ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཝུ་ཧན་གྱི་ནད་དུག་གིས་རྒྱལ་སྤྱིའི་འགྲིམ་འགྲུལ་ལ་འགོག་རྐྱེན།


༄༅།། ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གི་འགྲུལ་སྐྱེལ་གནམ་གྲུ་རྣམས་སྐབས་ཤིག་གི་རིང་ལ་རྒྱ་ནག་གི་ཝུ་ཧན་གཙོ་བོར་གྱུར་པའི་གྲོང་ཁྱེར་ཁག་ལ་འཕུར་སྐྱོད་བྱ་རྒྱུ་མཚམས་བཞག ཕྱི་ཟླ་༢་ཚེས་༣་ཉིན་རྒྱ་ནག་གི་ཤར་ཕྱོགས་མཁའ་ལམ་ལས་ཁང་གིས་ཀྱང་གནས་སྐབས་རིང་ཨ་མི་རི་ཀར་གནམ་གྲུ་འཕུར་སྐྱོད་ཀྱི་འགྲིམ་འགྲུལ་མཚམས་འཇོག་བྱས་པ་ཡིན་ཞེས་བསྒྲགས། ཉེ་ཆར་ཕྱི་ཟླ་༡༢་པའི་ནང་དུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ད་ལྟའི་བར་དུ་ནད་དུག་དེའི་རྐྱེན་པས་མི་༣༦༠་ལྷག་ལ་འཆི་སྐྱོན་དང་མི་༡༧༠༠༠་ལྷག་ལ་ནད་དུག་ཕོག ཨ་མི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་དང་ཐེ་ཝན། རྒྱ་གར་དང་བལ་ཡུལ། ཨུ་རུ་སུ་དང་འཇར་མན་ཎི། དབྱིན་ཇི་དང་ཧྥ་རན་སི་སོགས་འཛམ་གླིང་རྒྱལ་ཁབ་༢༥་ལྷག་ལ་ཝུ་ཧན་གྱི་ནད་དུག་ཁྱབ་ནས་ནད་པ་༡༨༠་ལྷག་རྩད་གཅོད་བྱུང་། ཧྥི་ལི་ཕིན་གྱི་མི་ཞིག་ལ་ཝུ་ཧན་གྱི་ནད་དུག་ཕོག་ནས་འདས་གྲོངས་སུ་གྱུར། འདི་ནི་རྒྱ་ནག་གི་ཕྱི་ལོགས་སུ་ཝུ་ཧན་གྱི་གློད་ཚད་རིམས་ནད་ཕོག་ནས་འདས་གྲོངས་སུ་གྱུར་པའི་མི་དང་པོ་དེ་ཡིན་ཞིང་། ད་ལྟ་རྒྱ་ནག་གི་ཤར་ཕྱོགས་མཁའ་ལམ་ལས་ཁང་གིས་ཕྱི་ཟླ་༢་པའི་ཚེས་༢་ནས་ཚེས་༡༠་བར་དུ་ཧྲང་ཧེ་གྲོང་ཁྱེར་གྱི་ཕུ་ཏུང་རྒྱལ་སྤྱིའི་གནམ་ཐང་ནས་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དང་ལོ་སི་ཨན་ཇཱི་ལི་སི་གྲོང་ཁྱེར་གཉིས་ལ་གནམ་གྲུ་ཐད་ཀར་འཕུར་རྒྱུ་མཚམས་འཇོག་བྱས་པ་ཡིན་ཟེར། ཨ་མི་རི་ཀའི་གྲོང་ཁྱེར་ཆེ་ཁག་ལ་འཕུར་སྐྱོད་བྱེད་པའི་རྒྱ་ནག་གི་ཤར་ཕྱོགས་མཁའ་ལམ་ལས་ཁང་གི་དྲྭ་ལམ་དུ་ཕྱི་ཟླ་༣་པའི་ཚེས་༢༩་བར་དུ་ཨ་མི་རི་ཀར་བསྐྱོད་པའི་འགྲུལ་པ་ཚོར་གནམ་གྲུའི་པ་སི་བཙོང་རྒྱུ་མེད་ཅེས་བཀོད།

ཨ་རིའི་མཉམ་འབྲེལ་མཁའ་ལམ་ལས་ཁང་དང་ཨ་མི་རི་ཀའི་མཁའ་ལམ་ལས་ཁང་། དབྱིན་ཇིའི་མཁའ་ལམ་ལས་ཁང་དང་འཇར་མན་ཎིའི་ལུབ་ཐན་སན་མཁའ་ལམ་ལས་ཁང་། ཨི་ཊི་ལི་དང་ཧྥིན་ལན་ཌི། ཧོང་ཀོང་གི་ཁེ་ཐི་ཕེ་སི་ཧྥིཀ་དང་ཨེ་ཤི་ཡའི་མཁའ་ལམ་ལས་ཁང་། རྒྱ་གར་གྱི་མཁའ་ལམ་ལས་ཁང་སོགས་ཀྱི་འགྲུལ་སྐྱེལ་གནམ་གྲུ་ཁག་རེ་ཞིག་རྒྱ་ནག་ལ་འཕུར་སྐྱོད་བྱ་རྒྱུ་མཚམས་འཇོག་བྱེད་པའམ། ཡང་ན་གནམ་གྲུའི་འཕུར་གྲངས་ཉུང་དུ་གཏོང་རྒྱུའི་ཐག་གཅོད་བྱས་ནས་འགྲུལ་པ་ཚོར་གནམ་གྲུའི་པ་སིའི་རིན་པ་ཕྱིར་སློག་བྱེད་ཀྱི་ཡོད་ཅིང་། ཨ་རིའི་མཉམ་འབྲེལ་མཁའ་ལམ་ལས་ཁང་གིས་འགྲུལ་པ་འགྲོ་མཁན་མེད་པའི་སྟབས་ཀྱིས་ཕྱི་ཟླ་༢་པའི་ཚེས་༨་བར་དུ་ཨ་མི་རི་ཀའི་གྲོང་ཁྱེར་ཆེ་ཁག་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཧྲང་ཧེ། ཧོང་ཀོང་བཅས་ལ་གནམ་གྲུ་འཕུར་སྐྱོད་བྱ་རྒྱུ་མཚམས་འཇོག་བྱས་པ་ཡིན་ཞེས་བསྒྲགས། ཨ་མི་རི་ཀའི་མཁའ་ལམ་ལས་ཁང་གིས་ཀྱང་ཕྱི་ཟླ་༢་པའི་ཚེས་༩་ནས་ཕྱི་ཟླ་༣་ཚེས་༢༧་བར་དུ་ཨ་མི་རི་ཀའི་ལོ་སི་ཨན་ཇཱི་ལི་གྲོང་ཁྱེར་ནས་རྒྱ་ནག་གི་པེ་ཅིང་དང་ཧྲང་ཧེ་གྲོང་ཁྱེར་གཉིས་ལ་འགྲུལ་སྐྱེལ་གནམ་གྲུ་འཕུར་རྒྱུ་མིན་རུང་ལོ་སི་ཨན་ཇཱི་ལི་གྲོང་ཁྱེར་དང་ཌ་ལ་སི་ཧྥོར་ཊི་ཝོར་ཐེ་རྒྱལ་སྤྱིའི་གནམ་ཐང་གཉིས་ནས་ཧོང་ཀོང་ལ་སྔར་བཞིན་གནམ་གྲུ་འཕུར་སྐྱོད་བྱ་རྒྱུ་ཡིན་ཟེར། ཁེ་ན་ཌའི་མཁའ་ལམ་ལས་ཁང་གི་འགྲུལ་སྐྱེལགནམ་གྲུ་རྣམས་བདུན་ཕྲག་རེར་རྒྱ་ནག་ལ་ཐེངས་༣༣་རེ་འཕུར་གྱི་ཡོད་ཀྱང་ཝུ་ཧན་གྱི་ནད་དུག་གི་རྐྱེན་པས་འགྲུལ་པ་མེད་པར་གནམ་གྲུ་འཕུར་མཚམས་བཞག་འདུག

རྒྱ་ནག་གི་ཝུ་ཧན་ཏོག་དབྱིབས་ནད་དུག་འགོག་ཐབས་སུ་ཨ་མི་རི་ཀའི་གཞུང་གིས་རང་གི་སྤྱི་དམངས་རྣམས་རྒྱ་ནག་ལ་འགྲིམ་འགྲུལ་བྱ་རྒྱུ་ངང་འཐེན་བྱ་དགོས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ཨ་མི་རི་ཀའི་གཞུང་གིས་ཀྱང་རྒྱ་ནག་ནས་ཁྱབ་པའི་རིམས་ནད་འདི་འགོས་ཁྱབ་འགྲོ་སླ་བའི་ཛ་དྲག་གི་ནད་ཡམས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད། འདས་པའི་ཉི་མ་༡༤་ནང་ཚུད་དུ་རྒྱ་ནག་ལ་ཕྱིན་པའི་ཨ་མི་རི་ཀ་བ་རྣམས་ནེའུ་ཡོཀ་གྲོང་ཁྱེར་གྱི་ཁེ་ཎི་ཌི་རྒྱལ་སྤྱིའི་གནམ་ཐང་དང་ལོ་སི་ཨན་ཇཱི་ལི་སི་རྒྱལ་སྤྱིའི་གནམ་ཐང་། ཆི་ཁ་གྷོ་གྲོང་ཁྱེར་གྱི་ཨོ་ཧེར་རྒྱལ་སྤྱིའི་གནམ་ཐང་དང་ཨེ་ཊི་ལན་ཊ། རྒྱལ་ས་ཝ་ཤིང་ཊོན་གྱི་ཌ་ལ་སི་རྒྱལ་སྤྱིའི་གནམ་ཐང་བཅས་ཨ་རིའི་གཞུང་གིས་གཏན་འབེབས་བྱས་པའི་རྒྱལ་སྤྱིའི་གནམ་ཐང་༡༡་ཡོད་པ་དེ་དག་གི་གང་རུང་ཞིག་བརྒྱུད་ནས་རང་ཡུལ་ལ་ཕྱིར་ལོག་བྱེད་ཆོག གོང་གི་གནམ་ཐང་དེ་དག་ལ་ནད་པར་བརྟག་དཔྱད་དང་སྔོན་འགོག་གི་མཐུན་རྐྱེན་ལེགས་པར་ཚང་ཡོད། གལ་སྲིད་ཨ་རི་བ་དེ་དག་ལ་ནད་རྟགས་མ་ཐོན་ན་འགྲུལ་པ་དེ་རྣམས་རང་གནས་སོ་སོར་མུ་མཐུད་དུ་འགྲུལ་སྐྱོད་བྱེད་དུ་འཇུག་རྒྱུ་ཡིན། འོན་ཀྱང་རྒྱ་ནག་ལ་ཕྱིན་པའི་ཨ་མི་རི་ཀ་བ་དེ་རྣམས་ཉི་མ་འགའ་ཞིག་ལ་རང་ཁྱིམ་དུ་འཛུལ་ནས་འདུག་དགོས། ཁོ་ཚོ་ཕྱི་ལ་ཐོན་ནས་མི་ཚོགས་ཁྲོད་དུ་འགྲོ་མི་ཆོག་པའི་སྒྲིག་ཁྲིམས་གཏན་འབེབས་བྱས་ཡོད་ཅིང་། དེར་བརྟེན་ཕྱི་ཟླ་༢་པའི་ཚེས་༣་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་ཨ་མི་རི་ཀས་ཝུ་ཧན་གྱི་གློད་ཚད་ལ་ཚད་ལས་བརྒལ་བའི་དོགས་ཟོན་བྱེད་ཀྱི་འདུག འདས་པའི་ཉི་མ་༡༤་ནང་ཚུད་དུ་རྒྱ་ནག་ལ་ཕྱིན་པའི་ཕྱི་རྒྱལ་བ་རྣམས་ཀྱང་ཨ་མི་རི་ཀར་ཡོང་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་པ་སྤྱི་དམངས་ཀྱི་ཐོབ་ཐང་ལ་རྡོག་བརྫིས་བཏང་བ་ཞིག་རེད། ཐ་ན་ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་གིས་ཀྱང་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་སྲིད་ཇུས་ཐལ་དྲགས་པ་ཞིག་ལག་ལེན་བསྟར་གྱི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་འདུག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རིམས་ནད་འདི་ཛ་དྲག་ཅན་ཞིག་ལ་ངོས་འཛིན་བྱས་པར་མོས་མཐུན་མེད་ཅེས་དགག་པ་བརྒྱབ།

མདང་དགོང་གཟའ་ཉི་མའི་མཚན་མོ་ནས་ཉི་མ་༡༤་ནང་ཚུད་དུ་རྒྱ་ནག་གི་རྒྱ་ནག་གི་ཧུ་པེ་ཞིང་ཆེན་ལ་ཕྱིན་པའི་ཨ་མི་རི་ཀ་བ་རྣམས་གཞུང་གིས་གཏན་འབེབས་བྱས་པའི་གནམ་ཐང་༡༡་ཡོད་པ་དེ་དག་གི་གྲས་ཀྱི་གང་རུང་ཞིག་བརྒྱུད་ནས་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་པའི་སྒྲིག་གཞི་ལག་ལེན་བསྟར། ཁོ་ཚོ་རང་ཡུལ་ལ་ཕྱིར་ལོག་བྱས་པའི་གཞུག་ཏུ་ཉུང་མཐར་ཡང་དུས་ཡུན་བདུན་ཕྲག་གཉིས་ཀྱི་རིང་ལ་རང་ཁྱིམ་དུ་འཛུལ་ནས་འདུག་དགོས་ཞེས་ཨ་མི་རི་ཀའི་འཕྲོད་བསྟེན་དྲུང་ཆེས་གསར་འགོད་ལྷན་ཚོགས་ཤིག་ཏུ་དེ་ལྟར་བསྒྲགས། ཨ་རིའི་ས་མཚམས་དང་འགག་སྒོ་སྲུང་སྐྱོབ་ལས་ཁང་གི་འགོ་ཁྲིད་ཀྱིས་ཀྱང་ཨ་རི་བ་རྣམས་རང་ཡུལ་ལ་འབྱོར་བའི་རྗེས་སུ་རང་ཁྱིམ་དུ་འཛུལ་ནས་ཨ་མི་རི་ཀའི་སྤྱི་དམངས་བྱིངས་ལ་འགོ་ནད་འདི་ཁྱབ་གདལ་གཏོང་མི་ཆོག་པའི་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ་གནད་འགག་ཆེན་པོ་ཡིན་ཞེས་བཤད། དུས་ཡུན་བདུན་ཕྲག་གཉིས་ཀྱི་ནང་ཚུད་དུ་རྒྱ་ནག་གི་ཧུ་པེ་ཞིང་ཆེན་ལ་ཕྱིན་པའི་ཕྱི་རྒྱལ་བ་རྣམས་སྐབས་ཤིག་གི་རིང་ལ་ཨ་མི་རི་ཀར་ཡོང་མི་ཆོག་ཅེས་བཀག་སྡོམ་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་ནས་ཐད་ཀར་ཨ་མི་རི་ཀར་ཡོང་གི་ཡོད་པའམ། ཡང་ན་རྒྱལ་ཁབ་གཞན་ཞིག་བརྒྱུད་ནས་ཨ་མི་རི་ཀར་ཡོང་མཁན་གྱི་རྒྱ་ནག་གི་སྤྱི་དམངས་རྣམས་ཀྱང་ཨ་མི་རི་ཀར་ཡོང་མི་ཆོག་པའི་བཀག་སྡོམ་བྱ་དགོས། གནམ་ཐང་དང་ས་མཚམས་སོགས་ཀྱི་ཨ་རིའི་ལས་བྱེད་པ་ཚོས་རང་གི་བདེ་འཇགས་དང་རིམས་ནད་འགོ་སྲིད་པ་སྔོན་འགོག་གི་ཆེད་དུ་ཁ་རས་རྒྱག་ཆོག་ཅེས་གཟའ་སྤེན་པའི་དགོང་མོར་ཨ་རིའི་གཞུང་གིས་ཐག་གཅོད་བྱས་འདུག

ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་ལ་འཕུར་སྐྱོད་བྱས་པའི་ཨ་མི་རི་ཀའི་མཁའ་ལམ་ལས་ཁང་ཁག་གི་བྱེད་པ་རྣམས་དང་གནམ་ཐང་ཁག་གི་ལས་བྱེད་པ་རྣམས་ཀྱང་མི་ཚོགས་ཆེ་ས་དང་ཚོང་ཁང་། རྩེད་མོ་རྩེད་ས་བཅས་ལ་འགྲོ་སྐྱོད་བྱ་རྒྱུ་འཛེམ་ཟོན་བྱ་དགོས། ཁོ་ཚོར་ཚ་བ་འཕར་ཡོད་མེད་བརྟག་དཔྱད་བྱེད་བཞིན་པའི་རིང་ལ་སྤྱི་དམངས་འགྲོ་སྐྱོད་བྱ་སའི་མེ་འཁོར་དང་རླངས་འཁོར་ནང་དུ་འགྲིམ་འགྲུལ་མ་བྱས་ན་དགེ་མཚན་ཆེ། ཁོ་ཚོ་ཉུང་མཐར་ཡང་སྐྱེ་བོ་གཞན་དང་རྒྱང་ཁད་སྤྱི་ཁྲུ་༦་གི་ས་མཚམས་འདུག་དགོས་ཞེས་ལམ་སྟོན་བཀོད་ཁྱབ་བཏང་འདུག ཨ་མི་རི་ཀ་དང་ཉི་ཧོང་། འཇར་མན་ཎི་དང་དབྱིན་ཇི། རྒྱ་གར་སོགས་འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བས་གནམ་གྲུ་བཏང་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དང་ཧུ་པེ་ཞིང་ཆེན་དུ་འགག་ཡོད་པའི་རང་གི་སྤྱི་དམངས་རྣམས་སྐྱོབ་ལེན་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ཐེ་ཝན་པ་བརྒྱ་ཕྲག་འགའ་ཞིག་འགག་ཡོད་པ་རྣམས་ཕྱི་ཟླ་༢་ཚེས་༣་བར་དུ་རྒྱ་ནག་གཞུང་གིས་ཐེ་ཝན་ལ་ཆེད་རྫོང་གནམ་གྲུ་བཏང་ནས་སྐྱོབ་ལེན་བྱེད་དུ་བཅུག་མེད་པ་རེད གཟའ་ཟླ་བའི་ཉིན་རྒྱ་ནག་གིས་ཐེ་ཝན་ལ་ཆོག་མཆན་སྤྲད་ནས་རྒྱ་ནག་ཤར་ཕྱོགས་ཀྱི་མཁའ་ལམ་ལས་ཁང་གི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཝུ་ཧན་གྲོང་ཁྱེར་དུ་ཚོང་ལས་གཉེར་བཞིན་པའི་ཐེ་ཝན་གྱི་ཚོང་བ་༢༠༠་ཐམ་པ་ཐེ་ཝན་ལ་སྐྱེལ་འདྲེན་བྱེད་དུ་བཅུག་འདུག ཡིན་ནའང་རྒྱ་ནག་གི་ཧུ་པེ་ཞིང་ཆེན་དུ་ཁྱོན་བསྡོམས་ཐེ་ཝན་གྱི་ཚོང་པ་༥༠༡་ཡོད་པ་དང་། ཝུ་ཧན་ནས་ཉེན་སྐྱོབ་བྱ་དགོས་པའི་ཐེ་ཝན་གྱི་ཚོང་པ་ཚོར་འགེངས་ཤོག་བཀྲམ། ཁོ་ཚོ་རང་རང་གི་སྡོད་གནས་ཁག་ནས་གནམ་ཐང་དུ་སྐྱེལ་འདྲེན་བྱེད་སྤྱད་རླངས་འཁོར་སོགས་གྲ་སྒྲིག་ཡོད་ཅེས་ཐེ་ཝན་གྱི་ཚོང་པའི་མཐུན་ཚོགས་ཤིག་གིས་གསར་འགོད་པར་བཤད། རྒྱ་ནག་གི་ས་ཐོག་ཏུ་ནད་དུག་འགོས་ཟིན་པའི་ཐེ་ཝན་གྱི་སྤྱི་དམངས་རྣམས་དྲག་སྐྱེད་མ་བྱུང་བར་དུ་ཝུ་ཧན་གྲོང་ཁྱེར་དུ་སྨན་བཅོས་བྱ་དགོས་ཞེས་ཐེ་ཝན་གྱི་ནད་རིགས་སྔོན་འགོག་ཁང་གི་འགན་འཛིན་ཤུག་ཀྲེང་ཝེན་གྱིས་བཤད་འདུག

XS
SM
MD
LG