ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་༤་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་འཛིན་སྐྱོང་ལམ་ལུགས་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་གཟའ་འཁོར་རྗེས་མར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་འཚོགས་འཆར་ཡོད་ཅིང་། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ཐེངས་འདིའི་ཚོགས་ཆེན་ལ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་རྗེས་སྣོན་ཚོགས་མི་བཅས་ཁྱོན་བསྡོམས་འཐུས་མི་༣༠༠་ལྷག་ལྷན་དུ་འཛོམས་ནས་ཚོགས་འདུ་འཚོགས་འཆར་ཡོད། རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཞིས་ཅིན་ཕིང་གིས་ཚོགས་འདུ་འདིར་གཙོ་སྐྱོང་བྱེད་ཀྱི་ཡོད་ཅེས་གནས་ཚུལ་སྤེལ། འོན་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་གནད་དོན་གང་ལ་གྲོས་བསྡུར་བྱེད་ཀྱི་ཡོད་མེད་ཕྱིར་བསྒྲགས་བྱས་མེད་པ་རེད།

གཟའ་འཁོར་འདིའི་ཚོགས་ཆེན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་རྣམས་ལོ་གཉིས་མ་ཟིན་ཙམ་གྱི་རྗེས་སུ་ཚོགས་འདུར་འདུས་པ་ཐེངས་དང་པོ་ཡིན་ཞིང་། ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་འཚོགས་མ་ཐུབ་པར་ཡུན་རིང་འགོར་པར་རྒྱུ་རྐྱེན་འགའ་ཞིག་ཡོད། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་སྲིད་དབང་འཐབ་རྩོད་ཀྱི་འགལ་ཟླ་ཡོད་པ་དང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་ལངས་ཡོད་པ། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་འགྲོ་བཞིན་ཡོད་པ་དང་ད་ལོའི་དབྱར་དུས་ནས་ཧོང་ཀོང་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ནས་ཆབ་སྲིད་བརྟན་ལྷིང་མེད་པར་གྱུར་ཡོད་པ་བཅས་ལ་ཐུག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ཉམས་ཞིབ་པ་འགའ་ཞིག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་འདུ་འཚོགས་རྒྱུ་ནར་འགྱངས་ཕྱིན་པ་ཞིག་མིན། ན་ནིང་དཔྱིད་ཀར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་ཆེན་མ་ཚོགས་གོང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་འཕར་མ་ཞིག་ཚོགས་པ་རེད། ཚང་འཛོམས་གྲོས་ཚོགས་འཕར་མ་དེའི་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་གྱི་ལས་དུས་ལ་ཚད་བཀག་མེད་ཅེས་རྒྱ་ནག་གི་རྩ་ཁྲིམས་ལ་སྒྱུར་བཅོས་བཏང་སོང་། འདི་ནི་རྒྱ་ནག་གི་རྩོད་གཞི་ཆེ་བའི་རྒྱ་ནག་གི་རྩ་ཁྲིམས་སྒྱུར་བཅོས་ཤིག་རེད་ཅེས་རྩོད་པ་བརྒྱབ་འདུག

གཟའ་འཁོར་རྗེས་མར་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་འཐུས་མི་ལྷན་ཁང་གི་ཚོགས་མི་ཚོས་རྒྱ་ནག་གི་ཁ་ཕྱོགས་དང་མ་འོངས་པར་མདུན་སྐྱོད་བྱེད་ཕྱོགས་བཅས་ལ་གྲོས་བསྡུར་བྱ་རྒྱུ། དབུས་དམར་ཤོག་ཚོགས་པའི་འཐུས་མི་ཚོས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་དང་རྒྱ་ནག་གི་འཛིན་སྐྱོང་ལམ་ལུགས་དེང་རབས་ཅན་ལ་ཇི་ལྟར་སྒྱུར་དགོས་མིན། རྒྱ་ནག་གི་འཛིན་སྐྱོང་ནུས་སྟོབས་ཡར་རྒྱས་གཏོང་ཕྱོགས་བཅས་ལ་གྲོས་བསྡུར་བྱ་འཆར་ཡོད་པ་རེད།

ཉམས་ཞིབ་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་གྲོས་གཞི་དེ་རྣམས་རྗོད་ཚིག་སྙན་པོ་དང་རྫིག་པོ་ཞིག་ཡིན་རུང་ཚོགས་ཆེན་འདིའི་མཐར་ཐུག་གི་དམིགས་ཡུལ་ནི་རྒྱ་ནག་ལ་ཕྱི་ནང་གཉིས་སུ་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་རྒྱ་ནག་དམར་ཤོག་ཚོགས་པས་སྤྱི་ཚོགས་ཀྱི་རིམ་པ་ཚང་མར་དབང་སྒྱུར་བྱ་རྒྱུ་དང་རྒྱ་ནག་དམར་ཤོག་ཚོགས་པས་སྤྱི་ཚོགས་ལ་སྟངས་འཛིན་བྱ་རྒྱུ། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་གཏོང་ཐབས་འབའ་ཞིག་གི་ཚོགས་འདུ་ཞིག་རེད་ཅེས་དཔྱད་བརྗོད་སྤེལ་འདུག སྲིད་དོན་ཉམས་ཞིབ་པ་ཁྲེན་ཏའོ་དབྱིན་ཞེས་པ་ཞིག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་རྗེས་སུ་རྒྱ་ནག་རྒྱལ་ཁབ་དང་སྤྱི་ཚོགས་ཧྲིལ་པོར་དམར་ཤོག་ཚོགས་པས་འགོ་ཁྲིད་བྱ་རྒྱུ་དང་རྒྱ་ནག་དམར་ཤོག་ཚོགས་པས་མཐའ་གཅིག་ཏུ་དབང་སྒྱུར་བྱ་དགོས་པའི་ཐག་གཅོད་བྱུང་བ་རྣམས་ལག་ལེན་བསྟར་པར་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་འཚོགས་ཀྱི་ཡོད་པ་རེད་ཅེས་བཤད།

ན་ནིང་དཔྱིད་ཀ་ནས་རྒྱ་ནག་གཞུང་གིས་འཛིན་སྐྱོང་ལམ་ལུགས་དེང་རབས་ཅན་དུ་བསྒྱུར་དགོས་ཞེས་སྒྱུར་བཅོས་མང་པོ་ཞིག་བཏང་ཞིང་། དཔེར་ན་གཞུང་གི་ལས་ཁུངས་དང་ལྷན་ཁང་མང་པོ་ཞིག་ཟླ་སྒྲིལ་བྱས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་བཀོད་འདོམས་འོག་ཏུ་ཐད་ཀར་བསྡུས། འདི་ནི་ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་གཞུང་གཉིས་ཁྱད་པར་མེད་པ་ཞིག་ཏུ་སྒྱུར་ཐབས་བྱེད་ཀྱི་ཡོད་པ་ཞིག་མཚོན་ཐུབ། ལོ་རབས་༨༠་པའི་མགོ་སྟོད་དེར་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་ཏིན་ཞའོ་ཕིང་གིས་སྲིད་གཞུང་དང་དམར་ཤོག་ཚོགས་པ་གཉིས་ལ་དབྱེ་བ་ཕྱེ། ད་ལྟ་ཞིས་ཅིན་ཕིང་གིས་ཏིན་ཞའོ་ཕིང་གི་སྲིད་ཇུས་དེ་ནག་སུབ་གཏོང་གི་ཡོད་པ་ཞིག་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་འཐུས་མི་འདས་གྲོངས་སུ་གྱུར་པ་དང་གནས་དབྱུང་བཏང་བ་དེ་དག་གི་ས་མིག་སྟོང་པར་ལུས་པ་རྣམས་ཁ་སྐུང་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་ལིའུ་ཧྲི་ཡུའི་དང་ཀྲེང་ཞའོ་སུང་གཉིས་ཀྱི་ཚབ་ལ་མ་ཀྲེང་ཝུ་དང་མ་ཝེ་མིང་གཉིས་བསྐོ་བཞག་བྱ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG