ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ཝན་གྱི་རང་སྲུང་དོན་དུ་རྡུལ་ཕྲན་མཚོན་ཆ་བཟོ་དགོས་ཐུག་སྲིད་པ། 


༄༅།། རྒྱ་ནག་དམག་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་ཧོང་ཀོང་ལ་དྲག་གནོན་བྱས་ནས་མངའ་ཁུལ་དེའི་རང་སྐྱོང་གི་ཐོབ་ཐང་མེད་པར་བཏང་ཞིང་། ད་དུང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པའི་ཁྲིམས་གསར་པ་ཞིག་ལག་ལེན་བསྟར། དབྱིན་ཇི་དང་རྒྱ་ནག་གཉིས་ཀྱིས་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་དུས་སུ་མངའ་ཁུལ་དེར་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུའི་གྲོས་མཐུན་བཞག་པར་བརྩི་མེད། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་དམ་དྲག དམངས་གཙོའི་ལམ་ལུགས་བཅས་པ་རྩ་མེད་གཏོང་གི་ཡོད་པ་དང་ཐེ་ཝན་ལ་ཉིན་ལྟར་གནམ་མཚོ་གཉིས་ནས་དཔུང་འཇུག་གི་འཇིགས་སྐུལ། ཐེ་ཝན་མི་དམངས་ས་ཡ་༢༤་ལྷག་གི་བདེ་འཇགས་ལ་ཉིན་ལྟར་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པས་ཐེ་ཝན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་དགོས་ཐུག་སྲིད་ཅེས་ཉམས་ཞིབ་པ་ཚོས་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཞིས་ཅིན་ཕིང་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་མེད་པར་བཏང་སྟེ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་ཡིད་ཆེས་བརླགས། ཧོང་ཀོང་མི་དམངས་རྣམས་རྒྱ་ནག་ལ་ཞེན་པ་ལོག ཐེ་ཝན་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དེར་འགལ་རྐྱེན་ཆེན་པོ་ཞིག་བསླངས། ཞིས་ཅིན་ཕིང་གིས་ཧོང་ཀོང་ལ་ལག་ལེན་བསྟར་པའི་སྲིད་ཇུས་དེར་གྲུབ་འབྲས་ཡག་པོ་ཞིག་གཏན་ནས་ཐོན་མ་སོང་། ཧོང་ཀོང་གི་ཉམས་མྱོང་ལ་གཞིགས་ནས་ཐེ་ཝན་རྒྱ་ནག་དམར་ཤོག་གི་དབང་སྒྱུར་འོག་ཏུ་བསྡུ་རྒྱུ་ནམ་ཡང་སྲིད་ཐབས་མེད་པ་ལྟ་བུ་ཞིག་ཏུ་འགྱུར་སོང་། དུས་རབས་སྔོན་མའི་ལོ་རབས་༨༠་བ་ནས་ཐེ་ཝན་གྱིས་རྡུལ་ཕྲན་རྫས་རྒྱུ་ཕུ་ལུ་ཊོ་ནེམ་ལས་སྣོན་བྱ་རྒྱུ་འགོ་ཚུགས། ཨ་མི་རི་ཀས་ཐེ་ཝན་ལ་ཕུ་ལུ་ཊོ་ནེམ་ལས་སྣོན་བྱས་ནས་རྡུལ་ཕྲན་མཚོན་ཆ་བཟོ་དགོས་དོན་མེད་ཅེས་ནན་བརྗོད་བྱས་ཀྱང་ཐེ་ཝན་གྱིས་ལྐོག་ཏུ་ཕུ་ལུ་ཊོ་ནེམ་ལས་སྣོན་བྱ་རྒྱུ་མཚམས་བཞག་མི་འདུག་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱས་འདུག

རྒྱལ་སྤྱིའི་རྒྱལ་སྲུང་ཉམས་ཞིབ་པ་ཨ་ལིཀ་སི་ལི་ཊིལ་ཧྥིལ་ཌེ་དང་ཨེ་ཌམ་ལོ་ཐར་གཉིས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཧོང་ཀོང་གི་དམངས་གཙོ་དང་རང་དབང་གི་ལམ་ལུགས་རྩ་མེད་བཏང་བ་དེས་ཐེ་ཝན་མི་དམངས་ལ་ངེས་ཤེས་གསར་པ་ཞིག་རྙེད་དུ་བཅུག་སོང་། དེ་ནི་ཐེ་ཝན་རྒྱ་ནག་གི་དབང་སྒྱུར་འོག་ཏུ་གཅིག་གྱུར་བྱེད་ན་ཧོང་ཀོང་ལ་ཅི་ཞིག་བྱུང་བ་རྣམས་ཐེ་ཝན་ལ་འབྱུང་རྒྱུ་ལྡོག་ཏུ་མེད་པ་ངོ་འཕྲོད་དུ་བཅུག་པ་རེད། ད་ལྟ་ཐེ་ཝན་མཚོ་གླིང་གི་མི་དམངས་གྲས་སུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་དེར་ངོ་རྒོལ་བྱེད་མཁན་བརྒྱ་ཆ་༩༠་ལྷག་ཡོད་པ་ཡ་མཚན་དགོས་པ་ཞིག་མ་རེད། ཐེ་ཝན་གྱི་སྤྱི་ཚོགས་སུ་རྡུལ་ཕྲན་མཚོན་ཆ་བཟོ་དགོས་པ་དང་རྡུལ་ཕྲན་མཚོན་ཆ་མྱུར་དུ་བཟོ་དགོས་པའི་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའང་ཡ་མཚན་དགོས་པ་མ་རེད་ཅེས་བཤད། ལོ་གཉིས་ཀྱི་གོང་དེར་ཞིས་ཅིན་ཕིང་གིས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་དེར་ཐེ་ཝན་གྱིས་མོས་མཐུན་མ་བྱས་ཚེ། རྒྱ་ནག་གིས་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་བསྒྲགས། དེ་ནས་རྒྱ་ནག་གི་གནམ་དམག་དང་མཚོ་དམག དྲྭ་ལམ་བདེ་འཇགས་དམག་དཔུང་བཅས་ཀྱིས་ཐེ་ཝན་ལ་ཕྱོགས་གང་ཐད་དུ་འཇིགས་སྐུལ་དང་ཉམས་ཚོད་ལེན་རྒྱུ་ཇེ་མང་དུ་སོང་སྟེ་ཐེ་ཝན་ལ་རྡུལ་ཕྲན་མཚོན་ཆའི་དགོས་མཁོ་ཆེ་བ་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར། ཐེ་ཝན་ལ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཕལ་ཆེ་བ་ཐལ་བའི་རྡུལ་དུ་གཏོང་ཐུབ་པའི་རྡུལ་ཕྲན་མཚོན་ཆ་ཡོད་ན་རྒྱ་ནག་གིས་དམག་བརྒྱབ་ནས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་དེར་གྱ་ཚོམ་བྱ་དགོས་པ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བསྟན།།

ཉམས་ཞིབ་པ་དེ་དག་གིས་ཨི་སི་རལ་རྒྱལ་ཁབ་ཆུང་ཆུང་དེ་ཁ་ཆེའི་རྒྱལ་ཁབ་ཁག་གི་དཀྱིལ་དེར་འཚོ་གནས་བྱེད་ཐུབ་ཀྱི་ཡོད་པ་ནི་རྡུལ་ཕྲན་མཚོན་ཆའི་བཀའ་དྲིན་རེད། ཨི་སི་རལ་ལ་རྡུལ་ཕྲན་འབར་མདེལ་༤༠༠་ལྷག་ཡོད་པ་དང་ལོ་རབས་༧༠་ནང་དུ་ཐེ་ཝན་གྱིས་ཀྱང་རང་སྲུང་མཚོན་ཆ་བཟོ་བར་ཕུ་ལུ་ཊོ་ནེམ་ལས་སྣོན་བྱ་རྒྱུ་འགོ་ཚུགས་འདུག ༡༩༧༦་ལོར་ཨ་མི་རི་ཀའི་གནོན་ཤུགས་འོག་ཏུ་ཐེ་ཝན་གྱིས་ཕུ་ལུ་ཊོ་ནེམ་ལས་སྣོན་བྱ་རྒྱུ་མཚམས་བཞག་ཀྱང་ལོ་རབས་༨༠་བར་དུ་ཐེ་ཝན་གྱིས་ལྐོག་ཏུ་རྡུལ་ཕྲན་མཚོན་ཆའི་ལས་གཞི་གཉེར་རྒྱུ་མཚམས་བཞག་མེད་ཅིང་། ཐེ་ཝན་ལ་རྡུལ་ཕྲན་མཚོ་ཆ་བཟོ་ཐུབ་པའི་ལག་རྩལ་དང་མཐུན་རྐྱེན་རྣམས་ཡོངས་སུ་ཚང་འདུག གལ་སྲིད་ཐེ་ཝན་ལ་འཕྲད་བཞིན་པའི་བཙན་འཛུལ་གྱི་ཉེན་ཁ་རྣམས་མཚམས་མ་ཆད་ན་ཐེ་ཝན་གྱི་རྡུལ་ཕྲན་མཚོན་ཆའི་རྒྱུ་ཆ་རྣམས་མཚོན་ཆའི་ངོ་བོར་མྱུར་དུ་བསྒྱུར་ཐུབ་ས་རེད། ཐེ་ཝན་ལ་མཚོ་གླིང་གི་ལྷོ་བྱང་གཉིས་སུ་རྡུལ་ཕྲན་གློག་ཁང་གཉིས་ཡོད་པ་དེ་དག་གི་ནང་དུ་ཕུ་ལུ་ཊོ་ནེམ་ལས་སྣོན་བྱེད་ཆོག