ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིས་ལྷོ་ཀོ་རི་ཡ་ལ་རྡུལ་མཚོན་འགོག་སྲུང་གི་ཁས་ལེན་དེས་རྒྱ་ནག་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་སྲིད་དམ།


ལྷོ་ཀོ་རི་ཡའི་སྲིད་འཛིན་ཡུན་སུག་ཡོལ་མཆོག་ཉེ་ཆར་ཨ་མེ་རི་ཀའི་ནང་རྒྱལ་དོན་འཚམས་འདྲིར་ཕེབས་ཤིང་། ལྷོ་ཀོ་རི་ཡ་དང་ཨ་རི་ཕྱོགས་གཉིས་བར་ཕྱི་འབྲེལ་གྱི་གྲུབ་འབྲས་གལ་ཆེན་ཞིག་སོན་ཡོད་པ་ནི། ལྷོ་ཀོ་རི་ཡར་འཕྲད་བཞིན་པའི་རྡུལ་མཚོན་གྱི་ཉེན་ཁ་ཐད། ཨ་རིས་སྲུང་སྐྱོབ་ནུས་ཤུགས་རྒྱ་བསྐྱེད་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། དེ་དང་ཆབས་ཅིག། ལྷོ་ཀོ་རི་ཡས་རྡུལ་མཚོན་འཕེལ་རྒྱས་མི་གཏོང་རྒྱུའི་ཁས་ལེན་བྱས་འདུག། ཁ་ཅིག་ལྟར་ན། ལྷོ་ཀོ་རི་ཡས་གནས་སྐབས་རིང་རྡུལ་མཚོན་མཚམས་འཇོག་བྱས་པ་དེས། པེ་ཅིང་ལ་དབུགས་དབྱུང་གི་གོ་སྐབས་ཤིག་ཐོབ་པ་ཉིད་དུ་བཞེད། ཡང་ཁ་ཅིག་གིས་ཨ་རིས་ལྷོ་ཀོ་རི་ཡའི་ནང་རྡུལ་མཚོན་འགོག་སྲུང་གི་ནུས་ཤུགས་ཡར་རྒྱས་བཏང་བ་ཙམ་གྱིས་གང་ཡང་མི་ཡོང་བར། དེ་ལས་ཨ་རིས་བསྐྱར་དུ་ལྷོ་ཀོ་རི་ཡ་རུ་འཐབ་ཇུས་ལ་མཁོ་བའི་རྡུལ་མཚོན་འགྲེམས་འཇོག་བྱས་ན། ད་གཟོད་བྱང་ཀོ་རི་ཡའི་རྡུལ་མཚོན་གྱི་ཉེན་ཁར་འགོག་རྒོལ་བྱ་ཐུབ་པར་མ་ཟད། ཞོར་ལ་པེ་ཅིང་ཡང་ཟིལ་གྱིས་མནན་ཏེ་ཐེ་ཝན་ལ་དྲག་སྤྱོད་སྤེལ་མི་ཕོད་པར་བྱེད་པའི་དགེ་མཚན་ལྡན་ཞེས་བཤད།

རེས་གཟའ་ཕུར་བུའི་ཉིན། སྲིད་འཛིན་ཡུན་སུག་ཡོལ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་འོག་ལྷན་རྒྱས་སར་གཏམ་བཤད་གནང་སྟེ། ལྷོ་ཀོ་རི་ཡས་ཨ་མེ་རི་ཀ་དང་ལྷན་གཅིག་ཏུ་དཔུང་པ་མཉམ་གཤིབ་ཀྱིས་རང་དབང་གི་རིན་ཐང་ལྟ་གྲུབ་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་པར་མ་ཟད། ཨ་རི་དང་ལྷོ་ཀོ་རི་ཡའི་འབྲེལ་ལམ་ཁྱོན་ཡོངས་ནས་ཡར་རྒྱས་གཏང་རྒྱུའི་སྐོར་ནན་བརྗོད་གནང་ཡོད་ཅིང་། ལོ་ངོ་༧༠ ཐམ་པའི་རིང་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་མནའ་མཐུན་གྱི་འབྲེལ་བ་ཆགས་པ་དེ་བཞིན་ད་ཆ་འཛམ་བུ་གླིང་གི་རང་དབང་དང་ཞི་བདེ་བརྟན་སྲུང་བྱེད་པའི་གོ་ལ་ཁྱོན་ཡོངས་ལ་འཁྲི་བའི་མནའ་མཐུན་གྱི་མཛའ་འབྲེལ་གྲུབ་ཡོད། ཅེས་གསུངས།

དེ་བཞིན་ཨ་མེ་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ནས་ཝ་ཤིན་ཊོན་གྱི་བསྒྲགས་གཏམ་ཞེས་ཐུན་མོང་གསལ་བསྒྲགས་ཤིག་སྤེལ་ཏེ། དོན་གྱི་སྙིང་པོར་ཨ་རིས་ལྷོ་ཀོ་རི་ཡ་ལ་རྡུལ་མཚོན་འགོག་སྲུང་བྱ་རྒྱུའི་ཐད་ནུས་ཤུགས་རྒྱ་བསྐྱེད་གཏང་རྒྱུའི་ཁས་ལེན་གྱིས་མཐའ་བཞི་ཟིལ་གྱིས་གནོན་པའི་སྒྲིག་གཞི་སྔར་ལས་ལྷག་པར་ཡར་རྒྱས་བཏང་ཞིང་། རྒྱལ་ཁབ་གཉིས་པོ་ཐུན་མོང་གི་ཐོག་ནས་བརྗོད་དོན་ལ། གལ་སྲིད་བྱང་ཀོ་རི་ཡས་རྡུལ་མཚོན་གྱི་རྒོལ་རྡུང་གཏོང་ཚེ། ཨ་རིའི་རྡུལ་ཕྲན་མཚོན་ཆ་ཐེ་བའི་མནའ་འབྲེལ་གྱི་དམག་ཤུགས་ཡོངས་རྫོགས་བེད་སྤྱོད་བྱ་རྒྱུ་ཡིན་པར་བརྗོད།

རྡུལ་མཚོན་བཀོལ་བའི་འཐབ་ཇུས་ཀྱི་འཆར་གཞི་ལས། ལྷོ་ཀོ་རི་ཡས་ནུས་པ་གཙོ་འདོན་བྱ་རྒྱུ་ཡིན་པར་ཝ་ཤིན་ཊོན་གྱི་ངོས་ནས་ཁས་ལེན་གནང་ཡོད་པ་དང་། ཨ་རིའི་རྡུལ་མཚོན་འཕུར་མདེལ་བསྣམས་པའི་མཚོ་འོག་གྲུ་གཟིངས་དུས་ཆད་ལྟར་ལྷོ་ཀོ་རི་ཡའི་རྒྱ་མཚོའི་འགྲམ་ངོགས་སུ་འཇོག་རྒྱུ་ཡིན་པ་ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་གིས་གསལ་བསྒྲགས་གནང་ཞིང་། དེ་ནི་༡༩༨༡ ཚུན་ཆད་ཐེངས་དང་པོ་ཡིན་པ་རེད། དེ་དང་དུས་མཚུངས་སུ། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ད་ལོའི་སྔ་ཤས་ཙམ་ལ་ལྷོ་ཀོ་རི་ཡས་རྡུལ་མཚོན་བཟོ་སྐྲུན་བྱ་རྒྱུའི་ལངས་ཕྱོགས་ཤིག་ལ་བསམ་ཞིབ་བྱེད་ཀྱི་ཡོད་པ་ཤུགས་སུ་བསྟན་མྱོང་ཡང་། ད་ལན་ལྷོ་ཀོ་རི་ཡས་རྡུལ་མཚོན་རྒྱ་བསྐྱེད་མི་གཏོང་བའི་གྲོས་ཆོད་དགོངས་དོན་ལ་རྩ་འཛིན་གྱིས་སོ་སོའི་ངོས་ནས་རྡུལ་མཚོན་མི་བཟོ་རྒྱུའི་ཁས་ལེན་བྱས་འདུག།

ཨ་རིའི་ཕྱོགས་ནས་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཐུན་མོང་ཐོག་སྤེལ་བའི་ཝ་ཤིན་ཊོན་གྱི་བསྒྲགས་གཏམ་གྱི་ནང་དོན་སྐོར་པེ་ཅིང་ལ་མ་གོ་མ་ཐོས་མེད་པའི་བརྡ་ཞིག་བཏང་ཡོད་མོད་ཀྱང་། རྒྱ་ནག་གིས་ཕྱོགས་ནས་ཨ་མེ་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ཀོ་རི་ཡའི་ཕྱེད་གླིང་དུ་བཀོད་སྒྲིག་བྱེད་སྟངས་དེར་ངོ་རྒོལ་ཤུགས་ཆེ་བྱས་ཏེ། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ནཱིན་གྱིས་རེས་གཟའ་ཕུར་བུའི་ཉིན་གསར་འགོད་གསལ་བསྒྲགས་སྤེལ་སྐབས་སུ། མདུང་རྩེ་མ་ལུས་ཨ་མེ་རི་ཀར་གཏད་དེ། ཨ་རིས་ཀོ་རི་ཡའི་ཕྱེད་གླིང་གི་གནད་དོན་ཐད། དཔུང་ཚོགས་ཁག་བགོས་ཀྱིས་དབྱེན་སྦྱོར་དཀྲུག་ཤིང་དང་། རྡུལ་མཚོན་ཁྱབ་གདལ་མི་འགྲོ་བའི་གྲོས་ཆོད་ལ་བརྡལ་བཤིག། རྒྱལ་ཁབ་གཞན་གྱི་ཁེ་ཕན་ལ་དོ་ཕོག། ཀོ་རི་ཡ་ཕྱེད་གླིང་གི་གནད་སྟངས་ཛ་དྲག་ཏུ་བཏང་བ། ས་ཁུལ་གྱི་ཞི་བདེ་བརྟན་བརླིང་ལ་གཏོར་བཤིག་བཏང་བ། ཀོ་རི་ཡ་ཕྱེད་གླིང་རྡུལ་མཚོན་མེད་པ་ཅན་དུ་གཏང་རྒྱུའི་དམིགས་ཡུལ་ལ་རྒྱབ་འགལ་བྱས་པ་སོགས་དོན་ཚན་ལུ་གུ་རྒྱུད་དུ་བགྲངས་ནས་སྐྱོན་བརྗོད་བྱས་ཡོད་པ་རེད། ཨ་རི་དང་ལྷོ་ཀོ་རི་ཡའི་གཉིས་བཀོད་སྒྲིག་གཏིང་ཟབ་ཏུ་བཏང་བ་དེས། ལྷོ་ཀོ་རི་ཡ་སོགས་རྒྱལ་ཁབ་ཁག་གིས་རྡུལ་མཚོན་གསར་བཟོའི་ལས་གཞི་འགོག་ཐུབ་པའི་དགེ་མཚན་ཡོད་པ་དང་། དེ་ལྟར་བྱུང་ན། ཨ་རིར་ལ་ཕན་པ་ཙམ་མ་ཟད་རྒྱ་ནག་ལའང་དེ་བཞིན་ཕན་གྱི་རེད་ཅེས་བསྒྲགས་གཏམ་དེ་བཞིན་མ་སྤེལ་བའི་སྔོན་ཙམ་ལ། ཨ་རིའི་ཕྱོགས་ནས་རྒྱ་ནག་གི་དོགས་པ་སེལ་ཐབས་ཤིག་ཀྱང་གནང་ཡོད་པ་རེད།

ལྷོ་ཀོ་རི་ཡའི་སྲིད་འཛིན་ཡུན་སུག་ཡོལ་མཆོག་ན་ནིང་ལོའི་ཟླ་བ་༥ པའི་ནང་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་། ད་ལན་ཨ་མེ་རི་ཀར་འཚམས་འདྲིར་ཕེབས་པ་ཐེངས་མ་དང་པོ་ཡིན་ཞིང་། ཉེ་སྔོན་ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་གིས་ཀོ་རི་ཡའི་ཕྱེད་གླིང་གི་གནད་དོན་ཐད་རྣམ་འགྱུར་ཅི་ཡིན་གསལ་པོ་བསྟན་ཡོད་པ་རེད། གནད་དོན་དབྱེ་ཞིབ་པས་བརྗོད་པ་ལྟར་ན། ད་ལན་སྲིད་འཛིན་རྣམ་གཉིས་ཀྱིས་ཝ་ཤིན་ཊོན་གྱི་བསྒྲགས་གཏམ་ལ་རྩེ་མཐུན་བྱུང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་རྟག་ཏུ་བརྟན་པ་དང་། མནའ་མཐུན་གྱི་འབྲེལ་ལམ་དེ་བཞིན་དགོས་ངེས་ཡིན་པ་ནན་བརྗོད་གནང་ཡོད་ཀྱང་། བསྒྲགས་གཏམ་ལས་འཁོད་པའི་ཨ་རིས་མཐའ་བཞི་ཟིལ་གྱིས་གནོན་པའི་འཐབ་ཇུས་རྒྱ་བསྐྱེད་ཀྱིས་བྱང་ཀོ་རི་ཡའི་རྡུལ་མཚོན་གྱི་ཉེན་ཁར་བཀག་འགོག་དོན་ཕན་ལྡན་པ་ཞིག་བྱ་རྒྱུ་ཡིན་ན། རྗེས་ནས་ད་དུང་དེའི་ཐད་གཏིང་ཇེ་ཟབ་དང་འཐུས་ཇེ་ཚང་དུ་གཏང་དགོས་ས་མང་པོ་འདུག། ཅེས་བཀྲལ།

ཀོ་རི་ཡའི་ཕྱེད་གླིང་དུ་རྡུལ་མཚོན་གྱི་ཉེན་ཁར་འགོག་སྲུང་གི་ནུས་པ་ཡར་རྒྱས་བཏང་བ་ཙམ་གྱིས་འདང་གི་ཡོད་དམ། ཐད་ཀར་འཐབ་ཇུས་ལ་མཁོ་བའི་རྡུལ་མཚོན་འགྲེམ་འཇོག་བྱས་ན་དགེ་མཚན་ཆེ་བ་ཡོད་དམ། དེ་ནི་བརྗོད་གཞི་ཧ་ཅང་ཁག་པོ་ཞིག་སྟེ། སྔར་ཨ་རིས་༡༩༥༨ ལོ་ནས་བཟུང་ལྷོ་ཀོ་རི་ཡ་རུ་འཐབ་ཇུས་ལ་མཁོ་བའི་རྡུལ་མཚོན་འགྲེམ་འཇོག་བྱས་ཡོད་ཀྱང་༡༩༩༡ ལོར་ཕྱིར་འཐེན་བྱས་ཡོད་པ་རེད། བྱང་ཀོ་རི་ཡའི་རྡུལ་མཚོན་གྱི་གནད་དོན་བྱུང་བ་དང་ཀོ་རི་ཡ་ཕྱེད་གླིང་གི་ཉེན་ཁ་ཇེ་ཆེར་ཕྱིན་ཞིང་། ཨ་མེ་རི་ཀའི་འཐབ་ཇུས་བདེ་འཇགས་དང་དམག་དོན་གྱི་ཁྱབ་ཁོངས་ནས། ཨ་རིས་བསྐྱར་དུ་ལྷོ་ཀོ་རི་ཡའི་ནང་འཐབ་ཇུས་ལ་མཁོ་བའི་རྡུལ་མཚོན་འཇོག་དགོས་པའི་རེ་འདུན་འདོན་མཁན་ཡང་ཇེ་མང་ནས་ཇེ་མང་ཡིན་པ་རེད།

ཨ་རིའི་རིག་མཛོད་འཐབ་ཇུས་ལྟེ་གནས་ཀྱི་ཆེས་མཐོའི་ཉམས་ཞིབ་པ་རེ་ཆཱར་ཌི་ཧྥེ་ཤར་ལགས་ཀྱིས་བརྗོད་དོན་ལ། ཨ་རིས་ལྷོ་ཀོ་རི་ཡའི་ནང་རྡུལ་མཚོན་བཞག་པ་ཡིན་ན། རྒྱ་ནག་གིས་ཀྱང་གོ་སྣང་སླེབས་སྲིད་པ་རེད། ཨ་རིས་རྡུལ་མཚོན་དེ་དག་སྤྱད་ནས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུར་བཀག་འགོག་བྱེད་ཐུབ་ཀྱི་རེད། རྒྱ་ནག་གིས་ལྷོ་ཀོ་རི་ཡ་དང་། ཉི་ཧོང་། ཨ་གླིང་བཅས་ལ་རྡུལ་མཚོན་ཡོད་དུ་འཇུག་འདོད་མེད་པ་རེད། རྒྱ་ནག་གིས་དང་པོ་སོ་སོ་ཨེ་ཤེ་ཡའི་ནང་རྡུལ་མཚོན་མང་ཤོས་ཀྱི་རྒྱལ་ཁབ་ཆགས་འདོད་ཡོད་ཅིང་། དང་པོ་ཨེ་ཤེ་ཡའི་ནང་གཙོ་བདག་ཆགས་རྗེས་གཞི་ནས་འཛམ་གླིང་དང་ས་ཁུལ་གཞན་དུ་རྒྱ་བསྐྱེད་འདོད་ཡོད་པ་རེད། ཅེས་བརྗོད། ཡིན་ནའང་། ཁོང་གིས་ལྷོ་ཀོ་རི་ཡ་དང་། ལྷག་པར་དུ་སྲིད་འཛིན་ཡུན་སུག་ཡོལ་མཆོག་ལ་མཚོན་ན། ཨ་རིས་བསྐྱར་དུ་ལྷོ་ཀོ་རི་ཡའི་ནང་འཐབ་ཇུས་ལ་མཁོ་བའི་རྡུལ་མཚོན་འགྲེམ་འཇོག་གི་ཞལ་བཞེས་མ་གནང་བ་དེ། ཁོང་ལ་མཚོན་ན་བློ་ཕམ་སྐྱེ་གཞི་ཞིག་རེད་ཅེས་བརྗོད། དེ་ལན་གྱི་ཝ་ཤིན་ཊོན་གྱི་བསྒྲགས་གཏམ་དེའི་ནང་འཐབ་ཇུས་ལ་མཁོ་བའི་རྡུལ་ཕྲན་མཚོན་ཆའི་སྐོར་ཟུར་ཙམ་ཡང་གསལ་མེད་པ་རེད།

ད་ལྟའི་ཆར་ལྷོ་ཀོ་རི་ཡས་ཐེ་ཝན་གྱི་གནད་དོན་སྐོར་ལ་སྔར་ལས་ལྷག་པ་དོ་སྣང་སླེབས་ཀྱི་འདུག་ཅིང་། བྷ་ཌན་དང་ཡུན་སུག་ཡོལ་རྣམ་གཉིས་ཐུན་མོང་ཐོག་སྤེལ་བའི་གསལ་བསྒྲགས་ལས། ཐེ་ཝན་མཚོ་འགག་ཕྱོགས་གཉིས་ཀྱི་ཞི་བདེ་བརྟན་བརླིང་གི་གལ་ཆེན་ཡིན་སྐོར་ནན་བརྗོད་གནང་ཡོད་པ་དང་། ས་ཁུལ་དེའི་བདེ་འཇགས་དང་འབྱོར་ཕྱུག་ནི་ཡལ་བར་དོར་མི་རུང་བའི་རྒྱུ་རྐྱེན་གལ་ཆེན་ཡིན་ལུགས་ཀྱང་བརྗོད་འདུག། དེ་ནི་ཉེ་སྔོན་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡུན་སུག་ཡོལ་མཆོག་གིས་ཐེ་ཝན་མཚོ་འགག་ཕྱོགས་ཀྱི་བདེ་འཇགས་ཀྱི་གནད་དོན་ནི་གོ་ལའི་ཁྱོན་ཡོངས་ཀྱི་གནད་དོན་ཞིག་ཡིན་པའི་འགྲེལ་བརྗོད་གནང་བ་དང་ཡོངས་སུ་མཐུན་པ་ཞིག་ཀྱང་རེད། གནད་དོན་དབྱེ་ཞིབ་པ་ལྟར་ན། སྲིད་འཛིན་ཡུན་སུག་ཡོལ་མཆོག་གིས་དེ་སྔོན་རྣམ་འགྱུར་སྟོན་སྟངས་དེ་ནི། ལྷོ་ཀོ་རི་ཡའི་ངོས་ནས་ད་ཕན་ཐེ་ཝན་གྱི་གནད་དོན་དང་། ཐེ་ཝན་མཚོི་འགག་ཕྱོགས་གཉིས་ཀྱི་གནད་དོན་ཐད་གང་ཡང་མི་བརྗོད་པའི་བར་གནས་ཀྱི་སྲིད་ཇུས་ལ་འགྱུར་བ་ཐེབས་ཟིན་པར་མཚོན་གྱི་ཡོད་པ་རེད། ཅེས་བརྗོད།

XS
SM
MD
LG