ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཏོག་དབྱིབས་རིམས་ནད་ཨ་རི་སོགས་རྒྱལ་ཁབ་༦༦་ལ་ཁྱབ།


༄༅།། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་ཨ་མི་རི་ཀའི་མངའ་སྡེ་༡༠་ལ་ཁྱབ་སྟེ་མི་༢་ལ་འཆི་སྐྱོན་བྱུང་། ཕྱི་ཟླ་༣་པའི་ཚེས་༢་ཀྱི་མཚམས་སུ་ཨ་མི་རི་ཀར་ཁྱོན་བསྡོམས་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༨༩་འདུག ནད་པ་༤༤་ལ་ཉི་ཧོང་གི་མཚོ་ཁར་འགགས་པའི་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་ཤིག་གི་ནང་དུ་ཏོག་དབྱིབས་རིམས་ནད་འགོས་པ་དང་མི་༣་ལ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར། མི་༤༢་ལ་ཨ་རིའི་ས་ཐོག་ཏུ་རིམས་ནད་འགོས། མི་༡༩་ལ་འགྲིམ་འགྲུལ་བྱས་ནས་རིམས་ནད་འགོས་པ་དང་མི་༡༩་ལ་མི་ནས་མི་བརྒྱུད་དེ་རིམས་ནད་བགོས། མི་༤་ལ་ཏོག་དབྱིབས་རིམས་ནད་ཇི་ལྟར་འགོས་པ་ཤེས་རྟོགས་ཐུབ་ཀྱི་མེད་ཅིང་། ད་སྔ་ཏོག་དབྱིབས་རིམས་ནད་ཁྱབ་སའི་ཨ་རིའི་མངའ་སྡེ་ཁག་ནི་ཁེ་ལི་ཧྥོར་ཎི་ཡ་དང་ཝ་ཤིང་ཊོན་མངའ་སྡེ། ཨི་ལི་ནོ་ཡི་སི་དང་ཧྥུ་ལོ་རི་ཌ། ཨོ་རི་གྷན་དང་རོ་ཌི་ཨར་ལན་ཌི། ཨ་རི་ཛོ་ན་དང་མེ་སེ་ཆུ་སེ་ཊི་སི། ནེའུ་ཡོཀ་དང་ཝི་སི་ཀོན་སིན་བཅས་ཡིན། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་བ་ཚོར་འཇིགས་སྣང་དང་སེམས་འཚབ་ལངས་དགོས་དོན་མེད། ང་ཚོས་རིམས་ནད་འདིར་སྔོན་འགོག་གི་གྲ་སྒྲིག་ཆ་ཚང་བྱས་ཡོད། སྲིད་འཛིན་གཞོན་པས་རིམས་ནད་སྔོན་འགོག་གི་གཙོ་འགན་བཞེས་ཡོད་ཅེས་བཤད་ཀྱང་ཉམས་ཞིབ་པ་མང་པོ་ཞིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཏོག་དབྱིབས་རིམས་ནད་དེའི་ཉེན་ཚབས་ངོས་ཟིན་མི་འདུག ཨ་མི་རི་ཀར་ཕྱོགས་ཡོངས་ནས་རིམས་ནད་ཁྱབ་ན་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་ལ་སྔོན་འགོག་གི་གྲ་སྒྲིག་དང་འཆར་གཞི་སོགས་ཅི་ཡང་མི་འདུག་ཅེས་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་སོང་འདུག

