ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་ཁབ་ཁག་ཅིག་གིས་བསྐྱར་དུ་འགྲོ་འོང་བཀག་སྡོམ། 


༄༅།། ཡུ་རོབ་གཙོ་བོར་གྱུར་པའི་རྒྱལ་ཁབ་ཁག་ཅིག་གིས་ཌེལ་ཊ་ཞེས་འབོད་པའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་འགོག་ཐབས་སུ་བསྐྱར་དུ་འགྲོ་འོང་བཀག་སྡོམ་དང་མི་དམངས་ལ་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་ཤུགས་ཆེ་རུ་བཏང་འདུག ཕྱི་ཟླ་༧་ཚེས་༡༢་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥ་རན་སི་དང་གྷེ་རི་སི་གཉིས་འགྲོ་འོང་བཀག་སྡོམ་བསྐྱར་དུ་བྱེད་ཀྱི་ཡོད་པའི་རྒྱལ་ཁབ་ཁག་གི་ཚོགས་ཁོངས་སུ་ཞུགས། ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཚོང་ལས་སྒོ་འབྱེད། སྤྱི་དམངས་ཀྱི་བདེ་འཇགས་བཅས་ལ་འགན་ལེན་ཡོད་པའི་ཐབས་ལམ་འབའ་ཞིག་ཏུ་སྣང་། འོན་ཀྱང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་འདང་ངེས་མེད་པའམ། ཡང་ན་སྨན་ཁབ་ལ་དོགས་པ་བྱས་ནས་འགོག་ཁབ་རྒྱག་གི་མེད་པ་བཅས་ཀྱིས་སྲིད་གཞུང་ཁག་གིས་གོ་ལའི་ཁྱོན་དུ་ཁྱབ་པའི་ནད་ཡམས་འདི་སྔོན་འགོག་བྱེད་པར་ནུས་པ་ཆེན་པོ་ཞིག་མ་ཐོན། ད་ལྟ་ཡུ་རོབ་རྒྱལ་ཁབ་ཁག་མི་དམངས་ལ་བཙན་གྱིས་འགོག་ཁབ་རྒྱག་ཏུ་འཇུག་རྒྱུའི་ཕྱོགས་སུ་སྐྱོད་འགོ་ཚུགས། དབྱིན་ཇིའི་སྲིད་བློན་ཇཱོན་སན་གྱིས་ཕྱི་ཟླ་༧་པའི་ཚེས་༡༩་ནི་ནད་ཡམས་ལས་གྲོལ་བའི་རང་དབང་གི་ཉིན་མོ་ཞེས་འཛེམ་དོགས་ཀྱི་ཐབས་ཇུས་རྣམས་ཕྱིར་འཐེན་བྱེད་ཀྱི་ཡོད་ཀྱང་སི་ཀོ་ཊི་ལན་ཌི་དང་ཝེལ་སི། བྱང་ཕྱོགས་ཨར་ལན་ཌི་བཅས་ས་གནས་གསུམ་གྱིས་རང་གི་ས་གནས་སོ་སོའི་གནས་སྟངས་ལ་གཞིགས་ནས་ནད་ཡམས་སྔོན་འགོག་གི་སྲིད་ཇུས་རེ་ལག་ལེན་བསྟར། དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་སུ་མེད་པས་སྒྲིག་འཛུགས་དེའི་སྒྲིག་ཁྲིམས་རྣམས་སྲུང་དགོས་ཀྱི་མེད་པ་རེད།།

ཁ་སང་གཟའ་ཟླ་བའི་ཉིན་ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱལ་ཁབ་དེའི་སྨན་པ་དང་སྨན་ཞབས་པ་སོགས་འཕྲོད་བསྟེན་ལས་སྣེ་ཡོད་དོ་ཅོག་གིས་ཕྱི་ཟླ་༩་པའི་ཚེས་༡༥་མི་འགྱངས་པར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་དགོས། དེ་བཞིན་ཧྥ་རན་སིའི་རྒྱལ་གཅེས་མི་དམངས་ཀྱིས་ཀྱང་འགོག་ཁབ་རྒྱག་དགོས། ཧྥ་རན་སིའི་མི་དམངས་ཀྱིས་འགོག་ཁབ་མ་བརྒྱབ་པར་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་འབྱུང་རྒྱུ་ཁག་པོ་རེད་ཅེས་ནན་གྱིས་བསྐུལ། སྲིད་འཛིན་མེཀ་རོན་གྱིས་རྒྱལ་ཡོངས་བརྙན་འཕྲིན་ནང་དུ་སྐྱེ་བོ་སུ་ཞིག་ཟ་ཁང་དང་ཚོང་ཁང་། སྨན་ཁང་དུ་བསྐྱོད་དགོས་པའམ། མེ་འཁོར་དང་གནམ་གྲུའི་ནང་དུ་འགྲིམ་འགྲུལ་བྱ་དགོས་བྱུང་ཚེ། མི་དེས་ངེས་པར་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པ་དང་མི་དེར་ཉེ་དུས་ཏོག་དབྱིབས་ནད་དུག་ཕོག་ནས་དྲག་སྐྱེད་བྱུང་བ། དེ་མིན་ན་མི་དེར་ནད་རྟགས་མ་ཐོན་པའི་དཔང་ཡིག་གསར་པ་སྟོན་དགོས། ཧྥ་རན་སིར་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཁྱབ་ནས་ནད་ཡམས་བསྐྱར་ལོག་རྒྱག་གི་ཡོད་ཀྱང་མི་འབོར་བརྒྱ་ཆ་༤༠་ཡས་མས་ཤིག་གིས་མ་གཏོགས་འགོག་ཁབ་བརྒྱབ་མི་འདུག མི་དམངས་ཀྱིས་འཕྲལ་དུ་འགོག་ཁབ་རྒྱག་དགོས། ཧྥ་རན་སིའི་ས་ཁུལ་ཡོངས་ལ་སླར་ཡང་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་འདུག ཕྱི་ཟླ་༨་པའི་ནང་དུ་ཧྥ་རན་སིར་ནད་རླབས་གསར་པ་ཞིག་འཕྱུར་ནས་སྨན་ཁང་ཁག་ནད་པས་ཁེངས་ས་རེད། དཀའ་ངལ་དེ་ལྡོག་ཐབས་ནི་ཧ་ཅང་གི་སྟབས་བདེ་ཞིག་རེད། མི་དམངས་ཀྱིས་འགོག་ཁབ་རྒྱག་དགོས་ཞེས་གཏམ་བཤད་བྱས་པ་དང་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་སྤེལ་ནས་ཧྥ་རན་སིའི་མི་དམངས་ལ་འགོག་ཁབ་རྒྱག་དགོས་ཞེས་བསྐྱར་དུ་འབོད་སྐུལ་ཞུས་འདུག

མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་རྒྱལ་ཁབ་གྷེ་རི་སིའི་གཞུང་གིས་ཀྱང་རྒྱལ་ཁབ་དེའི་སྨན་པ་དང་སྨན་ཞབས་པ། རྒན་གསོ་ཁང་གི་ལས་བྱེད་པ་ཚོས་ངེས་པར་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་དགོས་པའི་ཁྲིམས་ཤིག་ལག་ལེན་བསྟར་གྱི་ཡོད་ཅིང་། རྒྱལ་ཁབ་དེའི་སྲིད་བློན་གྱིས་གྷེ་རི་སིར་མི་འབོར་ས་ཡ་༡༠་དང་འབུམ་༧་ཡོད་ཀྱང་སྨན་ཐུན་གཉིས་ཀའི་འགོག་ཁབ་བརྒྱབ་ཟིན་པའི་མི་གྲངས་ས་ཡ་༤་དང་འབུམ་༣་ལས་མི་འདུག མི་ཁག་ཅིག་གིས་འགོག་ཁབ་ལ་དོགས་ཟོན་བྱེད་ཀྱི་ཡོད་པ་དེ་ལ་བརྟེན་ནས་སླར་ཡང་ནད་ཡམས་ཁྱབ་དུ་བཅུག་སྟེ་རྒྱལ་ཁབ་ཀྱི་བྱེད་སྒོ་མཐའ་དག་སྒོ་རྒྱག་ཏུ་འཇུག་མི་ཐུབ་ཅེས་བསྒྲགས། སི་པེན་གྱི་ཡུལ་སྐོར་སྤྲོ་འཆམ་ས་ཁུལ་ཁེ་ཊ་ལོ་ཎི་ཡ་དང་ཝྭ་ལཱན་སི་ཡ་གཉིས་ཀྱིས་ཀྱང་ནད་འགོག་གི་སྒྲིག་ཁྲིམས་གསར་པ་ཁག་ཅིག་ལག་ལེན་བསྟར་རྒྱུ། ཁེ་ཊི་ལོ་ཎི་ཡའི་འཕྲོད་བསྟེན་དྲུང་ཆེས་ནད་དུག་འགོ་ཁྱབ་ཀྱི་གཞི་གྲངས་ནི་བློ་འཚབ་བྱེད་དགོས་པ་དང་ཧ་ཅང་གི་ཚབས་ཆེན་ཞིག་རེད་ཅེས་བཤད། དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨི་སི་རལ་གྱི་མི་འབོར་བརྒྱ་ཆ་༦༠་ལྷག་ལ་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་གཉིས་ཀ་བརྒྱབ། བདུན་ཕྲག་འདི་ནས་ཨི་སི་རལ་གྱིས་གཞུང་གིས་རྒན་རྒོན་དང་ནད་པ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གསུམ་པ་ཞིག་རྒྱག་གི་ཡོད་པར་མ་ཟད། ཨ་རིའི་གཞུང་གིས་ཀྱང་སྨན་ཁབ་གཉིས་ཀ་བརྒྱབ་ཟིན་པ་ཚོར་སླར་ཡང་སྨན་ཁབ་གསུམ་པ་ཞིག་རྒྱག་དགོས་ཐུག་སྲིད་པའི་གླེང་སློང་བྱ་རྒྱུ་མགོ་བརྩམས། ད་སྔ་ཡུ་རོབ་རྒྱལ་ཁབ་ཁག་གིས་མི་དམངས་ལ་འགོག་ཁབ་རྒྱག་དགོས་པའི་བཙན་བཀའ་གཏོང་གི་མེད་ཀྱང་རྒན་གསོ་ཁང་དང་འགོག་ཁབ་མ་བརྒྱབ་པའི་ན་གཞོན་ཚོར་ནད་དུག་འགོས་ནས་འཆི་སྐྱོན་འབྱུང་གི་ཡོད་པས་འགོག་ཁབ་རྒྱག་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཤེས་ཡོན་ཐེབས་རྩ་ཁང་དང་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་རིག་གནས་སྡེ་ཚན་གཉིས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཁབ་༡༩་ཡི་སློབ་གྲྭ་ཁག་སྒོ་བརྒྱབ་སྟེ་སློབ་ཕྲུག་དུང་ཕྱུར་༡་དང་བྱེ་བ་༦་ཡས་མས་ཤིག་ཏོག་དབྱིབས་ནད་དུག་གི་གོད་ཆག་འོག་ཏུ་ཤེས་ཡོན་སློབ་གསོ་མ་ཐོབ་པའི་མི་རབས་ཤིག་ལ་འགྱུར་སྲིད་པའི་ཉེན་ཁ་ཆེན་པོ་འདུག ཏོག་དབྱིབས་ནད་དུག་ཁྱབ་གདལ་སོང་བའི་སྟབས་ཀྱིས་འཛམ་གླིང་ཡོངས་སུ་བཀྲེས་ལྟོགས་མྱོང་བའི་མི་གྲངས་བརྒྱ་ཆ་༡༨་འཕར་སྣོན་སོང་འདུག་ཅེས་གནས་ཚུལ་སྤེལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འབྱོར་ལྡན་རྒྱལ་ཁབ་ཁག་གི་འདོད་རྔམ་དང་གཞན་ལ་བསམ་བློ་གཏོང་གི་མེད་པས་རྒྱལ་ཁབ་མང་དག་ཅིག་ལ་འགོག་ཁབ་རེག་གི་མི་འདུག རང་རང་གི་རྒྱལ་ཁབ་ལ་སྨན་ཁབ་འཐོབ་རྒྱུ་གཙིགས་སུ་བཟུང་སྟེ་སྤྱི་ཡོངས་ལ་བསམ་བློ་གཏོང་གི་མེད་པ་འདིས་འཛམ་གླིང་ཡོངས་ཁྱབ་ཀྱི་ནད་ཡམས་འདི་མེད་པར་འགྱུར་གྱི་མེད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་བྱེ་བྲག་པ་རེ་དངོས་སུ་མིང་འབོད་བྱས་ནས་སྐྱོན་བརྗོད་བྱེད་ཀྱི་མེད་ཀྱང་ཨི་སི་རལ་གྱིས་རང་གི་མི་དམངས་ལ་ཧྥེ་ཛར་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་རྩེ་ཕུད་གཉིས་སྨན་ཐུན་གསུམ་པ་རེ་རྒྱག་གི་ཡོད་པ། ཨིན་རྡུ་ནེ་ཤི་ཡ་དང་ཐེ་ལན་ཌི། ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ། བྷ་རེན་དང་ཏུར་ཀི་བཅས་ཀྱིས་རྒྱ་ནག་ནས་ཐོན་པའི་སྨན་ཁབ་བརྒྱབ་ཀྱང་ཕན་ཐོགས་འབྱུང་གི་མེད་པས་རྒྱལ་ཁབ་དེ་ཚོས་ཧྥེ་ཛར་དང་མོ་ཌེར་ན། དབྱིན་ཇིས་བཟོས་པའི་འགོག་ཁབ་རྣམས་སྨན་ཐུན་གསུམ་རེ་རྒྱག་གི་ཡོད་པ་ནི་འོས་འཚམས་ཤིག་མ་རེད། རྒྱལ་ཁབ་མང་དག་ཅིག་ལ་སྨན་ཁབ་གཅིག་ཀྱང་རག་མེད་པ་རེད་ཅེས་བསྟན།།

ཕྱི་ཟླ་༧་པའི་ཚེས་༡༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་རྒྱལ་ཁབ་ཁག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཚང་མར་ཁས་ལེན་བྱེད་ཀྱི་མེད་པ་སྟེ། ཨ་ཧྥི་རི་ཀའི་རྒྱལ་ཁབ་ནེ་ཇཱི་རི་ཡའི་སྨན་པ་ནན་སོ་ཧྥོར་དང་ཆུང་མ་གཉིས་ཀས་རྒྱ་གར་གྱི་ས་ཐོག་ཏུ་བཟོས་པའི་དབྱིན་ཇིའི་སྨན་ཁབ་དེ་བརྒྱབ། ཁོ་ཚོ་ལོ་འདིའི་དབྱར་ཀར་ཡུ་རོབ་རྒྱལ་ཁབ་ཁག་ལ་འགྲིམ་འགྲུལ་བྱེད་དུ་བསྐྱོད་ཆོག་བསམས་ཀྱང་དེ་ལྟར་མིན་ཞིང་། ཡུ་རོབ་མཉམ་འབྲེལ་གྱིས་ཨ་རི་དང་འཇར་མན་ཎི་གཉིས་ཀྱིས་མཉམ་དུ་བཟོས་པའི་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་དང་ཨ་རིའི་མོ་ཌེར་ན། ཇཱོན་སན་དང་ཇཱོན་སན། དབྱིན་ཡུལ་དུ་བཟོས་པའི་དབྱིན་ཇིའི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་ཁབ་རིགས་བཞི་མ་གཏོགས་རྒྱ་གར་གྱི་ས་ཐོག་ཏུ་བཟོས་པའི་དབྱིན་ཇིའི་སྨན་ཁབ་དང་རྒྱ་གར་རང་གིས་བཟོས་པའི་སྨན་ཁབ། རྒྱ་ནག་གི་སྨན་ཁབ་གཉིས་དང་ཨུ་རུ་སུའི་སྨན་ཁབ་བརྒྱབ་པ་རྣམས་ཡུ་རོབ་རྒྱལ་ཁབ་ཁག་ལ་ཡོང་དུ་འཇུག་གི་མེད་པའི་གནས་ཚུལ་ཐོན། བྷེལ་ཇམ་དང་འཇར་མན་ཎི། སུད་ཛར་ལན་ཌི་སོགས་རྒྱལ་ཁབ་ཁག་ཅིག་གིས་ཡུ་རོབ་མཉམ་འབྲེལ་གྱིས་ཆོག་མཆན་བཀོད་པའི་སྨན་ཁབ་མིན་པ་བརྒྱབ་པ་རྣམས་ཡོང་དུ་འཇུག་གི་ཡོད་ཀྱང་ཧྥ་རན་སི་དང་ཨི་ཊ་ལི་སོགས་རྒྱལ་ཁབ་ཁག་ཅིག་གིས་ཡུ་རོབ་མཉམ་འབྲེལ་གྱིས་ཆོག་མཆན་བཀོད་པའི་སྨན་ཁབ་མིན་པ་བརྒྱབ་པ་རྣམས་ཡོང་དུ་འཇུག་མེད་པས་རྒྱ་གར་དང་རྒྱ་ནག ཨུ་རུ་སུ་བཅས་ཀྱིས་འགོག་ཁབ་ལ་དབྱེ་འབྱེད་བྱེད་ཀྱི་ཡོད་ཀྱི་འདུག་ཅེས་ངོ་རྒོལ་བྱུང་། ཡུ་རོབ་མཉམ་འབྲེལ་གྱི་མཁས་པ་ཁག་ཅིག་གིས་ཀྱང་སྨན་ཁབ་ལ་དབྱེ་འབྱེད་ཀྱི་ཡོད་པ་ནི་ཚན་རིག་ལ་མཐུན་པ་ཞིག་མ་རེད། རྒྱ་གར་དུ་བཟོས་པའི་དབྱིན་ཇིའི་འགོག་ཁབ་དང་རྒྱ་ནག་གི་འགོག་ཁབ། ཨུ་རུ་སུའི་འགོག་ཁབ་རྣམས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཆོག་མཆན་བཀོད་པའི་སྨན་ཁབ་རེད་ཅེས་རྒྱུ་མཚན་བགྲངས་ནས་སྨན་ཁབ་ལ་དབྱེ་འབྱེད་བྱེད་ཀྱི་ཡོད་པར་ངོ་རྒོལ་བྱས་འདུག

XS
SM
MD
LG