ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨོ་ལི་དང་དྷལ་གཉིས་ཀས་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པ་འགུགས་ཐབས། 


༄༅།། བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་བློན་ཤར་མ་ཨོ་ལིས་རྒྱལ་ཡོངས་གྲོས་ཚོགས་ཕྱིར་བསྡུ་བྱས་པ་ཁྲིམས་འགལ་རེད། ཕྱི་ཟླ་༣་པའི་ཚེས་༨་མི་འགྱངས་པར་གྲོས་ཚོགས་བསྐྱར་སྐོང་བྱ་དགོས་ཞེས་ཐག་གཅོད་བྱས་ནས་བཟུང་། བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གིས་རང་གི་སྟོབས་ཤུགས་རྒྱ་སྐྱེད་དང་སྲིད་དོན་ཚོགས་པ་ཆུང་ཁག་ལ་མཉམ་འབྲེལ་བྱས་ནས་མཐུན་གྲོགས་བསྒྲིག་རྒྱུ་འགོ་ཚུགས། ཟླ་ཤས་གོང་དུ་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་པ་ཁ་འཐོར་སོང་བའི་རྗེས་སུ་སྲིད་བློན་ཤར་མ་ཨོ་ལི་དང་དམར་ཤོག་ཚོགས་པའི་འགོ་ཁྲིད་པུ་ཤ་པ་ཀ་མལ་དྷལ་གཉིས་ཀས་རང་གི་ཤོག་ཁག་དེ་བལ་ཡུལ་གྱི་དམར་ཤོག་ཚོགས་པ་ངོ་མ་དེ་ཡིན་ཞེས་རྩོད་པ་བརྒྱབ། ཟླ་རྗེས་མར་བལ་ཡུལ་ལ་སྲིད་གཞུང་གསར་པ་ཞིག་འཛུགས་པའི་སྐབས་སུ་ཀོང་རེ་སི་ཚོགས་པས་སྲིད་བློན་ཤར་མ་ཨོ་ལིའི་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་པའམ། ཡང་ན་དྷལ་གྱི་ཤོག་ཁག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་མིན་ཐག་ཆོད་མེད་ཅིང་། བལ་ཡུལ་གྱི་ཀོང་རེ་སི་ཚོགས་པར་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་༦༣་ཀྱི་གདན་ཐོབ་ཡོད་པས་ཕྱོགས་འགལ་སྲིད་དོན་ཚོགས་པ་ཆེ་ཤོས་སུ་གྱུར། འདས་པའི་ཉིན་ཤས་སྔོན་ནས་སྲིད་བློན་ཨོ་ལི་དང་དྷལ་གྱི་ཤོག་ཁག་གཉིས་ཀས་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པ་རང་ཕྱོགས་སུ་འགུགས་ཐབས་སུ་འབད། བལ་ཡུལ་གྱི་ཀོང་རེ་སི་ཚོགས་པས་སྲིད་བློན་ཨོ་ལི་དང་པུ་ཤ་པལ་ཀ་མལ་དྷལ་གཉིས་ཀྱི་སུ་ལ་རྒྱབ་སྐྱོར་བྱེད་ན་ཤོག་ཁག་དེས་བལ་ཡུལ་ལ་སྲིད་གཞུང་གསར་པ་ཞིག་འཛུགས་ཐུབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཚོས་ངང་སྒུག་བྱས་ནས་བལྟ་རྒྱུ་ཡིན། ཅིའི་ཕྱིར་ཞེ་ན་སྲིད་བློན་ཨོ་ལི་དང་དྷལ་གཉིས་དབང་རྩོད་བྱུང་བ་དང་ལྟ་བ་མ་མཐུན་པའི་འགལ་ཟླ་བྱུང་ཡང་བལ་ཡུལ་གྱི་དམར་ཤོག་ཚོགས་པ་ཁྲིམས་ཐོག་ཏུ་དངོས་སུ་ཁ་འཐོར་ཕྱིན་མི་འདུག་ཅེས་ལངས་ཕྱོགས་གསལ་པོར་བསྟན། བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་དྷོ་ཡེ་བྷ་དང་རམ་ཅན་དྷ་ར་པཱོ་ཌེལ་གཉིས་ཀས་བལ་ཡུལ་གྱི་དམར་པོའི་ཤོག་ཁག་དེ་དག་བསྐྱར་འགྲིག་འབྱུང་སྲིད། ད་ལྟའི་དུས་སྐབས་འདིར་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པས་ཤོག་ཁག་གཅིག་ལ་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱ་རྒྱུ་མིན། ཁྲིམས་ཐོག་ཏུ་ཨོ་ལི་དང་དྷལ་གྱི་ཤོག་ཁག་གཉིས་ཀ་སྔར་བཞིན་བལ་ཡུལ་གྱི་དམར་ཤོག་ཚོགས་པ་རེད། གལ་སྲིད་བལ་ཡུལ་གྱི་དམར་ཤོག་ཚོགས་པ་ཤོག་ཁག་གཉིས་མིན་པར་སྲིད་དོན་ཚོགས་པ་གཉིས་སུ་ཁ་གྱེས་ཡོད་ཚེ། ཀོང་རེ་སི་ཚོགས་པས་སྲིད་དོན་ཚོགས་པ་གང་ལ་རྒྱབ་སྐྱོར་བྱ་དགོས་མིན་ཐག་གཅོད་བྱེད་བདེ་པོ་ཡོད་པར་མ་ཟད། བལ་ཡུལ་གྱི་ཀོང་རེ་སི་ཚོགས་པ་སྲིད་གཞུང་གསར་པ་འཛུགས་རྒྱུ་དེར་མཉམ་ཞུགས་བྱེད་ཆོག་ཅེས་བཤད། ཆེས་མཐོའི་ཁྲིམས་ཁང་གིས་རྒྱལ་ཡོངས་གྲོས་ཚོགས་ཕྱིར་བསྡུ་བྱས་པ་ཁྲིམས་འགལ་རེད་ཅེས་ཐག་གཅོད་བྱས་ཀྱང་ཤར་མ་ཨོ་ལིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུ་དང་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུའི་རྟགས་མཚན་བྲལ། ཤར་མ་ཨོ་ལིས་བལ་ཡུལ་ལ་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ཤིག་འཛུགས་ཐབས་དང་དམར་ཤོག་ཚོགས་པས་གཙོ་འཛིན་དང་སྲིད་བློན་གཉིས་ཀྱི་གོ་གནས་མི་གཅིག་གིས་འཛིན་རྒྱུ། ཁོ་པས་པུ་ཤ་པ་ཀ་མལ་དྷལ་ལ་སྲིད་དབང་ཆ་བགོ་བྱ་རྒྱུའི་ཁས་ལེན་བྱས་པ་རྣམས་ཁ་དན་ཚིག་ལ་མ་གནས་པར་བལ་ཡུལ་ལ་ཆབ་སྲིད་བརྟན་ལྷིང་མེད་པའི་དཀའ་ངལ་ཕྲད།།

ཁ་སང་གཟའ་ལྷག་པའི་ཉིན་སྲིད་བློན་ཨོ་ལིའི་ཤོག་ཁག་གི་མགྲིན་ཚབ་པ་པྲ་དིབ་གྷ་ཝ་ལིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་ལྟར་ཉི་མ་༡༣་གྱི་ནང་ཚུད་དུ་རྒྱལ་ཡོངས་གྲོས་ཚོགས་བསྐྱར་སྐོང་བྱ་རྒྱུ་ཡིན། སྲིད་བློན་ཨོ་ལིས་བལ་ཡུལ་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་གཙིགས་སུ་བཟུང་ནས་ལས་དོན་བསྒྲུབ་འཆར་ཡོད་ཅེས་སྲིད་དབང་རྒྱུན་འཁྱོངས་བྱ་རྒྱུའི་རྣམ་འགྱུར་བསྟན། པུ་ཤ་པ་ཀ་མལ་དྷལ་དང་ནེ་པལ་གཉིས་ཀྱི་ཤོག་ཁག་གིས་ཤར་མ་ཨོ་ལི་སྲིད་བློན་གྱི་ལས་གནས་ནས་དགོངས་པ་མ་ཞུས་ཀྱང་ཁྱད་པར་མེད། ང་ཚོས་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ཚོར་ཤར་མ་ཨོ་ལིས་འགོ་ཁྲིད་པའི་བལ་ཡུལ་གྱི་སྲིད་གཞུང་ལ་ཡིད་ཆེས་མེད་ཅེས་འོས་ཤོག་འཕེན་དུ་འཇུག་ཆོག དྷལ་དང་ནེ་པལ་གྱི་ཤོག་ཁག་དེར་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་༩༠་ཐམ་པ་ཡོད་ཅེས་བསྒྲགས། གལ་སྲིད་དྷལ་དང་ནེ་པལ་གྱི་ཤོག་ཁག་དེར་ངོ་མར་གྲོས་ཚོགས་འཐུས་མི་༩༠་ཡོད་ན་སྲིད་བློན་ཨོ་ལིའི་ཤོག་ཁག་དེར་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་༨༤་ལས་མེད། དེར་བརྟེན་བལ་ཡུལ་ལ་སྲིད་གཞུང་གསར་པ་ཞིག་འཛུགས་པར་ཨོ་ལི་དང་དྷལ་གྱི་ཤོག་ཁག་གཉིས་ཀར་ཀོང་རེ་སི་ཚོགས་པའི་རྒྱབ་སྐྱོར་མེད་པར་སྲིད་གཞུང་གསར་པ་ཞིག་ནམ་ཡང་འཛུགས་ཐབས་མེད། ཀོང་རེ་སི་ཚོགས་པའི་འགོ་ཁྲིད་མཱི་ནེན་དྷ་ར་རི་ཇལ་གྱིས་ང་ཚོས་དྷལ་དང་ནེ་པལ་གཉིས་ཀྱིས་རང་གི་ཁ་ཤོག་དེར་སྣེ་ཁྲིད་ཇི་ལྟར་བྱ་རྒྱུ་ཡིན་མིན་ལ་བལྟ་རྒྱུ་ཡིན། བལ་ཡུལ་གྱི་དམར་ཤོག་ཚོགས་པའི་གྲོས་ཚོགས་འཐུས་མིའི་འགོ་ཁྲིད་ལ་འཕོ་འགྱུར་གཏོང་རྒྱུ་ཡིན་མིན་ཐད་ང་ཚོར་ཅི་ཡང་བཤད་རྒྱུ་མེད། བལ་ཡུལ་གྱི་དམར་ཤོག་ཚོགས་པ་དངོས་སུ་ཁ་འཐོར་སོང་ན་ཀོང་རེ་སི་ཚོགས་པས་སྲིད་གཞུང་གསར་པ་ཞིག་འཛུགས་རྒྱུ་དེར་རྒྱབ་སྐྱོར་བྱེད་ཕྱོགས་སུ་བསམ་ཞིབ་བྱེད་ཆོག་ཅེས་བཤད།།

སྲིད་བློན་ཤར་མ་ཨོ་ལི་དང་དམར་ཤོག་ཚོགས་པའི་འགོ་ཁྲིད་པུ་ཤ་པ་ཀ་མལ་དྷལ་གཉིས།
སྲིད་བློན་ཤར་མ་ཨོ་ལི་དང་དམར་ཤོག་ཚོགས་པའི་འགོ་ཁྲིད་པུ་ཤ་པ་ཀ་མལ་དྷལ་གཉིས།

བལ་ཡུལ་གྱི་ཆབ་སྲིད་ཀྱི་སྟོབས་ཤུགས་ཁ་ཕྱོགས་གང་ལ་འགྱུར་རྒྱུ་ཡིན་མིན་ནི་བཤད་དཀའ། ཉམས་ཞིབ་པ་ཁག་ཅིག་གིས་སྲིད་གཞུང་གསར་པ་ཞིག་འཛུགས་པར་བལ་ཡུལ་གྱི་དམར་ཤོག་ཚོགས་པ་ཁྲིམས་ཐོག་ཏུ་ཁ་འཐོར་འགྲོ་དགོས་ཀྱི་མི་འདུག དྷལ་དང་ནེ་པར་གཉིས་ཀྱི་ཤོག་ཁག་དེས་སྲིད་བློན་ཤར་མ་ཨོ་ལིའི་གཞུང་ལ་ཡིད་ཆེས་མེད་ཅེས་འོས་ཤོག་འཕངས་ན་དམར་ཤོག་ཚོགས་པའི་གྲོས་ཚོགས་ཀྱི་འགོ་ཁྲིད་ལའང་འཕོ་འགྱུར་གཏོང་དགོས་དོན་མེད། གྲོས་ཚོགས་ཀྱི་འགོ་ཁྲིད་དེར་དྷལ་དང་ནེ་པལ་གྱི་ཤོག་དང་ཀོང་རེ་སི་ཚོགས་པའི་ཚོགས་མི་སོགས་སུ་ཞིག་བསྐོ་བཞག་བྱས་ཀྱང་ཆོག་ཅེས་བཀྲལ། བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་བློན་ཨོ་ལིས་རྒྱལ་ཡོངས་གྲོས་ཚོགས་ཕྱིར་བསྡུ་བྱས་པ་ཁྲིམས་འགལ་རེད་ཅེས་ཐག་གཅོད་བྱས་མ་ཐག་ཏུ་དྷལ་དང་ནེ་པལ་གྱི་ཤོག་ཁག་གིས་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་དྷོ་ཡེ་བྷ་ལ་ཐུག་འཕྲད་བྱས་ཤིང་། ནེ་པལ་གྱིས་ང་ཚོས་སྲིད་བློན་ཨོ་ལིའི་བཙན་གནོན་ལ་ངོ་རྒོལ་བྱེད་པར་ངེས་པར་དུ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས། ང་ཚོས་སྐུ་ཞབས་དྷོ་ཡེ་བྷ་ལ་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པ་སྲིད་གཞུང་གསར་པ་ཞིག་འཛུགས་རྒྱུ་དེར་མཉམ་ཞུགས་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་ཅེས་བསྒྲགས། བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཀྱིས་རང་གི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཚོར་གྲོས་མོལ་བྱས་པའི་རྗེས་སུ་སྲིད་གཞུང་གསར་པ་འཛུགས་རྒྱུ་དེར་མཉམ་ཞུགས་བྱ་དགོས་མིན་ལན་འདེབས་བྱེད་ཆོག་ཅེས་བཤད། དྷལ་དང་ནེ་པལ་གྱི་ཤོག་ཁག་གིས་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པ་གཅིག་པུ་མིན་པར་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་༣༢་ཀྱི་གདན་གྲངས་ཡོད་པའི་ཇན་ཏ་ས་མ་ཇ་བྷ་དི་ཚོགས་པ་ལའང་འབྲེལ་བ་བྱས་ནས་སྲིད་གཞུང་གསར་པའི་ཁོངས་སུ་ཞུགས་དགོས་པའི་འབོད་སྐུལ་ཞུས་འདུག བལ་ཡུལ་གྱི་ཀོང་རེ་ཚོགས་པའི་འགོ་ཁྲིད་ཚོས་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། སྲིད་བློན་ཨོ་ལི་ཤོག་ཁག་གིས་ཁ་སྔོན་གཟའ་མིག་དམར་ནས་ཀོང་རེ་སི་ཚོགས་པར་འབྲེལ་བ་བྱས་ནས་རྒྱབ་སྐྱོར་འཐོབ་ཐབས་བྱས་སོང་། ད་སྔ་ཀོང་རེ་སི་ཚོགས་པས་ཤར་མ་ཨོ་ལི་དང་དྷལ་གཉིས་ཀྱི་ཤོག་ཁག་གང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་མིན་ཐག་གཅོད་བྱས་མེད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག

སྲིད་བློན་ཨོ་ལིའི་ཤོག་ཁག་གི་དབུས་རྒྱུན་ལས་འཐུས་མི་སཱུ་བ་ཤི་ནེམ་བྷང་གིས་བཤད་པ་ལྟར་ན། ཁོ་ཚོས་སྔ་མོ་ནས་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཡོད་དོ་ཅོག་ལ་འབྲེལ་བ་བྱས་ནས་གྲོས་སྡུར་བྱེད་ཀྱི་ཡོད། ང་ཚོས་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་ལྟར་གྲོས་ཚོགས་བསྐྱར་སྐོང་དང་སྲིད་གཞུང་གསར་འཛུགས་ཀྱི་གྲོས་སྡུར་བྱེད་ཀྱི་ཡོད་ཅེས་སྲིད་བློན་ཨོ་ལིའི་ཤོག་ཁག་དེར་ཕམ་ཉེས་འབྱུང་སྲིད་པའི་རྣམ་འགྱུར་ཙམ་ཡང་མི་སྟོན། བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་རྣམས་ཚོགས་འདུ་ཚོགས་ནས་ཐག་གཅོད་མ་བྱས་པར་རྒྱལ་ཁབ་དེར་ཤོག་ཁག་གང་གིས་སྲིད་གཞུང་གསར་པ་ཞིག་འཛུགས་དགོས་མིན་ངེས་གཏན་མེད། སྔ་ལོ་ཤར་མ་ཨོ་ལིས་རྒྱལ་ཡོངས་གྲོས་ཚོགས་ཕྱིར་བསྡུ་བྱས་པའི་རྗེས་སུ་ཀོང་རེ་སི་ཚོགས་པའི་ནང་ཁུལ་དུ་གྲོས་ཚོགས་ཕྱིར་བསྡུ་བྱས་པར་ངོ་རྒོལ་དྲག་པོ་བྱ་དགོས་ཞེས་གླེང་། ཡིན་ནའང་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་དྷོ་ཡེ་བྷས་བཏང་སྙོམས་ཀྱི་ལངས་ཕྱོགས་ཤིག་བཟུང་ནས་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་ལ་སྒུག་རྒྱུ་ཡིན་ཞེས་ཚོགས་མི་རྣམས་ཁ་བཀག གཟའ་འཁོར་འདིར་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་གྲོས་ཚོགས་ཕྱིར་བསྡུ་བྱས་པ་ཁྲིམས་འགལ་རེད་ཅེས་ཐག་གཅོད་བྱས་ཡོད་པས་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཀྱིས་ཉིན་ཞག་ཕར་འགྱངས་བྱས་ནས་འདུག་ཐབས་མེད། བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་ནང་ཁུལ་དུ་མཐོ་རིམ་འགོ་ཁྲིད་ཚོས་སྔོན་ལ་གྲོས་མཐུན་འཇོག་དགོས། ཀོང་རེ་སི་ཚོགས་པའི་འགོ་ཁྲིད་དྷོ་ཡེ་བྷ་གཅིག་པུས་སྲིད་དོན་ཚོགས་པ་དེས་ཤར་མ་ཨོ་ལི་དང་དྷལ་གཉིས་ཀྱི་ཤོག་ཁག་གང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་མིན་ཐག་གཅོད་བྱེད་མི་ཆོག བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཚོས་རང་གི་སྲིད་དོན་ཚོགས་པའི་མདུན་ལམ་དང་ཁེ་ཕན་གཙོ་བོར་འཛིན་དགོས་ཞེས་གླེང་སློང་ཤུགས་ཆེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG