༄༅།། ད་ལྟ་བོད་ཀྱི་ས་ཁུལ་ཁག་ལ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་གིས་བསླངས་པའི་གློ་ཚད་གསར་པའི་རིམས་ནད་ཁྱབ་ཀྱི་ཡོད་པ་སྟེ། ད་ལྟའི་ཆར་བོད་ས་ཁག་གི་ཉེན་ཚབས་ཆེ་ཤོས་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡིན་ཞིང་། དཀར་མཛེས་ཁུལ་དུ་རིམས་ནད་འདི་ཕོག་ཟིན་པའི་མི་༦་བྱུང་ཡོད་ཅེས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་གསར་འགྱུར་ལས་ཁང་གིས་གསལ་བསྒྲགས་སྤེལ་འདུག དཔེར་ན་དར་རྩེ་མདོར་མི་༢་དང་རྟའུ་རྫོང་དུ་མི་གཉིས། གསེར་རྟ་རྫོང་དུ་མི་གཅིག་དང་འདབ་པ་རྫོང་དུ་མི་༡་བཅས་ཁྱོན་བསྡོམས་མི་༦་ལ་རིམས་ནད་དེ་ཕོག་འདུག
གཞན་ཡང་བོད་ཀྱི་རྒྱལ་ས་ལྷ་སར་རིམས་ནད་དེ་ཕོག་མཁན་མི་༡་བྱུང་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་བོད་ཀྱི་ས་ཁུལ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་རིམས་ནད་ཕོག་མཁན་མི་༡་དང་བོད་པ་༡༠༠༠༠༠་ལྷག་གནས་སྡོད་བྱ་ཡུལ་མནའ་མཁར་ཟི་ལིང་གྲོང་ཁྱེར་དུ་མི་༡༢་ལ་རིམས་ནད་དེ་འགོས་འདུག་ཅེས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གསལ་བསྒྲགས་སྤེལ་འདུག དེ་མིན་ཀན་སུའུ་ཞིང་ཆེན་ཁོངས་སུ་བགོས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཙོས་གྲོང་ཁྱེར་དུ་རིམས་ནད་དེ་ཕོག་མཁན་གྱི་མི་༡་བྱུང་ཡོད་ཅེས་ཀན་ལྷོ་ཁུལ་སྲིད་གཞུང་གིས་གསལ་བསྒྲགས་བྱས་འདུག གོང་གི་བོད་ས་ཁག་ཏུ་བྱུང་བའི་ནད་པའི་གྲས་ཀྱི་མི་མང་ཆེ་བ་ཞིག་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནས་ཡོང་མཁན་རྒྱ་མི་རྣམས་ཡིན་ཞིང་། ནད་པ་ཚོའི་རྒྱ་ཡིག་གི་མིང་འབྲི་སྟངས་ལ་བལྟས་ན་དེ་དག་གི་གྲས་སུ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་གནས་སྡོད་བྱས་མྱོང་མཁན་གྱི་བོད་པ་རེ་ཟུང་ཡང་ཡོད་པ་ཚོད་དཔག་བྱེད་ཐུབ།
ཉེ་ཆར་རིམས་ནད་ཕོག་མཁན་གྱི་མི་རྣམས་བསྡད་མྱོང་བའི་མེ་འཁོར་གྱི་ཨང་གྲངས་དང་འཁོར་སྒམ་གྱི་ཨང་གྲངས། དེ་བཞིན་སྤྱི་འཁོར་དང་གླ་འཁོར་གྱི་ཨང་གྲངས། མགྲོན་ཁང་སོགས་ཀྱི་ས་གནས་གསལ་བསྒྲགས་བྱས་ནས་མི་དེ་དག་གི་མཉམ་དུ་འགྲོ་འདུག་བྱས་མྱོང་མཁན་ཡོངས་ལ་བརྟག་དཔྱད་ཞིབ་འཇུག་ནན་པོ་བྱེད་བཞིན་འདུག ད་དུང་བོད་སའི་གྲོང་ཚོ་རེ་རེའི་ལམ་མདོ་ཁག་ཏུ་བརྟག་དཔྱད་ས་ཚུགས་བཙུགས་ནས་ཕར་འགྲོ་ཚུར་འོང་གི་མི་རྣམས་ལ་བརྟག་དཔྱད་ནན་པོ་བྱེད་བཞིན་འདུག ཆམ་ནད་ཕོག་མཁན་སོགས་ཏོག་དབྱིབས་ནད་དུག་གི་ནད་རྟགས་དང་ཆ་འདྲ་བ་བྱུང་མཁན་གྱི་ནད་པ་ཁག་ཅིག་ས་གནས་སྨན་ཁང་ཁག་གི་ནང་དུ་ལོགས་སུ་བཀར་ནས་ཁྱིམ་ཚང་གི་བཟའ་མི་ཚོར་འབྲེལ་འདྲིས་བྱེད་དུ་འཇུག་གི་མེད་པས་ཆམ་ནད་བྱུང་མཁན་མང་པོ་ཞིག་སྨན་པར་བསྟེན་རྒྱུར་འཛེམ་དོགས་བྱས་ནས་དཀའ་ངལ་འཕར་མ་ཞིག་ལ་འཕྲད་འདུག
ད་ལྟ་སྐད་འཕྲིན་དང་པོད་འཕྲིན་སོགས་དྲྭ་རྒྱའི་བརྒྱུད་ལམ་ཁག་ཏུ་བོད་པ་དང་བླངས་པ་སྐྱ་སེར་གཉིས་ཀས་རིམས་ནད་འདི་འགོག་སྲུང་བྱེད་ཕྱོགས་ཀྱི་གཏམ་བཤད་དང་པར་རིས་འགྲེམ་པ། རྩོམ་ཡིག་འབྲི་བ་སོགས་ཀྱི་ལམ་ནས་མི་དམངས་ལ་གོ་རྟོགས་སྤེལ། བོད་ཀྱི་ཨེ་འགོག་རང་འདུན་པ་ཆོས་དཔལ་བཟང་པོས་ཨེ་འགོག་འཕྲིན་སྟེགས་བརྒྱུད་ནས་གློ་ཚད་གསར་པའི་རིམས་ནད་འདི་འགོག་སྲུང་ཐད་ཀྱི་ཤེས་བྱ་ཡིག་སྒྱུར་བྱས་ཡོད་པར་ཀློག་མཁན་མི་གྲངས་༡༠༠༠༠༠་ལྷག་བྱུང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཀྱང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱ་དགོས་པའི་ཤེས་བྱ་ཞེས་པའི་དཔེ་དེབ་ཤོག་གྲངས་༥༠་ལྷག་ཅན་ཞིག་དྲྭ་ལམ་དུ་རིན་མེད་ཀྱིས་བཀྲམ་ཡོད་པ་བཅས་བོད་སྐད་བོད་ཡིག་གི་ལམ་ནས་ཀྱང་རིམས་ནད་འདི་ཁྱབ་གདལ་གྱི་གནས་ཚུལ་གསར་པ་ཁྱབ་སྤེལ་བྱེད་བཞིན་པར་མ་ཟད། དེ་ལ་སྔོན་འགོག་དང་སྨན་བཅོས་བྱེད་ཐབས་བཅས་ཀྱི་གོ་རྟོགས་སྤེལ། བོད་པ་དང་བླངས་པ་ཁ་ཤས་ཀྱིས་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཁ་རས་བཙོང་རྒྱུ་མེད་པའི་དཀའ་ངལ་ལ་དམིགས་ནས་བོད་སྐད་ཀྱི་ལམ་ནས་དྲྭ་ཐོག་ཏུ་ནད་འགོག་ཁ་རས་བཟོ་སྟངས་སློབ་ཁྲིད། མགོ་ལོག་དཔལ་ཡུལ་དར་ཐང་དགོན་པས་ཆེད་མཁས་པའི་མཛུབ་སྟོན་འོག་ཏུ་ཁ་རས་མང་པོ་འཚེམ་བཟོ་བྱེད་བཞིན་པ་བཅས་ཀྱི་གནས་ཚུལ་རྣམས་དྲྭ་རྒྱུའི་བརྒྱུད་ལམ་ཁག་ཏུ་སྤེལ་འདུག