དེ་མིན་ན་ཐེ་ཝན་གྱིས་ཉི་ཧོང་གི་ཁྱབ་འགྱེད་རྒྱུ་ཆ་རྣམས་བཀོལ་སྤྱོད་བྱས་ནས་རྡུལ་ཕྲན་མཚོན་ཆ་བཟོ་ཆོག་པའི་གདམ་ཀ་འདུག ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་དང་ཁོ་མོའི་རྗེས་འཛིན་པ་ཚོས་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་རྟགས་མཚན་དབེན། མ་འོངས་པའི་ཐེ་ཝན་གྱི་འགོ་ཁྲིད་ཚོས་ཀྱང་ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་མཚོ་གླིང་དེའི་རང་བཙན་དང་རང་དབང་། དམངས་གཙོའི་ལམ་བཅས་ལ་སྲུང་སྐྱོབ་བྱེད་པའམ། ཡང་ན་མཚོ་གླིང་དེའི་སྲུང་སྐྱོབ་ལ་རང་མགོ་ཐོན་པ་ཞིག་བྱ་དགོས་པར་གཡོལ་ཐབས་བྲལ། ཐེ་ཝན་གྱི་བདེ་འཇགས་ལ་ཉེན་ཁ་མེད་པ་དང་རྒྱ་ནག་གི་བཙན་འཛུལ་འགོག་ཐུབ་པའི་ཐབས་ལམ་འབའ་ཞིག་ནི་རྡུལ་ཕྲན་མཚོན་ཆ་རེད་ཅེས་བཤད།།

རྒྱལ་སྤྱིའི་བདེ་འཇགས་ཉམས་ཞིབ་པ་དེ་དག་གིས་ཐེ་ཝན་གྱིས་ཨི་སི་རལ་ལ་མིག་དཔེ་བལྟས་ནས་རྡུལ་ཕྲན་ལས་གཞི་བསྐྱར་དུ་འགོ་འཛུགས་དགོས། ཨི་སི་རལ་ལ་རྡུལ་ཕྲན་འབར་མདེལ་༨༠་ནས་༤༠༠་ཡས་མས་ཤིག་ཡོད་པའི་སྟབས་ཀྱིས་ཁ་ཆེ་རྒྱལ་ཁབ་ཁག་གིས་མཐའ་བསྐོར་ཀྱང་དགྲས་ཚུགས་དཀའ། ཕྱི་ཟླ་དང་པོའི་ཚེས་༢༠་ནས་ཇཱོ་བྷ་ཌན་གྱི་སྲིད་དབང་འཛིན་རྒྱུ་དང་རྒྱ་ནག་གིས་ཐེ་ཝན་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་པ་འགོག་ཐབས་བྱ་རྒྱུ་ནི་ཨ་མི་རི་ཀའི་སྲིད་གཞུང་གསར་པའི་ལས་དོན་གལ་ཆེན་ཞིག་ཡིན། བྷ་ཌན་དང་ཨ་རིའི་རྒྱལ་སྲུང་ལྷན་ཁང་གཉིས་ཀར་ཐེ་ཝན་ལ་རྡུལ་ཕྲན་མཚོན་ཆ་བཟོ་རུ་འཇུག་འདོད་མེད་པ་གསལ་པོ་རེད། ཨ་མི་རི་ཀས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཡུན་རིང་གི་ཞི་བདེ་བརྟན་ལྷིང་ལ་འབྲེལ་བ་འདུག བྷ་ཌན་གྱི་སྲིད་གཞུང་གིས་ཐག་གཅོད་བྱས་པའི་སྲིད་ཇུས་དེས་རྒྱ་ནག་དང་ཐེ་ཝན་གྱི་བར་དུ་དམག་འཁྲུག་ལང་སློང་བ་དང་ཐེ་ཝན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་དགོས་ཐུག་སྲིད་པ་བཅས་ལ་འབྲེལ་བ་དམ་ཟབ་ཡོད། ༢༠༡༨་ལོར་ཞིས་ཅིན་ཕིང་གིས་རྒྱ་ནག་གི་འགོ་ཁྲིད་ཚོའི་ལས་དུས་ལ་ཚད་བཀག་ཡོད་པ་མེད་པར་བཏང་སྟེ་མི་ཚེ་ཧྲིལ་པོར་སྲིད་དབང་འཛིན་རྒྱུའི་ཐག་བཅད་སོང་། འདི་ནི་ཐེ་ཝན་དང་རྒྱ་ནག འཛམ་གླིང་ཡོངས་ལ་གནས་ཚུལ་བཟང་པོ་ཞིག་མ་རེད། ཇི་སྲིད་ཞིས་ཅིན་ཕིང་གིས་རྒྱ་ནག་གི་སྲིད་དབང་བཟུང་བ་དེ་སྲིད་དུ་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་ཡིན། མཚོ་འགག་ཕྱོགས་གཉིས་བཙན་ཐབས་ཀྱིས་གཅིག་གྱུར་བྱ་རྒྱུ་ཡིན་ཟེར་བའི་སྲིད་ཇུས་འདོར་དཀའ། ཐེ་ཝན་ལ་རྡུལ་ཕྲན་མཚོན་ཆའི་མཁོ་དགོས་ཆེ་བ་མངོན་གསལ་ཇེ་དོད་རེད་ཅེས་བཤད།།

རྒྱ་ནག་ཉམས་ཞིབ་མཁས་པ་ཕིལ་སི་བྷ་རི་ཞེས་པ་ཞིག་གིས་ལོ་བརྒྱ་ཐམ་པའི་རྒྱུག་སྐྱོད་ཅེས་པའི་དཔེ་དེབ་ཅིག་བྲིས་ཤིང་། ཁོ་པའི་དཔེ་དེབ་དེར་༢༠༤༩་ལོར་རྒྱ་ནག་དམར་ཤོག་གིས་སྲིད་དབང་བཟུང་ནས་ལོ་༡༠༠་འཁོར་བའི་དུས་དྲན་སྔོན་དེར་ཧོང་ཀོང་རྒྱ་ནག་གི་ཁོངས་སུ་མཉམ་འདྲེས་བྱེད་དུ་བཅུག་ནས་ངོ་བོ་དབྱེར་མེད་དུ་བསྒྱུར་རྒྱུ། ཐེ་ཝན་ཡང་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཕྱིར་བསྡུ་བྱ་དགོས་པའི་འཆར་འགོད་བྱེད་ཀྱི་འདུག་ཅེས་བཀོད། འོ་ན་ཐེ་ཝན་ལ་རྡུལ་ཕྲན་མཚོན་ཆ་ཡོད་ན་རྒྱ་ནག་གི་བཙན་འཛུལ་འགོག་ཐུབ་རྒྱུ་ཡིན་ནམ། འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་གཞིགས་ན་ཐེ་ཝན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱས་པའི་རྗེས་སུ་རྒྱ་ནག་གིས་བཙན་འཛུལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་རྒྱུའི་སྐད་ཤུགས་ཆུང་དུ་འགྲོ་སྲིད། ཐེ་ཝན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་ཐུབ་ན་རྒྱ་ནག་གིས་ཀྱང་མཚོ་གླིང་དེར་བཙན་འཛུལ་བྱ་རྒྱུར་བསམ་བློ་བསྐྱར་དུ་གཏོང་དགོས། རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་བཟང་པོ་མེད་ཀྱང་སྲིད་འཛིན་ཚེ་དབྱིན་ཝེན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་ཁོངས་སུ་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུ་དེར་མོས་མཐུན་མེད་པ་མང་དག་ཅིག་འདུག འོན་ཀྱང་ཐེ་ཝན་འཚོ་གནས་ཐུབ་མིན་གྱི་འགག་རྩར་ཐུག་ན་རྡུལ་ཕྲན་མཚོན་ཆར་ངོ་རྒོལ་བྱེད་མཁན་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོའི་ལྟ་སྟངས་ལའང་འགྱུར་བ་ཐེབས་ཤས་ཆེ། ད་སྔ་ཨ་མི་རི་ཀས་ཀྱང་རྡུལ་ཕྲན་མཚོན་ཆ་ཡོད་པའི་རྒྱལ་ཁབ་ཅིག་ལ་ཕར་རྒོལ་བྱས་མྱོང་མེད་པས་སུ་ལ་རྡུལ་ཕྲན་མཚོན་ཆ་ཡོད་ན་དེ་ལ་རྒྱལ་ཁབ་གཞན་གྱིས་འཛེམ་ཟོན་བྱས་ནས་སྐྲག་གི་རེད། ཐེ་ཝན་ལ་རྡུལ་ཕྲན་མཚོན་ཆ་བཟོ་རུ་འཇུག་འདོད་མེད་ན་ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་སྔར་ལས་ལྷག་པའི་འགན་ལེན་བྱ་དགོས། རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་འཇིགས་སྐུལ་དང་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་འགུལ་ས་འཕག་ས་མེད་པ་ཞིག་ཏུ་སྒྱུར་གྱི་ཡོད་པར་འགྱུར་བ་གཏོང་ཐུབ་པའི་སྲིད་ཇུས་ཤིག་འཛིན་དགོས་ཞེས་ཉམས་ཞིབ་ཀྱི་རྩོམ་ཡིག་དེར་བཀོད་འདུག

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG