ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

འཛམ་གླིང་གི་མཐོ་རིམ་མི་སྣ་སོགས་ལ་ཏོག་དབྱིབས་རིམས་ནད་འགོས།


༄༅།། ཕྱི་ཟླ་༣་པའི་ཚེས་༡༣་གྱི་མཚམས་སུ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་འཛམ་གླིང་རྒྱལ་ཁབ་༡༡༣་ཡས་མས་ཤིག་ལ་ཁྱབ། ད་ལྟ་རིམས་ནད་འདི་གོ་ལའི་ཁྱོན་གྱི་ནད་ཡམས་ཤིག་ལ་གྱུར། དཔེར་ན་ཏོག་དབྱིབས་རིམས་ནད་འདི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ཉེ་འཁོར་དུའང་ཁྱབ་ཡོད་སྲིད་པ་སྟེ། ཉེ་ཆར་ཨོ་གླིང་རྒྱལ་ཁབ་ཀྱི་ནང་སྲིད་བློན་ཆེན་ཕི་ཊར་ཌ་ཊོན་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ནས་སྲིད་འཛིན་ཌོ་ནལ་ཊམ་གྱི་སློབ་སྟོན་པའི་ལས་ཀྱི་སྣེ་མོ་འཛིན་པ་བུ་མོ་རྒན་པ་ཨི་ཝྭན་ཁ་དང་ཨ་རིའི་ཁྲིམས་འཛིན་སྤྱི་ཁྱབ་ཝི་ལིམ་བྷར། གཞན་ཡང་ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེ་ཁག་ཅིག་ལ་ཐུག་འཕྲད་གྲོས་མོལ་བྱུང་ཞིང་། དེ་རིང་གཟའ་པ་སངས་ཉིན་ཨོ་གླིང་རྒྱལ་ཁབ་ཀྱི་ནང་སྲིད་བློན་ཆེན་ལ་མདང་དགོང་ཚ་བ་རྒྱས་ནས་མིད་པར་ན་ཟུག་ལྡང་སྟེ་སྨན་ཁང་དུ་བརྟག་དཔྱད་བྱས་པས་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་ཞེས་གསར་འགྱུར་ཐོན། གཟའ་འཁོར་སྔོན་མར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གྱི་སྲིད་འཛིན་ལ་བྷོལ་སོ་ན་རོར་ཐུག་འཕྲད་གྲོས་མོལ་བྱས་པ་དང་སྐབས་དེར་བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་རོའི་གསར་འགོད་དྲུང་ཆེས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་སོགས་ལ་ཐུག་འཕྲད་བྱས་ནས་མཉམ་དུ་འདྲ་པར་སྒྲོན། ཉི་མ་རེ་ཟུང་སྔོན་དེར་བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་རོའི་གསར་འགོད་དྲུང་ཆེ་ལའང་ཏོག་དབྱིབས་རིམས་ནད་ཀྱི་ནད་དུག་འགོས་ཡོད་པ་རྩད་ཆོད་ནས་སྨོན་བཅོས་བྱེད་ཀྱི་ཡོད་ཅེས་གསར་འགྱུར་ཐོན།

ད་སྔ་ཨ་རིའི་སྲིད་འཛི་ཌོ་ནལ་ཊམ་དང་སྲིད་འཛིན་གཞོན་པ་སོགས་ལ་ཏོག་དབྱིབས་ནག་དུག་འགོས་ཡོད་པའི་རྟགས་མཚན་མེད་ཀྱང་གསར་འགོད་པ་ཚོས་སྲིད་འཛིན་ཌོ་ནལ་ཊམ་དང་སྲིད་འཛིན་གཞོན་པ་སོགས་ཀྱིས་སྨན་པར་བསྟན་ནས་བརྟག་དཔྱད་བྱས་ཡོད་མེད་འདྲི་རྩད་ལན་མང་བྱེད་ཀྱི་ཡོད་པར་མ་ཟད། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གྱི་སྲིད་འཛིན་འཚམས་འདྲིར་ཕེབས་པའི་མཛད་སྒོ་དང་ཨོ་གླིང་རྒྱལ་ཁབ་ཀྱི་ནང་སྲིད་བློན་ཆེན་ཨ་མི་རི་ཀར་འཚམས་འདྲིར་ཕེབས་པའི་མཛད་སྒོ། ད་དུང་ཉེ་ཆར་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་འདུ་གལ་ཆེན་ཚོགས་པ་དེའི་མཛད་སྒོར་ཕེབས་པའི་ཚོགས་ཞུགས་པ་ཞིག་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་ཤེས་རྟོགས་བྱུང་ཞིང་། དེར་བརྟེན་གོང་གི་མཛད་སྒོ་ཁག་གསུམ་ལ་མཉམ་ཞུགས་བྱས་པའི་ཨ་རིའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་རང་གཞན་གཉིས་ཀྱི་བདེ་ཐང་ཆེད་དུ་སོ་སོར་རང་ཁྱིམ་ལ་ཟུར་དུ་བཀག་ནས་དུས་ཡུན་བདུན་ཕྲག་གཉིས་ཀྱི་རིང་དུ་མི་ཚོགས་གྲས་སུ་འགྲོ་རྒྱུ་མཚམས་བཞག་འདུག དེ་རིང་གཟའ་པ་སངས་ཉིན་གསར་འགྱུར་ཐོན་པ་ལྟར་ན། ཁེ་ན་ཌའི་སྲིད་བློན་ཆེན་གྱི་ཆུང་མར་ཏོག་དབྱིབས་རིམས་ནད་འགོས་ཡོད་པས་སྲིད་བློན་ཊི་རུ་དྷོར་སྟངས་དཔྱལ་གཉིས་རང་ཁྱིམ་དུ་ལོགས་སུ་འགོག་རྒྱུ་དང་དུས་ཡུན་གཟའ་འཁོར་གཉིས་ལ་སྲིད་བློན་ཊི་རུ་དྷོར་ལས་ཁུངས་སུ་ཕེབས་མི་དགོས་པར་རང་ཁྱིམ་དུ་ཕྱག་ལས་གནང་རྒྱུའི་གསལ་བསྒྲགས་སྤེལ། ཨ་རིའི་ཧོ་ལི་ཝུ་ཌིའི་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་ཊོམ་ཧན་ཁི་སི་བཟའ་ཚང་གཉིས་ཀྱང་ཨོ་གླིང་རྒྱལ་ཁབ་ལ་གུང་སེང་དུ་བསྐྱོད་ནས་ཏོག་དབྱིབས་རིམས་ནད་འགོས་ཡོད་པས་དུས་ཡུན་བདུན་ཕྲག་གཉིས་ལ་ཟུར་དུ་བཀག་ནས་སྨན་བཅོས་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་སྤེལ་བྱས་འདུག

གཟའ་འཁོར་འདི་ནས་ཨ་རི་རྒྱལ་ཡོངས་ཀྱི་མངའ་སྡེ་མང་དག་ཅིག་གིས་ཕྱི་ཟླ་༤་པའི་ཚེས་ཤར་བར་དུ་སློབ་གྲྭ་ཁག་སྒོ་བརྒྱབ་ནས་ཏོག་དབྱིབས་རིམས་ནད་ལ་འཛེམ་གྱི་ཡོད་ཅིང་། གཟའ་ཕུར་བུའི་ཕྱི་དྲོར་ཨ་རིའི་མཱི་ཆི་གྷན་དང་ནེའུ་མེཀ་སི་ཀོ ཨོ་རི་གྷན་གསུམ་གྱིས་སློབ་གྲྭ་ཁག་སྒོ་རྒྱག་རྒྱུའི་གསལ་བསྒྲགས་སྤེལ། དེའི་སྔོན་ལ་མཱེ་རི་ལན་ཌི་དང་ཁན་ཊ་ཀི་མངའ་སྡེ། ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་སན་ཧྥ་རན་སི་སེ་ཁོ་དང་ས་ཀ་ར་མན་ཏོ་གྲོང་ཁྱེར་གཉིས། ཝ་ཤིང་ཊོན་མངའ་སྡེའི་སི་ཡེ་ཊལ་གྲོང་ཁྱེར་གྱི་སློབ་གྲྭ་ཁག་ཅིག་ཀྱང་སྒོ་རྒྱག་རྒྱུའི་ཐག་བཅད། ཨ་མི་རི་ཀའི་སློབ་ཆེན་མང་པོ་ཞིག་གིས་དགེ་རྒན་དང་སློབ་ཕྲུག་ཚོ་མཉམ་དུ་འཛིན་གྲྭར་འདུས་ནས་སློབ་ཁྲིད་བྱེད་མི་དགོས་པར་དྲྭ་ལམ་དུ་སློབ་ཁྲིད་བྱ་རྒྱུའི་ཐག་བཅད། ཕྱི་ཟླ་༣་པ་འདིར་ཨ་རིའི་སློབ་ཆེན་ཁག་གི་ལག་རྩེད་ལྒང་ལིའི་འགྲན་སྡུར་དུས་སྐབས་ཡིན་རུང་རྩེད་འགྲན་རྣམས་ཕྱིར་འཐེན་དང་ཌི་སི་ཎི་སྤྱི་གླིང་ཆེན་མོ་སྒོ་བརྒྱབ། ལོ་ལྟར་རྒྱལ་ས་ཝ་ཤིང་ཊོན་ལ་དཔྱིད་ཀྱི་མེ་ཏོག་བཞད་པའི་དུས་སྟོན་རེ་ཚུགས་སྲོལ་ཡོད་པའང་ལོ་འདིར་ཕྱིར་འཐེན་བྱས་འདུག རྒྱལ་སྤྱིའི་ཐོག་ཏུ་སྐད་གྲགས་ཆེ་བའི་ནེའུ་ཡོཀ་གྲོང་ཁྱེར་གྱི་བྷུ་རོ་ཌི་ཝེའི་ཟློས་གར་འཁྲབ་སྟོན་རྣམས་ཀྱང་མཚམས་འཇོག ཨ་རིའི་རྒྱལ་ཡོངས་སུ་མི་༥༠༠་ནས་༢༥༠་ཡས་མས་རེ་ལས་མཉམ་དུ་འདུ་འཛོམས་བྱེད་མི་ཆོག་པའི་ས་ཁུལ་མང་དག་ཅིག་འབྱུང་གི་ཡོད་པ་དང་། དེ་རིང་གཟའ་པ་སངས་ཀྱི་སྔ་དྲོའི་མཚམས་སུ་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༡༦༠༠་ལྷག་ཡོད་པ་དང་མི་༤༡་ལ་འཆི་སྐྱོན། ད་ལྟ་ཨ་མི་རི་ཀར་མངའ་སྡེ་༥༠་ཡོད་པ་དེ་དག་གི་གྲས་ཀྱི་མངའ་སྡེ་ཕལ་མོ་ཆེར་ཏོག་དབྱིབས་རིམས་ནད་ཁྱབ་ཟིན་ཡོད་པར་བརྟེན། ཨ་རིའི་དབུས་གཞུང་དང་ས་གནས་ཁག་གིས་དོགས་གཞི་ཅན་གྱི་ནད་པ་ཚོར་བརྟག་དཔྱད་བྱ་རྒྱུ་མང་དུ་བཏང་ན་ཨ་རིའི་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་ཇེ་མང་དུ་སོང་ནས་སྨན་ཁང་ཁག་གིས་གླགས་མི་ཁེལ་བའི་མཚམས་སུ་ལྷུང་སྲིད་པའི་བློ་འཚབ་འདུག་ཅེས་འཕྲོད་བསྟེན་ལས་སྣེ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་རེད།

དེ་རིང་ཕྱི་ཟླ་༣་པའི་ཚེས་༡༣་གྱི་མཚན་དཀྱིལ་ནས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུ་རོབ་རྒྱལ་ཁབ་༢༦་གི་སྤྱི་དམངས་རྣམས་དུས་ཡུན་ཟླ་བ་གཅིག་ལ་ཨ་མི་རི་ཀར་ཡོང་མི་ཆོག་ཅེས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་ཐག་གཅོད་བྱས་ནས་བཟུང་། ཡུ་རོབ་མཉམ་འབྲེལ་ཁོངས་ཀྱི་རྒྱལ་ཁབ་ཁག་ལ་བློ་ཕམ་དང་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་གྲོས་སྡུར་མ་བྱས་པར་གློ་བུར་དུ་འགྲིམ་འགྲུལ་འགོག་རྒྱུའི་གསལ་བསྒྲགས་བྱས་པ་འོས་འཚམས་མ་རེད་ཅེས་ཁ་རྡུང་གཏོང་གི་ཡོད་ཅིང་། ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་༢༠༡༩་ལོའི་ཏོག་དབྱིབས་རིམས་ནད་ཀྱི་གློ་ཚན་གསར་པ་འགོག་ཐབས་སུ་ཕྱོགས་ཀུན་མཉམ་འབྲེལ་བྱ་དགོས། ཕྱོགས་གཅིག་རྐྱང་པས་གནད་དོན་ཐག་གཅོད་བྱེད་ཐུབ་པ་ཞིག་མིན་ཞེས་དགག་པ་བརྒྱབ། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་སྤར་དུས་ཨ་མི་རི་ཀར་སྔོན་ནས་གྲོས་སྡུར་བྱས་མ་སོང་། རིམས་ནད་འདི་སྔོན་འགོག་བྱེད་པར་དུས་ཡུན་འགོར་རྒྱུ་ཡིན་པས་ང་ཚོར་སྒུག་ལོང་མེད། འཕྲལ་དུ་རིམས་ནད་སྔོན་འགོག་གི་ལས་དོན་བསྒྲུབ་དགོས་ཀྱི་འདུག་ཅེས་ལན་བཏབ། ཕྱི་ཟླ་༣་པའི་ཚེས་༡༢་ཉིན་ཡུ་རོབ་རྒྱལ་ཁབ་ཁག་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ད་ལྟ་ཨི་ཊི་ལི་གཅིག་པུར་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་༡༣༠༠༠་ལྷག་ཡོད་པ་དང་མི་༡༠༠༠་ལྷག་ལ་འཆི་སྐྱོན། ཏོག་དབྱིབས་རིམས་ནད་ལ་འཛེམས་ནས་ཕོ་ལན་ཌིའི་སྲིད་འཛིན་ཨུ་རུ་སུ་ལ་འཚམས་འདྲིར་ཕེབས་རྒྱུ་ཕྱིར་འཐེན། ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་འཇར་མན་ཎི་ཚུད་པའི་ཡུ་རོབ་རྒྱལ་ཁབ་བཅོ་ལྔའི་འགྲུལ་པ་རྣམས་རང་ཁྱིམ་དུ་འཛུལ་དགོས་པའི་ཁྲིམས་ཤིག་ལག་ལེན་བསྟར་འགོ་ཚུགས། འཇར་མན་ཎིར་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་༢༠༠༠་བྱུང་ཡོད་པས་རྒྱལ་ཁབ་དེའི་མངའ་སྡེ་ཁག་ཅིག་གིས་སློབ་གྲྭ་རྣམས་སྒོ་བརྒྱབ། སི་པེན་རྒྱལ་ཁབ་ལ་ཏོག་དབྱིབས་རིམས་ནད་ཁྱབ་ནས་མི་༨༤་ལ་འཆི་སྐྱོན་བྱུང་འདུག

ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚོགས་པར་ལ་ན་ནིང་ཕྱི་ཟླ་༡༡་པའི་ཚེས་༡༧་ཉིན་ཧུ་པེ་ཞིང་ཆེན་གྱི་སྐྱེས་པ་ལོ་ན་༥༥་ལ་སོན་པ་ཞིག་ལ་ཏོག་དབྱིབས་རིམས་ནད་འགོས། མི་དེ་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་འགོས་མཁན་མི་ཐོག་མ་དེ་རེད་ཅེས་གཞུང་འབྲེལ་ཡིག་ཆ་ཞིག་ཏུ་འཁོད་པ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་འདུག གལ་སྲིད་ཧོང་ཀོང་གི་ཚགས་པར་དེར་བཀོད་པའི་གནས་ཚུལ་རྣམས་བདེན་པ་ཡིན་ཚེ། ཝུ་ཧན་གྲོང་ཁྱེར་དུ་གློ་ཚད་ལྟ་བུའི་ནད་ཡམས་ཁྱད་མཚར་ཞིག་ཁྱབ་ཀྱི་འདུག་ཅེས་སྒྲོགས་མ་འགོ་ཚུགས་པའི་ཟླ་བ་གཅིག་ལྷག་གི་སྔོན་ནས་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་རིམས་ནད་སླེབས་ཟིན་ཡོད་པ་ར་འཕྲོད། ཡིན་ནའང་རྒྱ་ནག་གཞུང་གིས་ཕྱི་ཟླ་༡༢་པའི་ཚེས་༨་བར་དུ་ཝུ་ཧན་གྲོང་ཁྱེར་ལ་རིམས་ནད་ཅིག་ཁྱབ་ཀྱི་ཡོད་པ་ཕྱིར་བསྒྲགས་བྱས་མེད། ཕྱི་ཟླ་༡༢་པའི་ཚེས་༢༦་གི་མཚམས་སུ་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་༢༦༦་ཡོད་པ་དང་ཕྱི་ཟླ་དང་པོའི་ཚེས་༡་གི་མཚམས་སུ་གྲོང་ཁྱེར་དེར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༣༨༡་ཡོད་འདུག ཉེ་དུས་ཤིག་ནས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ཨ་མི་རི་ཀའི་དམག་གིས་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བཏང་བ་སྲིད་ཅེས་གླེང་འགོ་ཚུགས། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ན་ནིང་ཕྱི་ཟླ་༡༠་པར་ཨ་མི་རི་ཀའི་དམག་གི་རུ་ཁག་ཅིག་ཝུ་ཧན་གྲོང་ཁྱེར་ལ་སླེབས་ཡོད། ཁོ་ཚོས་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བཏང་བ་ཡིན་སྲིད་ཅེས་བསྒྲགས། འདི་ནི་དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཅིག་ཁྱབ་པ་རེད་ཅེས་གླེང་གི་ཡོད་པའི་ཁ་ཕྱོགས་སྒྱུར་ཐབས་ཤིག་ཡིན་ཞིང་། ནུབ་ཕྱོགས་ཀྱི་གསར་འགོད་པ་དང་ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ནད་འབུ་ཕྲ་མོའི་མཚོན་ཆ་བཟོ་སྒྲུབ་བྱེད་ཀྱི་ཡོད་པ་དང་ཝུ་ཧན་གྲོང་ཁྱེར་གྱི་དམག་གི་བརྟག་དཔྱད་ཁང་ཞིག་ནས་ཏོག་དབྱིབས་ནད་དུག་ཕྱི་ལ་ཁྱབ་པ་རེད་ཅེས་གླེང་། གང་ལྟར་ད་ལྟའི་བར་དུ་རྒྱ་ནག་གི་ཝུ་ཧུན་གྲོང་ཁྱེར་དུ་བྱུང་བའི་ཏོག་དབྱིབས་རིམས་ནད་འཛམ་གླིང་ཡོངས་ལ་ཁྱབ་ནས་མི་༤༧༠༠་ལྷག་ལ་འཆི་སྐྱོན་དང་མི་༡༢༨༠༠༠་ལ་རིམས་ནད་འགོས་འདུག

XS
SM
MD
LG