ཕྱི་ཟླ་༣་པའི་ཚེས་༢་ཉིན་རྒྱ་ནག་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཉི་མ་གཅིག་ལ་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༢༠༢་བྱུང་བ་དང་མི་༤༢་འཆི་སྐྱོན་བྱུང་སོང་། ད་ལྟ་ནད་པ་མང་པོ་ཞིག་དྲག་སྐྱེད་འབྱུང་གི་ཡོད་པས་ཝུ་ཧན་གྲོང་ཁྱེར་དུ་ཛ་དྲག་གིས་བརྒྱབ་པའི་སྨན་ཁང་ཁག་ཅིག་སྒོ་རྒྱ་གི་ཡོད་ཅེས་བསྒྲགས། འོན་ཀྱང་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་རྒྱལ་ཁབ་༦༦་ལ་ཁྱབ་ནས་འཛམ་གླིང་ཡོངས་སུ་མི་༣༠༠༠་ལྷག་ལ་འཆི་སྐྱོན་དང་མི་༨༨༤༠༠་ལ་འགོས་ནད་ཕོག་ཡོད་པ་སྟེ། ལྷོ་ཀོ་རི་ཡ་གཅིག་པུར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༤༢༡༢་ཡོད་པ་དང་མི་༢༦་ལ་འཆི་སྐྱོན། རྒྱལ་ཁབ་དེའི་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་བརྒྱ་ཆ་༥༧་ལྷག་ལ་ཏཱེ་གུ་གྲོང་ཁྱེར་གྱི་ཡེ་ཤུའི་ལྷ་ཁང་ཞིག་ཏུ་བགོས། དེར་བརྟེན་ལྷོ་ཀོ་རི་ཡའི་གཞུང་གིས་ཡེ་ཤུའི་ཆོས་ཚོགས་དེའི་འགོ་ཁྲིད་ལི་མཱན་ཧི་གཙོས་མི་༡༢་ལ་རྒྱལ་ཁབ་དེའི་འགོས་ནད་བཀག་སྡོམ་གྱི་བཅའ་ཁྲིམས་ལྟར་མི་ལ་འགོས་ནད་བགོས་པ་དང་མི་བསད་པའི་ནག་བཙུགས་ནས་ཁྲིམས་ལ་སྦྱོར་གྱི་ཡོད་འདུག

ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༡༦༩༤་ཡོད་པ་དང་མི་༣༤་ལ་འཆི་སྐྱོན། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཁག་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན་རྣམས་བཀག་སྟེ་ཟ་ཁང་སོགས་སྟོང་པར་གྱུར། མི་ཚོས་ཁ་རས་བརྒྱབ་ནས་རིམས་ནད་སྔོན་འགོག་བྱེད་ཀྱི་ཡོད་པ་དང་ས་གནས་སོ་སོའི་གྲོང་ཁྱེར་གཞུང་གི་མི་༡༠༠༠༠༠་ལྷག་ལོགས་སུ་བཀར་བརྟག་དཔྱད་བྱ་རྒྱུ་འགོ་ཚུགས། ཨི་ཊི་ལིའི་ཏོག་དབྱིབས་རིམས་ནད་ཁྱབ་ཡུལ་གྲོང་རྡལ་ཁག་དང་རྒྱ་ནག་གི་འཁེལ་འཐག་བཟོ་གྲྭ་ཁག་ལ་ཚོང་འབྲེལ་དམ་ཟབ་ཡོད་པས་རྒྱ་ནག་གི་ཚོང་པ་ཚོས་ཝུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་རིམས་ནད་ཨི་ཊི་ལིར་ཁྱབ་ཏུ་བཅུག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཨི་ཊི་ལིའི་གྲོང་ཁྱེར་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་པ་མེད་པར་ཁྱིམ་ཚང་ཁག་ཏུ་ཏོག་དབྱིབས་རིམས་ནད་འདི་ཆམ་རིམ་ཚབས་ཆེན་ཞིག་ཡིན་ནམ། དེ་ལས་ལྷག་པའི་ཚབས་ཆེའི་འགོས་ནད་ཅིག་ཡིན་མིན་ཤེས་རྟོགས་མ་ཐུབ་པར་མགོ་བོ་རྨོངས་འདུག

གཟའ་ཟླ་བའི་ཕྱི་དྲོར་ཨི་རན་གཞུང་གིས་རྒྱལ་ཁབ་དེར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པའི་གྲངས་འབོར་༡༥༠༠་ལྷག་བརྒལ་སོང་། མི་༦༦་ལ་འགོས་ནད་དེའི་རྐྱེན་གྱིས་འཆི་སྐྱོན་བྱུང་སོང་ཞེས་བསྒྲགས། ཡིན་ནའང་སྔ་ཉིན་དེར་བྷི་བྷི་སི་གསར་འགྱུར་ལས་ཁང་གི་ཏ་ཟིག་སྡེ་ཚན་གྱིས་ཨི་རན་རྒྱལ་ཡོངས་སུ་ཉུང་མཐར་ཡང་མི་༢༡༠་ལ་ཏོག་དབྱིབས་རིམས་ནད་ཕོག་ནས་འཆི་སྐྱོན་བྱུང་འདུག་ཅེས་གནས་ཚུལ་སྤེལ། ཏོག་དབྱིབས་རིམས་ཀྱིས་འཆི་སྐྱོན་བྱུང་བ་དེ་དག་གི་གྲས་སུ་ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིའི་སློབ་སྟོན་པ་གཙོ་བོ་དང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་དུ་བཅའ་སྡོད་ཨི་རན་གྱི་རྒྱུན་བཞུགས་སྐུ་ཚབ་གཉིས་ཚུད་ཡོད་པར་མ་ཟད། འགོས་ནད་ཕོག་པའི་ནད་པའི་གྲས་སུ་ཨི་རན་གྱི་སྲིད་འཛིན་གཞོན་པ་དང་འཕྲོད་བསྟོད་བློན་ཆེན་གཞོན་པ། གྲོས་ཚོགས་འཐུས་མི་དང་གནད་ཡོད་ཀྱི་ཆོས་ལུགས་པ་སོགས་ཚུད་ཡོད་པས་ཉམས་ཞིབ་པ་ཕལ་མོ་ཆེས་ཨི་རན་གཞུང་གིས་མི་ལ་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་ཞིག་ཕྱིར་བསྒྲགས་བྱས་པ་གྲངས་འབོར་ངོ་མ་མིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

འདི་ཙམ་ན་རྒྱ་གར་ལ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༢་བྱུང་ཡོད་པ་དང་ཁྱོན་བསྡོམས་རྒྱ་གར་རྒྱལ་ཡོངས་སུ་ནད་པ་༥་འདུག ནད་པ་གསར་པ་༡་རྒྱལ་ས་ལྡི་ལི་དང་ནད་པ་གཞན་པ་དེ་ནི་ཏཱེ་ལན་གྷ་ན་ས་གནས་སུ་ཡོད་ཅེས་ཁྱབ་བསྒྲགས་བྱས་ཤིང་། ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༡༥༠་ཡོད་ཀྱང་མི་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་མ་ཐོན། ཧྥ་རན་སིར་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་༡༣༠་ཡོད་པ་དང་མི་༢་ལ་འཆི་སྐྱོན། ད་ལྟ་ཧྥ་རན་སིའི་གཞུང་གིས་རྒྱལ་ས་ཕེ་རི་སིའི་ལུ་ཝྭང་རི་མོའི་འགྲེམ་སྟོན་ཁང་ཆེན་མོ་རེ་ཞིག་སྒོ་རྒྱག་རྒྱུའི་ཐག་བཅད། དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁུ་ཝེ་ཐེ་ལ་ཏོག་དབྱིབས་རིམས་ནད་བྱུང་བའི་ནད་པ་༡༠་མང་དུ་སོང་། ད་ལྟ་རྒྱལ་ཁབ་དེར་ཁྱོན་བསྡོམས་ནད་པ་༥༦་ཡོད་པ་ཚང་མ་ཨི་རན་ལ་འགྲིམ་འགྲུལ་བྱས་ནས་འགོས་པ་ཞིག་རེད་ཅེས་བཤད།

ད་དུང་འཁྱག་གླིང་རྒྱལ་ཁབ་ལ་ཏོག་དབྱིབས་རིམས་འགོས་པའི་ནད་པ་གཅིག ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་དང་ཨོ་གླིང་རྒྱལ་ཁབ་གཉིས་ལ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༤་རེ་མང་དུ་སོང་། ཨིན་རྡུ་ནེ་ཤི་ཡ་དང་ཨི་རཀ ཐེ་ཝན་དང་ཐེ་ལན་ཌི། ཁེ་ན་ཌ་དང་མེཀ་སི་ཀོ བྷར་ཛིལ་བཅས་ལའང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་ཡོད་འདུག དེ་རིང་དབྱིན་ཇིའི་གཞུང་གིས་ཏོག་དབྱིབས་རིམས་ནད་བཀག་སྡོམ་ཇི་ལྟར་བྱ་དགོས་མིན་གྱི་ཛ་དྲག་གི་ཚོགས་འདུ་འཚོགས་རྒྱུ་དང་ཚོགས་འདུ་དེར་སྲིད་བློན་བྷོ་རི་སི་ཇཱོན་སན་གྱིས་གཙོ་སྐྱོང་བྱ་རྒྱུ། ཉི་ཧོང་དང་རྒྱ་ནག་གི་ཧྲང་ཧེ། ཨི་ཊི་ལིའི་མཱི་ལན་དང་ཨ་རིའི་ནེའུ་ཡོཀ་བཅས་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་བཞི་ལ་དཔེ་གསར་གྱོན་གོས་འགྲེམ་སྟོན་འཚོགས་འཆར་ཡོད་པ་རྣམས་ཕྱིར་འཐེན་བྱས་ཤིང་། ཐེ་ལན་ཌི་དང་ཁ་ཊར་རྒྱལ་ཁབ་གཉིས་ཀྱིས་ཏོག་དབྱིབས་རིམས་ནད་ལ་འཛེམ་ཟོན་བྱས་ནས་འཕྲུལ་རྟ་རྒྱུག་རེས་ཀྱི་འགྲན་སྡུར་ཚུགས་འཆར་ཡོད་པའང་ཕྱིར་འཐེན་བྱས་འདུག

རྒྱ་ནག་གི་སྨན་པ་ལི་ཝེན་ལེང་གིས་ཝུ་ཧན་གྲོང་ཁྱེར་ལ་རིམས་ནད་ཅིག་ཁྱབ་ཀྱི་འདུག་ཅེས་བསྒྲགས་ཀྱང་རྒྱ་ནག་གཞུང་གིས་སྨན་པ་ལིས་དཀྲོག་གཏམ་སྒྲོགས་ཀྱི་འདུག་ཅེས་ནག་ཉེས་བཙུགས་ནས་ཁ་བཀག མཐར་སྨན་པ་ལི་ལ་འགོས་ནད་ཕོག་ནས་འདས་གྲོངས་སུ་གྱུར། སྤྱིར་དཀྲོག་གཏམ་ཞེས་པ་ནི་ཁུངས་ལྡན་མེད་པའམ། ཡང་ན་བྱུང་རྒྱལ་དུ་བཤད་པ་ཞིག་ལ་གོ་དགོས། ཡིན་ནའང་རྒྱ་ནག་ལ་དཀྲོག་གཏམ་ཟེར་པ་དེར་གོ་དོན་གསར་པ་ཞིག་ཡོད་པ་སྟེ། དེང་སྐབས་རྒྱ་ནག་མི་དམངས་ཀྱིས་དཀྲོག་གཏམ་ཟེར་པའི་ཐ་སྙད་དེ་གོ་ཐོས་བྱུང་ན་སྲིད་གཞུང་གིས་ངོས་ལེན་བྱ་རྒྱུ་སྟབས་བདེ་མེད་པའི་བདེན་གཏམ་ཞིག་ལ་གོ་བ་ལེན་གྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་བདེན་གཏམ་ལ་དཀྲོག་གཏམ་ཞེས་མཚན་ཉིད་གསར་པ་ཞིག་བཞག་ནས་སྨན་པ་ལིའི་ཁ་བཀག་པའི་སྟབས་ཀྱིས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཀྱི་ལེགས་སྐྱེས་ཤིག་ཕུལ་བ་རེད་ཅེས་རྒྱ་ནག་གི་ཤེས་ཡོན་ཅན་དང་རྩོམ་པ་པོ། མི་དམངས་དཀྱུས་མའི་གྲས་སུ་རྒྱ་ནག་གི་གཞུང་གིས་གསར་འགྱུར་གྱི་ནང་དོན་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པར་སྡང་ཟུག་བྱ་རྒྱུ་ཤུགས་ཆེ་རུ་སོང་འདུག

XS
SM
MD
LG