ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཧོང་ཀོང་གི་རྒྱ་ཡིག་སློབ་ཆེན་དམག་ས་ལྟ་བུ་ཞིག་ཏུ་གྱུར།


༄༅།། ཧོང་ཀོང་བྱང་ཕྱོགས་ཀྱི་མཚོ་ཁར་ཆགས་པའི་རྒྱ་ཡིག་སློབ་གྲྭ་ཆེན་མོ་ནི་རྒྱ་ནག་གི་རིག་གཞུང་གཙོ་བོར་གྱུར་པའི་དེང་རབས་ཀྱི་ཚན་རིག་སོགས་སློབ་སྦྱོང་བྱ་ཡུལ་བཟང་པོ་ཞིག་ཡིན་རུང་། ད་ལྟ་སློབ་ཆེན་དེ་ས་སྣུམ་གྱི་འབར་མདེལ་གཡུག་ས་དང་རྒྱ་ལམ་བཀག་ནས་ངོ་རྒོལ་ལས་འགུལ་སྤེལ་ས། ཧོང་ཀོང་གི་ཉེན་རྟོག་པས་མཆི་སྦྱིན་དུག་རླངས་གཏོར་པ་དང་འགྱིག་མདེལ་གྱི་མེ་མདའ་བརྒྱབ་ནས་དྲག་གནོན་བྱ་ཡུལ་ཞིག་ཏུ་གྱུར། དེར་བརྟེན་ཉམས་ཞིབ་པ་ཚོས་ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོ་སྟེ། རྒྱ་ཡིག་དང་རྒྱ་ནག་གི་རིག་གཞུང་གཙིགས་སུ་འཛིན་པའི་སློབ་ཆེན་ཞིག་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡུལ་ལྟེ་བ་ཞིག་ཏུ་འགྱུར་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་ལ་ཞིབ་འཇུག་བྱ་དགོས་པའི་གནད་དོན་ཞིག་ཏུ་གྱུར་འདུག

ཕྱི་ཟླ་༡༡་པའི་ཚེས་༡༡་ཉིན་ཧོང་ཀོང་གི་ངོ་རྒོལ་བ་ཚོས་གྲོང་ཁྱེར་ཧྲིལ་པོར་འགྲིམ་འགྲུལ་བཀག་སྡོམ་དང་ལས་བཤོལ་ངོ་རྒོལ་གྱི་ལས་འགུལ་མགོ་བརྩམས། ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོས་ཟམ་ཆེན་ཨང་གཉིས་པའི་ཐོག་ནས་འགོག་རྡོ་གཡུགས་ཏེ་རྒྱ་ལམ་གྱི་འགྲིམ་འགྲུལ་བཀག ཧོང་ཀོང་གཞུང་གིས་འཕྲལ་དུ་སློབ་ཆེན་དེར་ཉེན་རྟོག་པ་བཏང་ནས་ཟམ་ཆེན་ཨང་གཉིས་པར་སྲུང་སྐྱོབ་བྱས་པར་བརྟེན། ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོ་དང་ཉེན་རྟོག་པ་ཚོ་རྒོལ་འཛིང་བྱ་རྒྱུ་འགོ་ཚུགས།

