ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཏོག་དབྱིབས་རིམས་ནད་རྒྱལ་ཁབ་༥༣་ལ་ཁྱབ་འདུག


༄༅།། སྔ་ལོའི་ཕྱི་ཟླ་༡༢་པ་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ཏོག་དབྱིབས་རིམས་ནད་ཅིག་ཁྱབ་ནས་བཟུང་། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་ཀྱིས་བསླངས་པའི་གློ་ཚད་གསར་པས་མི་༢༨༠༠་ལྷག་ལ་འཆི་སྐྱོན་དང་མི་༨༣༠༠༠་ལྷག་ལ་རིམས་ནད་འགོས། ད་ལྟ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་འཛམ་གླིང་གི་རྒྱལ་ཁབ་༥༣་ལ་ཁྱབ་ཟིན་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༢་ཚེས་༢༨་ཉིན་རྒྱ་ནག་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཉི་མ་གཅིག་ལ་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༣༢༧་བྱུང་སོང་། མི་༤༤་ལ་འཆི་སྐྱོན་ཕོག་སོང་ཞེས་གསར་འགྱུར་སྤེལ། རྒྱ་ནག་གི་ཏོག་དབྱིབས་རིམས་ནད་འཛམ་གླིང་ཡོངས་ལ་ཁྱབ་འགོ་ཚུགས་པའི་རྗེས་སུ་རྒྱལ་ཁབ་ཁག་གི་མཉམ་འབྲེལ་དམག་སྦྱོང་དང་རྩེད་རིགས་འགྲན་སྡུར། རོལ་དབྱངས་དཀྲོལ་ཚོགས་དང་དཔེ་གསར་གྱོན་གོས་འགྲེམ་སྟོན། རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་སོགས་ལས་དོན་ཕལ་མོ་ཆེ་མཚམས་བཞག ཐ་ན་འཛམ་གླིང་གི་མ་རྐང་ཁྲོམ་ར་རྣམས་ཀྱང་མ་རྩ་བརྡིབ་གྲབས་ཀྱི་གནས་སུ་ལྷུང་། ཁ་སང་ནས་ཨ་ཧྥི་རི་ཀའི་ས་ཧ་ར་བྱེ་ཐང་ཆེན་མོའི་མངའ་ཁུལ་དུ་ཏོག་དབྱིབས་རིམས་ནད་ཁྱབ་འགོ་ཚུགས་ཡོད་པས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་འབྲེལ་ཡོད་སྲིད་གཞུང་ཁག་གིས་སྔར་ལས་ལྷག་པའི་བློ་འཚབ་བྱ་དགོས་ཐུག་འདུག

རྒྱ་ནག་གཙོ་བོར་གྱུར་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པ་༣༦༠༠༠་ཡས་མས་ཤིག་དྲག་སྐྱེད་བྱུང་རུང་ལྷོ་ཀོ་རི་ཡ་དང་ཨི་རན། ཡུ་རོབ་རྒྱལ་ཁབ་ཨི་ཊི་ལི་སོགས་ལ་རིམས་ནད་འདི་མགྱོགས་མྱུར་གྱིས་ཁྱབ་གདལ་འགྲོ་བཞིན་ཡོད་པ་སྟེ། དེ་རིང་གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༥༧༡་བྱུང་བ་དང་ཁྱོན་བསྡོམས་རྒྱལ་ཁབ་དེར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༢༣༣༧་ཡོད་པར་མ་ཟད། མི་༡༣་ལ་ཏོག་དབྱིབས་རིམས་ནད་ཕོག་ནས་འཆི་སྐྱོན་བྱུང་། ཨི་རན་གྱི་སྲིད་འཛིན་གཞོན་པ་དང་འཕྲོད་བསྟེན་བློན་ཆེན་གཞོན་པ། གྲོས་ཚོགས་འཐུས་མི་ཞིག་དང་མཐོ་རིམ་གྱི་ཆོས་ལུགས་པ་ཞིག་བཅས་ཁྱོན་བསྡོམས་རྒྱལ་ཁབ་དེར་མི་༣༨༨་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་དང་མི་༣༤་ལ་འཆི་སྐྱོན་བྱུང་ཞིང་། ཨི་རན་གཞུང་གིས་རིམས་ནད་འགོག་ཐབས་སུ་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་གནས་སྐབས་རིང་སྒོ་རྒྱག་རྒྱུའི་ཐག་བཅད། ཧོང་ཀོང་མངའ་ཁུལ་གྱི་ཁྱིམ་ཚང་ཁག་གིས་ཉར་འཛིན་བྱེད་ཡོད་པའི་ཁྱི་དང་ཞིམ་བུ་རྣམས་ལའང་ཏོག་དབྱིབས་རིམས་ནད་ཀྱི་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་། ཧོང་ཀོང་ས་གནས་གཞུང་གིས་ཁྱི་དང་ཞིམ་བུ་བརྒྱུད་ནས་མི་ལ་ཏོག་དབྱིབས་རིམས་ནད་བགོ་སྲིད་པའི་འཇིགས་སྣང་འདུག་ཅེས་བསྒྲགས། ཉི་ཧོང་གཞུང་གིས་རྒྱལ་ཡོངས་ཀྱི་གཞི་རིམ་ནས་མཐོ་འབྲིང་བར་གྱི་སློབ་གྲྭ་ཁག་སྒོ་བརྒྱབ་པའི་རྗེས་སུ་རྒྱལ་ས་ཀྲོག་ཁིའོ་གྲོང་ཁྱེར་དུ་ཡོད་པའི་ཌི་སི་ཎི་སྤྱི་གླིང་ཆེན་མོ་ཡང་ཕྱི་ཟླ་༢་ཚེས་༢༩་ནས་ཕྱི་ཟླ་༣་ཚེས་༡༥་བར་དུ་སྒོ་རྒྱག་རྒྱུའི་ཐག་བཅད་འདུག

ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༦༤༤་ཡོད་པ་དང་མི་༡༧་ལ་འཆི་སྐྱོན་བྱུང་། ཨི་ཊི་ལིའི་བྱང་ཕྱོགས་ཀྱི་ནད་ཡམས་ཁྱབ་གདལ་འགྲོ་ཡུལ་ཁག་རྒྱ་ནག་ལ་འཁེལ་འཐག་གི་ཚོང་འབྲེལ་ཡོད་པས་རྒྱལ་ཁབ་དེར་རྒྱ་ནག་ནས་ཝུ་ཧན་གྲོང་ཁྱེར་དུ་བྱུང་བའི་རིམས་ནད་ཁྱབ་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག གཟའ་འཁོར་འདི་ནས་ཡུ་རོབ་རྒྱལ་ཁབ་མང་པོ་ཞིག་གིས་རང་གི་སྤྱི་དམངས་རྣམས་ཨི་ཊི་ལིར་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་རྒྱུ་འཛེམ་ཟོན་བྱ་དགོས་ཞེས་གདམས། ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་ཏོག་དབྱིབས་རིམས་འགོས་ཡོད་པའི་ནད་པའི་གྲངས་འབོར་༤༨་ཟིན། ད་དུང་མི་༡༠༠༠་ཐམ་པ་རང་ཁྱིམ་དུ་ལོགས་སུ་བཅུག་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༢་པའི་ཚེས་༢༨་ཉིན་དབྱིན་ཇི་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༡༩་ཡོད་པ་ངེས་གཏན་བྱུང་འདུག སུད་སི་གཞུང་གིས་ཏོག་དབྱིབས་རིམས་ནད་འགོག་ཐབས་སུ་རེ་ཞིག་རྒྱལ་ཁབ་དེར་ཚོང་འདུས་དང་རྩེད་རིགས། འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་ཁག་སྤེལ་ནས་མི་ཚོགས་བསྡུ་མི་ཆོག་ཅེས་བཀག ནེ་དྷར་ལན་ཌི་དང་ནེའུ་ཛི་ལན་ཌི། ཨ་ཛར་བྷ་ཇན་དང་བྷེ་ལོ་རུ་སི། ལི་ཐུ་ཝེ་ཎི་ཡ། ན་ཇཱི་རི་ཡ་བཅས་ཀྱིས་ཀྱང་རང་རང་གི་ས་ཐོག་ཏུ་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་རེ་ཡོད་པ་ངེས་གཏན་བྱས་ཤིང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་སྣེ་ཚོས་དཔལ་འབྱོར་གྱི་སྟོབས་ཤུགས་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་ཞན་པ། ལྷག་པར་དུ་རིམས་ནད་སྔོན་འགོག་ལ་གྲ་སྒྲིག་མེད་པའི་རྒྱལ་ཁབ་ཁག་ལ་ཚབས་ཆེའི་འགོས་ནད་འདི་ཁྱབ་ན་ཆག་སྒོ་ཆེན་པོ་ཞིག་འབྱུང་རྒྱུའི་བློ་འཚབ་བྱེད་བཞིན་འདུག

ད་ལྟ་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་༦༠་ཐམ་པ་ཡོད་པ་རྣམས་རྒྱ་ནག་དང་ཉི་ཧོང་གི་མཚོ་ཁར་འགགས་པའི་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་ཤིག་གི་ནང་དུ་ཏོག་དབྱིབས་རིམས་ནད་འགོས་པ་ཤ་སྟག་ཡིན་མོད། འོན་ཀྱང་ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་ཁེ་ལི་ཧྥོ་ཎི་ཡ་མངའ་སྡེའི་བུད་མེད་ཅིག་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་ནི་ཨ་མི་རི་ཀའི་ས་ཐོག་ཏུ་མི་ལ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་དང་པོ་དེར་གྱུར། ཁོ་མོ་རྒྱ་ནག་དང་ལྷོ་ཀོ་རི་ཡ་སོགས་འཛམ་གླིང་ཤར་ཕྱོགས་ལ་ཕྱིན་མྱོང་མེད་པ་དང་ཏོག་དབྱིབས་རིམས་ནད་འགོས་པའི་མི་ལའང་འབྲེལ་ཐུག་བྱུང་མེད་པས་ཨ་མི་རི་ཀའི་ནད་རིགས་སྔོན་འགོག་དང་འགོས་ནད་བཀག་སྡོམ་ཁང་གིས་ཁེ་ལི་ཧྥོར་ཎི་ཡའི་བུད་མེད་དེར་རིམས་ནད་ཇི་ལྟར་འགོས་པ་ཡིན་མིན་རྩད་གཅོད་བྱ་ཐབས་སུ་འབད་ཀྱང་ནད་དུག་གི་འབྱུང་ཁུངས་རྙེད་དཀའ་བ་ཞིག་ཏུ་གྱུར་འདུག དེར་བརྟེན་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་གཞུང་གིས་མི་༨༤༠༠་ཡས་མས་ཤིག་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཡོད་མེད་བརྟག་དཔྱད་བྱེད་འགོ་ཚུགས། ཉེ་ཆར་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་ནས་སྐྱོབ་ལེན་བྱས་པའི་སྤྱི་དམངས་རྣམས་བསུ་ལེན་བྱེད་མཁན་དབུས་གཞུང་གི་ལས་བྱེད་པ་བཏང་བ་དེ་དག་ལ་སྐབས་དེར་ཁ་རས་དང་ནད་འགོག་གི་གྱོན་གོས་དགོས་ངེས་ཀྱི་མཐུན་རྐྱེན་རྣམས་མཁོ་སྤྲོད་བྱས་མེད་པས་ཨ་རིའི་དབུས་གཞུང་གི་ལས་བྱེད་པ་དེ་དག་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་སྲིད་པའི་ཉེན་ཁ་ཡོད་པ་རེད།

གཟའ་པ་སངས་ཉིན་ཨ་མི་རི་ཀའི་ཁྱིམ་མཚེས་རྒྱལ་ཁབ་མེཀ་སི་ཀོའི་འཕྲོད་བསྟེན་བློན་ཆེན་ལས་རོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱལ་ས་མེཀ་སི་ཀོ་གྲོང་ཁྱེར་དང་རྒྱལ་ཁབ་དེའི་བྱང་ཕྱོགས་སུ་ཆགས་པའི་སི་ན་ལོ་ཨ་མངའ་སྡེའི་ནང་དུ་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་རེ་ཡོད་པ་ཤེས་རྟོགས་བྱུང་འདུག ནད་པ་དང་པོ་དེ་ཉུང་མཐར་ཡང་ཁྱིམ་ཚང་དེའི་བཟའ་མི་༥་ལ་འབྲེལ་ཐུག་བྱུང་ཡོད་པ་དང་མི་དེར་ཨི་ཊི་ལིའི་བྱང་ཕྱོགས་སུ་ཕྱིན་པའི་མི་གཞན་པ་ཞིག་གིས་རིམས་ནད་བགོས་ཡོད་པ་རྩད་གཅོད་ཐུབ། ཨུ་རུ་སུའི་གཞུང་གིས་རང་གི་མངའ་ཁོངས་སུ་གནས་སྐབས་རིང་ཨི་རན་དང་ལྷོ་ཀོ་རི་ཡའི་སྤྱི་དམངས་རྣམས་ཡོང་མི་ཆོག་པའི་བཀག་སྡོམ་བྱས་ཀྱང་ཡུ་རེ་ཤི་ཡའི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་སྟེ། ཨར་མེ་ཎི་ཡ་དང་བྷེ་ལོ་རུ་སི། ཁ་ཛཀ་སི་ཐན་དང་ཀིར་གྷི་སི་ཐན་གྱི་སྤྱི་དམངས་རྣམས་ཨུ་རུ་སུར་ཡོང་ཆོག ཨུ་རུ་སུར་གཏན་སྡོད་བྱེད་ཆོག་པའི་ལག་འཁྱེར་ཡོད་མཁན་ཨི་རན་བ་རྣམས་ཀྱང་ཨུ་རུ་སུར་ཡོང་ཆོག་ཅིང་། ཕྱི་ཟླ་༣་པའི་ཚེས་༡་ནས་ཨུ་རུ་སུའི་གཞུང་གིས་ལྷོ་ཀོ་རི་ཡར་མཁའ་ལམ་འགྲིམ་འགྲུལ་འགོག་གི་ཡོད་པ་རེད།

XS
SM
MD
LG