ཁབ་རྣམས་རྒྱལ་ཁབ་གང་གང་ལ་འཕྲོད་དགོས་མིན་ཨ་མི་རི་ཀར་ཐག་གཅོད་བྱེད་ཆོག་པའི་དབང་ཚད་ཡོད་ཅེས་གྲོས་ཚོགས་ཀྱི་ཉན་ཞིབ་ཚོགས་འདུའི་སྐབས་སུ་ལན་འདེབས་བྱས་འདུག

XS
SM
MD
LG