ཧོང་ཀོང་གི་ཉེན་རྟོག་སྤྱི་ཁྱབ་པ་ཝང་ཝེ་ཧྲུན་གྱིས་གསར་འགོད་པ་ཚོར་ང་ཚོས་སློབ་ཆེན་དེར་ཉེན་རྟོག་པ་བཏང་བར་དམིགས་ཡུལ་གཅིག་ལས་མེད། དེ་ནི་རྒྱ་ཡིག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོས་ཟམ་ཆེན་ཐོག་ནས་འགོག་རྡོ་གཡུགས་ཏེ་རྒྱ་ལམ་གྱི་འགྲིམ་འགུལ་འགོག་གི་ཡོད་པར་བཀག་སྡོམ་བྱེད་པའི་ཆེད་དུ་ཡིན་ཞེས་བཤད། ཡིན་ནའང་ཝང་ཝེ་ཧྲུན་གྱིས་ཧོང་ཀོང་གི་ཉེན་རྟོག་པས་སློབ་ཕྲུག་གི་ཁྲོད་དུ་མཆི་སྦྱིན་དུག་རླངས་༡༥༧༦་དང་འགྱིག་གི་མདེའུ་༡༢༡༢་བརྒྱབ་པར་མ་ཟད། བྱེ་ཁུག་གི་མདེའུ་༣༨༠་ཐམ་པ་དང་འགྱིག་རྡོའི་མདེའུ་༡༢༦་བརྒྱབ་ནས་སློབ་ཕྲུག་ཚོར་གཏོར་རྒོལ་བྱས་པ་བཤད་མེད་ཅིང་། འདི་ནི་འདས་པའི་ཟླ་བ་ལྔའི་རིང་ལ་ཧོང་ཀོང་གི་ཉེན་རྟོག་པས་མི་མང་ངོ་རྒོལ་བ་ཚོར་དྲག་གནོན་རིམ་པ་ཞིག་བྱས་པ་དེའི་རིང་ལ་བྱུང་མྱོང་མེད་པ་ཞིག་ཡིན་ཞིང་། ཧོང་ཀོང་གི་དང་བླངས་སྨན་ཞབས་པ་ཞིག་མཚན་ཧྲིལ་པོར་རྒྱ་ཡིག་སློབ་གྲྭ་ཆེན་མོར་བསྡད། མི་དེས་རྒྱ་ཡིག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོ་དང་ཉེན་རྟོག་པའི་ཞེ་འཁོན་ནི་ཧ་ཅང་གི་གཏིང་ཟབ་ཅིག་རེད་འདུག ཁོ་ཚོ་ཕྱོགས་གཉིས་ཀས་དྲག་སྤྱོད་ཀྱི་ཐབས་ལམ་བསྟེན་གྱི་ཡོད་པ་ཡིད་སེམས་སྐྱོ་དགོས་པ་ཞིག་རེད། ཉེན་རྟོག་པས་ཆུ་མདའ་དང་བྱེ་ཁུག་གི་མདེའུ། འགྱིག་རྡོ་སོགས་ཀྱི་མེ་མདའ་བརྒྱབ་ནས་ཉུང་མཐར་ཡང་སློབ་ཕྲུག་༧༠་ཡས་མས་ཤིག་ལ་རྨས་སྐྱོན་ཕོག་སྟེ་སྨན་བཅོས་བྱ་དགོས་བྱུང་སོང་། སློབ་ཕྲུག་བཞིའི་མགོ་ལ་རྨས་སྐྱོན་ཕོག་སྟེ་འཕྲལ་དུ་སྨན་ཁང་ལ་བསྐྱལ་ནས་སྨན་བཅོས་བྱས་པ་ཡིན། རྒྱ་ཡིག་སློབ་གྲྭ་ཆེན་མོའི་ལུས་རྩལ་ཁང་དང་ཚོགས་ཁང་རྣམས་སྨན་ཞབས་པའི་སྨན་བཅོས་ཁང་ཞིག་ལ་གྱུར་སོང་། སློབ་ཆེན་འདིར་དམག་འཁྲུག་ལངས་ཡོད་པ་དང་ཉེན་རྟོག་པ་ཚོས་ཁྲིམས་འགལ་གྱི་དྲག་ཤུགས་བཀོལ་གྱི་འདུག་ཅེས་བཤད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཧོང་ཀོང་མི་དམངས་ཀྱིས་ཉེན་རྟོག་པས་རྒྱ་ཡིག་སློབ་གྲྭ་ཆེན་མོར་དྲག་གནོན་བྱེད་ཀྱི་ཡོད་པ་དང་། ༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་རྒྱ་ནག་གཞུང་གིས་དམག་བཏང་ནས་དྲག་གནོན་བྱས་པ་གཉིས་གཅིག་མཚུངས་རེད་ཅེས་གླེང་། ཧོང་ཀོང་གི་ཉེན་རྟོག་སྤྱི་ཁྱབ་པ་ཝང་ཝེ་ཧྲུན་གྱིས་གསར་འགོད་པར་ང་ཚོས་རྒྱ་ཡིག་སློབ་གྲྭ་ཆེན་མོར་དྲག་ཟིང་ལངས་ཡོད་པ་ཞོད་འཇགས་གཏོང་བར་མདེའུ་ངོ་མ་རྒྱག་རྒྱུ་མིན་ཞེས་ཁག་ཐེག་བྱེད་མི་ཐུབ། ཡིན་ནའང་ང་ཚོས་དགོས་ངེས་མ་བྱུང་ན་དྲག་ཤུགས་བཀོལ་རྒྱུ་མིན། སློབ་ཕྲུག་ཚོས་ས་སྣུམ་གྱི་འབར་མདེལ་དང་མདའ། རྡོ་སོགས་ཀྱིས་ཚུར་རྒོལ་བྱས་པར་ཉེན་རྟོག་པས་རྒོལ་ལན་སློག་པ་འོས་ཤིང་འཚམས་པ་ཞིག་ཡིན། གལ་སྲིད་ས་གནས་དེ་རྒྱ་ཡིག་སློབ་ཆེན་མིན་ན་ཉེན་རྟོག་པས་མདེའུ་ངོ་མ་བརྒྱབ་ནས་རྒོལ་ལན་སློག་ཡོད་ངེས་རེད། སློབ་ཕྲུག་ཚོས་ཚུར་རྒོལ་བྱས་ནས་ཉེན་རྟོག་པ་༤་ལ་རྨས་སྐྱོན་ཕོག་སོང་ཞེས་བཤད།

རྒྱ་ཡིག་སློབ་གྲྭ་ཆེན་མོའི་དགེ་རྒན་ཚོས་ཉེན་རྟོག་པ་རྣམས་སློབ་ཆེན་དེ་ནས་རྒྱང་ཐག་རིང་པོར་ཕྱིར་འཐེན་བྱ་དགོས། སློབ་ཕྲུག་གི་བདེ་འཇགས་ལ་སློབ་གྲྭའི་བདེ་སྲུང་བ་ཚོས་སྲུང་སྐྱོབ་བྱེད་ཆོག་ཅེས་བར་འདུམ་བྱེད་ཀྱི་ཡོད་མོད། འོན་ཀྱང་སློབ་ཕྲུག་ཁག་ཅིག་གིས་ཉེན་རྟོག་པའི་ཐོག་ཏུ་འོད་མདའ་ལྗང་མདོག་ཅན་ཞིག་བརྒྱབ་པས་ཉེན་རྟོག་པས་མཆི་སྦྱིན་དུག་རླངས་འཕངས་ནས་རྒོལ་ལན་སློག དེ་ནས་སློབ་ཕྲུག་ཚོས་ས་སྣུམ་གྱི་འབར་མདེལ་གཡུགས་ནས་ཉེན་རྟོག་པར་ཚུར་རྒོལ་བྱས་འདུག

ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོའི་སློབ་དཔོན་ལི་ཁེ་ཀུའི་ཞེས་པ་ཞིག་གིས་ཉེན་རྟོག་པ་ཚོ་རྣམ་རྟོག་ཚ་དྲགས་ཏེ་བྱ་ཐབས་ཟད། སློབ་ཕྲུག་ཚོར་སློབ་གསོ་བརྒྱབ་ནས་ཞི་བདེར་འགོད་ཐབས་ཅི་ཙམ་བྱས་ཀྱང་ཉེན་རྟོག་པས་གཏོར་བརླག་བྱེད་ཀྱི་འདུག སློབ་ཕྲུག་གཅིག་ཡོང་ནས་ང་ལ་མཆི་སྦྱིན་དུག་རླངས་འགོག་སྤྱད་གདོང་འབག་ཅིག་སྤྲོད་བྱུང་། སློབ་གྲྭའི་དགེ་རྒན་དང་ལས་སྣེ་ཚོ་རྒོལ་འཛིང་བར་དུ་ཚུད་ཡོད་པར་སློབ་ཕྲུག་མང་པོ་ཞིག་སེམས་སྐྱོ་ནས་མིག་ཆུ་གཏོང་གི་འདུག ངས་བལྟས་ན་སློབ་ཕྲུག་ཚོ་བྱིས་པ་བསམ་མེད་དང་གཞན་གྱི་བདེ་སྡུག་ལ་སེམས་ཁུར་བྱེད་མཁན་འབའ་ཞིག་རེད་འདུག ཁོ་ཚོ་དྲག་ཟིང་སློང་མཁན་ནི་མ་རེད་ཅེས་གསར་འགོད་པར་གླེང་མོལ་བྱས་ཤིང་། ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོའི་ཆའོ་ཆི་ཁུང་ཞེས་པའི་དགེ་རྒན་ཞིག་གིས་ཀྱང་སློབ་ཕྲུག་དང་ཉེན་རྟོག་པར་བར་འདུམ་བྱེད་ཐུབ་ཀྱི་མེད་པ་ནི་ཐབས་རྡུགས་ཤིག་རེད། སློབ་ཕྲུག་ཚོས་གནས་ལུགས་དང་རྒྱུ་མཚན་ལ་མི་བལྟ་བར་ཕུ་ནུའི་འདུ་ཤེས་རྩ་ཆེར་རྩི་ཡི་འདུག དགེ་རྒན་ཚོར་བར་འདུམ་གྱི་འགན་འཁྲི་ལེན་སའི་ཁོར་ཡུག་ཆེན་པོ་ཞིག་མི་འདུག་ཅེས་བཤད།

ཧོང་ཀོང་ས་གནས་གཞུང་གིས་རྒྱ་ཡིག་སློབ་ཆེན་གྱི་སློབ་ཕྲུག་༥་ལ་ཟིང་འཁྲུག་བསླངས་པའི་ནག་ཉེས་བཙུགས་ནས་ཁྲིམས་ཁང་ལ་གཏུགས་ཡོད་པ་སྟེ། སློབ་ཕྲུག་དེ་དག་གི་ལག་ཏུ་སོག་ལེ་དང་ས་སྣུམ་གྱི་འབར་མདེལ་བཟུང་ནས་ཉེན་རྟོག་པར་རྫིག་རྫིག་བྱེད་ཀྱི་འདུག སློབ་ཕྲུག་དེ་ཚོར་ཞི་བའི་གྲོས་མོལ་བྱ་འདོད་ཡོད་པའི་རྣམ་འགྱུར་མི་འདུག་ཅེས་ཁྲིམས་གཏུགས་ཡིག་ཆར་བཀོད། ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོས་ཉེན་རྟོག་པ་རྣམས་སློབ་གྲྭའི་གླིང་དུ་ཡོང་མི་ཆོག སློབ་གྲྭ་ནི་ང་ཚོའི་ཕ་ཁྱིམ་གཉིས་པ་ལྟ་བུ་ཞིག་ཡིན། རྒྱ་ཡིག་སློབ་གྲྭ་ཆེན་མོ་སྒེར་གྱི་སློབ་གྲྭ་རེད། ༢༠༤༧་བར་དུ་སློབ་གྲྭའི་ས་ཆ་དེ་ཧོང་ཀོང་གཞུང་གིས་སྒེར་ལ་གླས་ཟིན་པ་རེད་ཅེས་རྩོད་པ་བརྒྱབ། ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་གི་ཁྲིམས་རྩོད་པས་ཉེན་རྟོག་པ་ཚོས་མི་སྣ་དོགས་ཅན་དེ་ངོ་ཐག་ཆོད་ནས་འཛིན་བཟུང་བྱེད་དུ་ཡོང་བའམ། ཡང་ན་སློབ་ཆེན་གྱི་ཆོག་མཆན་ཐོབ་ན་འཛུལ་ཞུགས་བྱེད་ཆོག དོགས་ཅན་ངོ་ཐག་མ་ཆོད་པ་དང་སློབ་ཆེན་གྱི་ཆོག་མཆན་མེད་པར་ཉེན་རྟོག་པ་རྣམས་སློབ་ཆེན་དེར་ཡོང་མི་ཆོག་ཅེས་རྩོད་པ་བརྒྱབ། ཁྲིམས་ཁང་གིས་སློབ་ཕྲུག་གི་ཁྲིམས་རྩོད་པའི་རྩོད་པ་དེར་གནས་ལུགས་མི་འདུག་ཅེས་ཉེན་རྟོག་པའི་རྩོད་པར་བདེན་ཁ་སྤྲད། ཁྲིམས་དཔོན་དེས་སྤྱི་དམངས་ཀྱི་བདེ་འཇགས་དོན་དུ་ཉེན་རྟོག་པ་ཚོ་སློབ་ཆེན་དེར་འཛུལ་ཞུགས་བྱེད་ཆོག་ཅེས་ཐག་བཅད། ཉེན་རྟོག་པའི་ཁྲིམས་རྩོད་པ་ཚོས་དོགས་ཅན་དེ་ངོ་ཐག་མ་ཆོད་ཀྱང་ཁྱད་པར་མེད། ཉེན་རྟོག་པ་ཚོ་ཁྲིམས་འགལ་བྱེད་མཁན་ཞིག་སློབ་ཆེན་དེར་སྐུང་ཡོད་པའི་དོགས་པ་བྱུང་ན་སློབ་ཆེན་དེར་འཛུལ་ཞུགས་བྱེད་ཆོག་ཅེས་རྩོད་པ་བརྒྱབ་འདུག

XS
SM
MD
LG