ངོ་འཕྲད་བདེ་བའི་དྲ་འབྲེལ།

ཝུ་ཧན་གྱི་གློ་ཚད་རིམས་ནད་ཕོག་ནས་མི་༤༩༠་ཤི།


༄༅།། ཕྱི་ཟླ་༢་ཚེས་༥་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཝུ་ཧན་གྲོང་ཁྱེར་ནས་འགོས་ཁྱབ་བྱུང་བའི་རིམས་ནད་དེས་མི་༤༩༥་ལ་འཆི་སྐྱོན་དང་མི་༢༤༣༢༤་ལ་ནད་དུག་ཕོག འདི་ནི་འདས་པའི་ཆུ་ཚོད་༢༤་རིང་ལ་ནད་ཡམས་དེའི་རྐྱེན་གྱིས་མི་༦༥་འདས་གྲོངས་སུ་གྱུར་པ་དང་མི་༣༨༨༧་ལ་གསར་དུ་ནད་དུག་ཕོག་ཡོད་པ་རྩད་གཅོད་བྱུང་འདུག ཁ་སང་ཧོང་ཀོང་བ་ཞིག་ལ་ཝུ་ཧན་གྱི་གློ་ཚད་རིམས་ནད་འགོས་ནས་འདས་གྲོངས་སུ་གྱུར་ནས་བཟུང་། ཨ་མི་རི་ཀའི་མཉམ་འབྲེལ་མཁའ་ལམ་ལས་ཁང་དང་ཨ་མི་རི་ཀའི་མཁའ་ལམ་ལས་ཁང་གཉིས་ཀྱིས་གནས་སྐབས་རིང་ཧོང་ཀོང་ལའང་འགྲུལ་སྐྱེལ་གནམ་གྲུ་འཕུར་རྒྱུ་མཚམས་བཞག་པ་ཡིན་ཞེས་བསྒྲགས། རྒྱལ་སྤྱིའི་སྤྲོད་སྐྱིད་གྲུ་གཟིངས་ཤིག་གི་ནང་དུ་རྒྱ་ནག་གི་གློད་ཚད་རིམས་འགོས་ཡོད་པའི་ནད་པ་༡༠་ཡོད་པ་ཤེས་རྟོགས་བྱུང་བའི་རྗེས་སུ་གྲུ་གཟིངས་དེ་ཧིང་ཀོང་གི་ཡོ་ཁཱོ་ཧ་མ་གྲུ་ཁར་ཟུར་དུ་བཀག ཉི་ཧོང་གཞུང་གིས་ནད་པ་དེ་རྣམས་སྨན་ཁང་ཞིག་ཏུ་འཁྱེར་ནས་སྨན་བཅོས་བྱེད་ཀྱི་ཡོད་པ་སྟེ། གྲུ་གཟིངས་དེར་ཉི་ཧོང་བ་༣༣་ཚུད་པའི་མི་༣༧༠༠་ཡོད་པ་དེ་རྣམས་ཟུར་དུ་བཀག་ནས་ཉི་མ་༡༤་རིང་ལ་མི་གཞན་པར་འབྲེལ་བ་བྱེད་དུ་འཇུག་གི་མེད་ཅིང་། ཉི་ཧོང་གི་འཕྲོད་བསྟེན་བློན་ཆེན་གྱིས་འགྲུལ་བ་ནད་པ་དང་གྲུ་གཟིངས་གི་སྲི་ཞུ་བ་ཚོར་སྨན་བཅོས་གང་ལེགས་བྱེད་ཀྱི་ཡོད། ང་ཚོས་ནད་དུག་དེ་ཁྱབ་གདལ་མི་འགྲོ་བའི་འབད་བརྩོན་གང་ནུས་བྱེད་ཀྱི་ཡོད་ཅེས་བཤད། ཁ་སང་གཟའ་མིག་དམར་ཉིན་ཁར་ཎི་ཝྭལ་གྲུ་གཟིངས་ལས་ཁང་གིས་ཀྱང་འགྲུལ་པ་རྣམས་སྤྲོ་གསེང་ལ་ཁྲིད་ནས་ཚོང་ལས་གཉེར་རྒྱུ་རེ་ཞིག་མཚམས་བཞག་པ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག

ད་སྔ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་གློད་ཚད་རིམས་ནད་ཀྱི་རྐྱེན་པས་ཧྥི་ལི་ཕིན་གྱི་སྐྱེས་པ་ཞིག་དང་ཧོང་ཀོང་གི་སྐྱེས་པ་ཞིག་ལ་མ་གཏོགས་རྒྱ་ནག་གི་ཕྱི་ལོགས་སུ་མི་ལ་འཆི་སྐྱོན་ཕོག་པའི་གནས་ཚུལ་བྱུང་མེད། འོན་ཀྱང་འགོས་ནད་དེ་འཛམ་གླིང་རྒྱལ་ཁབ་༢༧་ལ་ཁྱབ་ནས་ནད་པ་༢༣༠་ཡས་མས་ཤིག་འདུག་ཅེས་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གནས་ཚུལ་སྤེལ། ཕྱི་ཟླ་༢་པའི་ཚེས་༤་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་ཐེ་ལན་ཌིའི་ཕྱི་སྲིད་བློན་ཆེན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་སྐབས་སུ་ཝང་དབྱིས་རྒྱ་ནག་ལ་གློ་ཚད་རིམས་ནད་འདི་འགོག་ཐུབ་པ་དང་འགོས་ནད་འདི་རྩ་མེད་གཏོང་ཐུབ་པའི་ནུས་པ་དང་གདེང་ཚོད་གཉིས་ཀ་ཡོད། ཝུ་ཧན་གྱི་གློད་ཚད་ནད་དུག་ཕོག་ནས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ནི་ནད་ཡམས་གཞན་པ་བྱུང་ནས་མི་ལ་འཆི་སྐྱོན་བྱུང་བ་ལས་ཀྱང་ཧ་ཅང་གིཉུང་ཉུང་ཡིན་ཞེས་རིམས་ནད་དེའི་ཉེན་ཚབས་ཆུང་དུ་གཏོང་ཐབས་བྱས་ཤིང་། ཡིན་ནའང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་གློ་ཚད་རིམས་ནད་དེ་ཛ་དྲག་ཅན་ཞིག་ལ་ངོས་འཛིན་བྱས་ནས་མི་ལ་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་མང་དུ་འགྲོ་སྲིད་པའི་སྔོན་དཔག་བྱས་འདུག བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་གློད་ཚད་རིམས་ནད་ཀྱི་རྐྱེན་པས་རྒྱ་ནག་གི་མ་རྐང་ཁྲོམ་རར་ཨ་སྒོར་ཁྲག་ཁྲིག་༧་གྱོང་གུད་ཕོག་ཀྱང་འདས་པའི་ཉི་མ་གཉིས་ལ་རྒྱ་ནག་ཚུད་པའི་ཨེ་ཤི་ཡའི་མ་རྐང་ཁྲོམ་ར་རྣམས་ཅུང་ཙམ་འཕར། ཨ་རིའི་ཕོ་བྲང་དཀར་པོའི་དཔལ་འབྱོར་སློབ་སྟོན་པ་ཁཱ་ཌི་ལོས་ཝུ་ཧན་གྱི་འགོས་ནད་གྱི་རྐྱེན་པས་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཚོང་ལས་གྲོས་མཐུན་རིམ་པ་དང་པོར་མིང་རྟགས་བཀོད་པརྒྱ་ནག་གིདུས་ཐོག་ཏུ་ལག་ལེན་བསྟར་རྒྱུ་ཡིན་མིན་ཐེ་ཚོམ་རེད་ཅེས་ཅེས་བཤད།

ད་ལྟ་དཔལ་འབྱོར་ཉམས་ཞིབ་པ་མང་པོ་ཞིག་གིས་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་གློད་ཚད་འགོས་ནད་ཀྱིས་རྒྱ་ནག་གི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་འཕོག་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་སྟེ། དཔེར་ན་ཉི་ཧོང་གི་དབུས་དངུལ་ཁང་གི་གཙོ་འཛིན་གཞོན་པ་ཝ་ཀཱ་ཏ་བྷེས་རྒྱ་ནག་གི་རིམས་ནད་འདིས་འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་ཆེན་པོ་ཞིག་རྒྱག་སྲིད་པའི་ཉེན་ཁ་འདུག དེར་བརྟེན་ཉི་ཧོང་གི་དབུས་དངུལ་ཁང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གསོན་ཤུགས་སྣོན་པར་དངུལ་ཁང་ཁག་ལ་དངུལ་སྒོར་བུ་ལོན་བསྐྱི་རྒྱུའི་གྲ་སྒྲིག་ཡོད་ཅེས་མི་མང་གི་བློ་སེམས་བདེ་ལ་འགོད་ཐབས་སུ་འབད། ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་སྨན་ཁང་ཁག་གི་ལས་བྱེད་པ་ཚོས་རྒྱ་ནག་ལ་ས་མཚམས་ཡོངས་སུ་སྒོ་རྒྱག་དགོས་ཞེས་ལས་བཤོལ་ངོ་རྒོལ་བྱས་ནས་ཉི་མ་གཉིས་འགྲོ་བཞིན་ཡོད་ཅིང་། ཧོང་ཀོང་ས་གནས་གཞུང་གིས་རྒྱ་ནག་ལ་ས་མཚམས་མང་ཆེ་བ་སྒོ་བརྒྱབ་ཀྱང་འགག་སྒོ་གསུམ་སྔར་བཞིན་སྒོ་ཕྱེ། ད་ལྟ་ཧོང་ཀོང་ས་གནས་སུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འགོས་ཁྱབ་བྱུང་བའི་གློ་ཚད་ཀྱི་ནད་པའི་གྲངས་འབོར་༡༨་ལ་སླེབས། ཨོ་མེན་དམིགས་བསལ་ས་ཁུལ་གཞུང་གིས་ཀྱང་ཁ་སང་གཟའ་མིག་དམར་ནས་རྒྱན་འཛུགས་ཤོ་རྒྱག་ཁང་རྣམས་སྒོ་རྒྱག་དགོས་པའི་བཀའ་བསྒྲགས། རྒྱན་འཛུགས་ཤོ་རྒྱག་ནི་ཨོ་མེན་དམིགས་བསལ་ས་ཁུལ་གྱི་དཔལ་འབྱོར་ཡོང་འབབ་ཁོ་ན་ཡིན་པས་རྒྱན་འཛུགས་ཁང་རྣམས་ཡུན་རིང་སྒོ་བརྒྱབ་ན་མངའ་ཁུལ་དེའི་དཔལ་འབྱོར་ཡོང་འབབ་ལ་གྱོང་གུད་ཆེན་པོ་འཕོག་རྒྱུ་ཉག་ཅིག་ཏུ་གྱུར

ཨ་མི་རི་ཀས་རྒྱ་ནག་གི་སྤྱི་དམངས་རྣམས་དང་འདས་པའི་ཉི་མ་༡༤་ནང་ཚུད་དུ་རྒྱ་ནག་ལ་ཕྱིན་པའི་ཕྱི་རྒྱལ་བ་རྣམས་ཨ་མི་རི་ཀར་ཡོང་མི་ཆོག རྒྱ་ནག་གཞུང་གིས་ངེས་པར་དུ་ཝུ་ཧན་གྱི་གློ་ཚད་རིམས་ནད་ཁྱབ་གདལ་འགྲོ་བཞིན་པར་བཀག་སྡོམ་བྱ་དགོས་ཞེས་སྐུལ་ལྕག་བཏང་བར་རྒྱ་ནག་གི་སྐྱོན་བྗོད་བྱས་འདུག ཡིན་ནའང་ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི། སིངྒ་པུར་སོགས་རྒྱལ་ཁབ་གཞན་ཁག་གིས་ཀྱང་རང་རང་གི་ས་ཐོག་ལ་རྒྱ་ནག་གི་སྤྱི་དམངས་དང་ཉེ་ཆར་རྒྱ་ནག་ལ་ཕྱིན་པའི་ཕྱི་རྒྱལ་བ་ཚོ་ཡོང་མི་ཆོག་པའི་འགྲིམ་འགྲུལ་བཀག ཨ་མི་རི་ཀའི་གཞུང་གིས་ཝུ་ཧན་གྲོང་ཁྱེར་དུ་འགག་ཡོད་པའི་ཨ་རིའི་སྤྱི་དམངས་རྣམས་སྐྱོབ་ལེན་བྱེད་པར་གནམ་གྲུ་ཁ་སྣོན་གཏོང་དགོས་མིན་བསམ་གཞིག་བྱེད་ཀྱི་ཡོད་པ་ལྟར་དབྱིན་ཇི་དང་ཧྥ་རན་སི་སོགས་ཀྱང་རང་གི་སྤྱི་དམངས་རྣམས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་འགག་ཡོད་པ་གནམ་གྲུ་བཏང་ནས་སྐྱོབ་ལེན་བྱ་དགོས་པའི་བསམ་གཞིག་བྱེད་བཞིན་འདུག རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་གློད་ཚད་རིམས་ནད་དྲག་སྐྱེད་བྱུང་བའི་ཐེ་ལན་ཌིའི་གླ་འཁོར་ཁ་ལོ་བ་ཞིག་གིས་ང་ལ་ནད་དུག་དེ་ཕོག་འདུག་ཟེར་བ་ཐོས་དུས་ངུས་པ་ཡིན། ཅིའི་ཕྱིར་ཞེ་ན་ངས་རང་གི་བཟའ་མི་རྣམས་གསོ་དགོས། འོན་ཀྱང་ང་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ཞེ་འཁོན་མེད། ང་རིམས་ནད་འདི་ནས་ཐར་ཐུབ་ཡོད་པས་ཝུ་ཧན་པ་རྣམས་ཀྱང་ངེས་པར་དུ་འགོས་ནད་འདི་ནས་ཐར་ངེས་རེད་ཅེས་ཝུ་ཧན་གྱི་ནད་པ་ཚོར་སེམས་ཤུགས་སྤར་ནས་གསར་འགོད་པར་བཤད་འདུག

རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གཞུང་གིས་འགྲེམ་སྟོན་ཁང་དང་རྩེད་འགྲན་ཚོགས་ཁང་། ལུས་རྩལ་ཁང་སོགས་ཚུད་པའི་ཁང་ཆེན་༨་སྨན་ཁང་ལ་བསྒྱུར། ཝུ་ཧན་གྲོང་ཁྱེར་གྱི་ས་གནས་ཁག་༡༡་སྨན་ཁང་ལ་སྒྱུར་གྱི་ཡོད་པ་ལེགས་གྲུབ་བྱུང་ན་ནད་པ་༡༠༠༠༠་གཅིག་ལ་སྨན་བཅོས་བྱེད་ཐུབ་པའི་མཐུན་རྐྱེན་འཛོམས། ཉེ་ཆར་རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་ལ་སྨན་ཁང་གསར་པ་གཉིས་འཛུགས་སྐྲུན་བྱས་པ་དེ་དག་གི་གཅིག་གི་ནང་དུ་ཉལ་ཁྲི་༡༠༠༠་དང་སྨན་ཁང་གཞན་པ་དེར་ཉལ་ཁྲི་༡༦༠༠་ཡོད་པ་སྒོ་ཕྱེ་འདུག ཡིན་ནའང་སྟབས་མ་ལེགས་པ་ཞིག་ལ་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་གློ་ཚད་ནད་དུག་རྒྱ་ནག་གི་མི་འབོར་མང་བའི་ཀྲེ་ཅང་ཞིང་ཆེན་དང་ཧྲང་ཧེ་གྲོང་ཁྱེར་སོགས་ལའང་ཁྱབ་ཀྱི་ཡོད་པའི་རྟགས་མཚན་ཞིག་མངོན། རྒྱ་ནག་གཞུང་གིས་ཧང་ཀྲུག་གྲོང་ཁྱེར་གྱི་ས་ཁུལ་གསུམ་ལ་འགྲིམ་འགྲུལ་དང་སྐྱེལ་འདྲེན་བཀག་ནས་མི་མང་རྣམས་རང་ཁྱིམ་དུ་འཛུལ་དགོས། ཉི་མ་གཉིས་རེའི་མཚམས་སུ་ཁྱིམ་ཚང་རེའི་མི་རེ་ཕྱི་ལ་ཐོན་ནས་བཟའ་བཏུང་དང་ཉེར་མཁོའི་རིགས་རྣམས་ཉོ་ཆ་རྒྱག་ཆོག་པའི་ཁྲིམས་ཤིག་གཏན་འབེབས་བྱས་ཡོད་པར་བརྟེན། ཧང་ཀྲུག་གྲོང་ཁྱེར་གྱི་ས་ཁུལ་གསུམ་པོ་དེའི་མི་གྲངས་ས་ཡ་༣་འགུལ་སྐྱོད་རྒྱག་ཆོག་གི་མེད་པ་དང་། ད་སྔ་རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན་གཅིག་པུར་ཝུ་ཧན་གྱི་གློ་ཚད་རིམས་ནད་འགོས་ཡོད་པའི་ནད་པ་༨༢༩་ཡོད། ཧང་ཀྲུག་གྲོང་ཁྱེར་དུ་ནད་པ་༢༠༠་དང་མི་གཅིག་ལ་འཆི་སྐྱོན་བྱུང་འདུག ཐོག་མར་ཝུ་ཧན་གྱི་གློ་ཚད་རིམས་ནད་དེ་གྲོང་ཁྱེར་དེའི་མཚོ་ཟས་ཁྲོམ་ར་ཞིག་ཏུ་སྲོག་ཆགས་གསོན་པོ་ཉོ་ཚོང་བྱེད་ཀྱི་ཡོད་པ་དེ་ནས་མི་ལ་ནད་དུག་འགོས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG