ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཧི་ལ་རི་ཁེ་ལིན་ཊོན་ནུབ་ཝྭིར་ཇི་ཎི་ཡ་མངའ་སྡེར་ཕམ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་གཙོ་བོ་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧི་ལ་རི་ཁེ་ལིན་ཊོན་རང་གི་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིར་གཏན་ཁེལ་བ་ལྟ་བུ་ཞིག་ཡིན་རུང་། ཁ་སང་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་ནུབ་ཝྭིར་ཇི་ཎི་ཡ་དང་ནེ་བྷ་ར་སི་ཁ་མངའ་སྡེ་གཉིས་ལ་སྲིད་འཛིན་འོས་མིའི་སྔོན་འགྲོའི་འོས་འདེམས་བྱས་པ་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་ཌོ་ནལ་ཊམ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་བྷར་ཎི་སན་ཌར་གཉིས་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་ཅིང་། ཧི་ལ་རི་ཁེ་ལིན་ཊོན་ལ་ཨ་མི་རི་ཀའི་བཟོ་ལས་ས་ཁུལ་ཁག་ཏུ་རྒྱབ་སྐྱོར་ཉུང་བ་མ་ཟད། ལྷག་པར་དུ་ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་འདེམས་སྐབས་སུ་གནད་འགག་ཆེ་བའི་མངའ་སྡེ་གསུམ་སྟེ། ཧྥུ་ལོ་རི་ཌ་དང་ཕེན་སིལ་ཝྭེ་ཎི་ཡ། ཨོ་ཧ་ཡེ་འོ་བཅས་མངའ་སྡེ་གསུམ་དུ་ཧི་ལ་རི་ཁེ་ལིན་ཊོན་དང་ཌོ་ནལ་ཊམ་གཉིས་ལ་མི་དམངས་འོས་ཤོག་འཕེན་མཁན་རྒྱབ་སྐྱོར་པའི་མང་ཉུང་བརྒྱ་ཆ་གཅིག་ལས་ཁྱད་པར་མེད་པས། ༢༠༡༦་གི་ཨ་རིའི་སྲིད་འཛིན་འོས་འདེམས་སྐབས་སུ་ཧི་ལ་རི་ཁེ་ལིན་ཊོན་ལ་བདེ་བླག་ངང་དུ་རྒྱབ་ཁ་འཐོབ་རྒྱུ་ངེས་གཏན་མེད་པར་གྱུར་འདུག ཨ་མི་རི་ཀའི་དམངས་གཙོ་ཚོགས་པས་ཧི་ལ་རི་ཁེ་ལིན་ཊོན་ལ་རྒྱབ་སྐྱོར་བྱས་ནས་སྲིད་དོན་ཚོགས་པའི་འགྲོ་གྲོན་དང་ས་གནས་རིམ་པའི་འོས་འདེམས་ལས་འགུལ་གྱི་ནུས་པ་མཐའ་དག་ཧི་ལ་རི་ཁེ་ལིན་ཊོན་གྱི་སྟེང་དུ་སྤུང་གི་ཡོད་རུང་། བྷར་ཎི་སན་ཌར་གྱིས་ཕྱི་ཟླ་༧་ཚེས་༢༥་ནས་ཚེས་༢༨་བར་དུ་འཚོགས་འཆར་ཡོད་པའི་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་བར་དུ་སྲིད་འཛིན་འོས་མིའི་སྔོན་འགྲོའི་འོས་བསྡུའི་འགྲན་ཞུགས་ཁོངས་ནས་ཕྱིར་འཐེན་བྱ་རྩིས་མེད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཌོ་ནལ་ཊམ་གྱིས་སྤྱི་ཡོངས་འོས་འདེམས་ལ་དམིགས་ནས་སྲིད་འཛིན་གཞོན་པའི་འོས་མི་ཞིག་གཏན་འབེབས་བྱ་རྒྱུར་ཡུན་རིང་མི་འགོར་ཞེས་གསར་འགོད་པ་ཚོར་འགྲེལ་བཤད་བརྒྱབ་ཡོད་པ་རེད།།

XS
SM
MD
LG