ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་གཞུང་གི་ཉེན་རྟོག་པས་ངོ་རྒོལ་ལ་ཞུགས་མཁན་ཚོ་རྩད་གཅོད། 


༄༅།། གཟའ་མཇུག་དེར་རྒྱ་ནག་གི་གྲོང་ཁྱེར་མང་པོར་ཏོག་དབྱིབས་ནད་དུག་གཙང་སེལ་སྲིད་ཇུས་ལ་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་ལངས། ཁ་སང་གཟའ་ཟླ་བ་ནས་རྒྱ་གཞུང་གི་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་ལ་ཞུགས་མཁན་ཚོ་རྩད་གཅོད་དང་པེ་ཅིང་གི་དབང་འཛིན་པ་ཚོས་ངོ་རྒོལ་གྱི་རིགས་མཐའ་དག་མགོ་བོ་འབུར་འཇོམས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༢༩་ཉིན་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པེ་ཅིང་བ་འགའ་ཞིག་ལ་ཉེན་རྟོག་པས་ཁ་པར་བཏང་སྟེ་གཟའ་མཇུག་དེར་གང་དུ་ཡོད། ཁོ་ཚོས་ཅི་ཞིག་བྱས་པ་ཡིན་ཞེས་རྩད་བཅད། རྒྱ་གཞུང་གི་ཉེན་རྟོག་པས་མི་དེ་ཚོ་ངོ་ཐག་ཇི་ལྟར་བཅད་པ་གསལ་བཀྲོལ་མ་བྱས། གཟའ་མཇུག་དེར་རྒྱ་ནག་པ་སྟོང་ཕྲག་མང་པོས་ཏོག་དབྱིབས་ནད་དུག་གཙང་སེལ་སྲིད་ཇུས་མཚམས་འཇོག་བྱ་དགོས། ཞིས་ཅིན་ཕིང་སྲིད་སྟེགས་ནས་འབབ་དགོས། ང་ཚོར་རང་དབང་དགོས་ཞེས་ཁྲོམ་གཞུང་དུ་སྐད་བརྒྱབ། ཁོ་ཚོའི་ལག་ཏུ་ཤོག་དཀར་སྟོང་པ་རེ་བཟུང་སྟེ་རྒྱ་གཞུང་གིས་ཞིབ་བཤེར་བྱེད་ཀྱི་ཡོད་པར་ངོ་རྒོལ་གྱི་རྣམ་འགྱུར་བསྟན། ཁ་སང་གཟའ་ཟླ་བའི་ཉིན་པེ་ཅིང་དུ་ངོ་རྒོལ་མུ་མཐུད་དུ་བྱ་རྒྱུའི་འཆར་འགོད་བྱས་ཀྱང་ཉེན་རྟོག་པས་མི་ཚོགས་འདུ་ཡུལ་ཁག་མཐའ་བསྐོར་ནས་ངོ་རྒོལ་བྱེད་མི་ཐུབ་པར་གྱུར། ཧྲང་ཧེ་གྲོང་ཁྱེར་གྱི་ངོ་རྒོལ་བྱ་ཡུལ་རྒྱ་ལམ་དེར་ལྕགས་དྲྭ་འཐེན་ནས་མི་འགའ་ཞིག་བཟུང་། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ཞིན་ཅང་གི་ཨུ་རུ་མུ་ཆི་གྲོང་ཁྱེར་གྱི་ཁང་ཆེན་ཞིག་ལ་མེ་སྐྱོན་ཕོག ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་སྲང་ལམ་ནང་དུ་འགོག་ར་བརྒྱབ་སྟེ་མེ་གསོད་རླངས་འཁོར་མ་ཐར་པར་མི་༡༠་ཤི་བ་དང་མི་༩་ལ་རྨས་སྐྱོན་ཕོག་པའི་རྗེས་སུ་པེ་ཅིང་དང་ཧྲང་ཧེ། ནན་ཅིན་དང་ཝུ་ཧན། ཁྲེང་ཏུའུ་དང་ཀོང་ཀྲུག་སོགས་རྒྱ་ནག་གི་གྲོང་ཁྱེར་མང་པོར་ཏོག་དབྱིབས་ནད་དུག་གཙང་སེལ་སྲིད་ཇུས་ལ་ངོ་རྒོལ་ལས་འགུལ་ལངས། གཟའ་ཟླ་བའི་དགོང་མོར་ཧང་ཀྲུག་གྲོང་ཁྱེར་དུ་ངོ་རྒོལ་བྱས་ཀྱང་ཉེན་རྟོག་པས་འཕྲལ་དུ་མི་དེ་ཚོ་འཛིན་བཟུང་བྱས་ནས་ལས་འགུལ་རྒྱ་ཆེ་རུ་འགྲོ་མ་ཐུབ། དེ་རིང་གཟའ་མིག་དམར་ཉིན་པེ་ཅིང་དང་ཧྲང་ཧེ་སོགས་ལ་ཉེན་རྟོག་པས་སྐོར་གཡེང་བྱས་པ་དང་དར་འཕྲིན་དྲྭ་ལམ་དུ་ངོ་རྒོལ་བ་ཚོ་སླར་ཡང་འདུ་འཛོམས་བྱ་དགོས་ཞེས་བརྡ་འཕྲིན་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

གསར་འགོད་པ་ཚོས་རྒྱ་ནག་གཞུང་ལ་མི་མང་གིས་ཏོག་དབྱིབས་ནད་དུག་གཙང་སེལ་སྲིད་ཇུས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པས་དམ་དྲག་མཚམས་འཇོག་བྱ་རྒྱུ་ཡིན་ནམ་ཞེས་དྲིས། རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པ་མཱི་ཧྥེང་གིས་ང་ཚོས་མི་དམངས་ཀྱི་ཚེ་སྲོག་སྐྱོབ་པའི་ལས་དོན་ཁག་རྒྱུན་འཁྱོངས་བྱ་རྒྱུ་དང་ནད་ཡམས་ཁྱབ་གདལ་ཤུགས་ཆེ་ཆུང་ལ་གཞིགས་ནས་འགྱུར་བཅོས་གཏོང་གི་ཡིན་ཞེས་ལན་བཏབ། རྒྱ་གཞུང་གི་ཉེན་རྟོག་པ་ཚོས་མི་རྣམས་བཀག་སྟེ་ཁ་པར་ནང་དུ་དར་འཕྲིན་དང་ཊོས་ཊར་སོགས་ཕྱི་རྒྱལ་གྱི་བཀོལ་ཆས་རྣམས་ཕབ་ལེན་བྱས་མེད་པ་སྔོག་བཤེར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། རྒྱ་མོ་ཞིག་གིས་ངའི་རོགས་པ་༥་པེ་ཅིང་གི་ངོ་རྒོལ་ལས་འགུལ་ལ་ཞུགས་པ་རེད། ཁོ་ཚོ་ཚང་མར་ཉེན་རྟོག་པས་ཁ་པར་བཏང་འདུག ངས་གྲོགས་མོ་གཅིག་གིས་ཁ་པར་མ་བླངས་པ་རེད། དེ་ནས་ཉེན་རྟོག་པ་ཁྱིམ་དུ་ཡོང་ནས་ངོ་རྒོལ་བྱ་ཡུལ་དུ་ཕྱིན་ཡོད་མེད་འདྲི་རྩད་བྱས་པ་དང་དེ་ནི་ཁྲིམས་འགལ་གྱི་འདུ་འཛོམས་ཤིག་རེད་ཅེས་ནན་བརྗོད་བྱས་འདུག་ཅེས་བཀྲལ། མི་གཞན་པ་ཞིག་གིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་ལ་ང་ཚོ་ཉེན་རྟོག་ལས་ཁུངས་སུ་ཡོང་དགོས་པ་དང་གཟའ་ཉི་མའི་དགོང་མོར་ཅི་ཞིག་བྱས་པ་རྣམས་ཡིག་ཐོག་ཏུ་བཀོད་ནས་ཚིག་ཐོ་སྤྲོད་དགོས་པའི་བཀོད་ཁྱབ་འབྱོར་བྱུང་། ང་ཚོས་མགྱོགས་ནས་མྱུར་དུ་དྲྭ་ལམ་དུ་ཁ་བརྡ་བྱས་པ་རྣམས་སུབ་ཀྱི་ཡོད། ཉེན་རྟོག་པ་ཡོང་ནས་ངའི་གྲོགས་མོ་ཞིག་གི་ཐོབ་ཐང་དཔང་ཡིག་ལ་བརྟག་དཔྱད་བྱས་འདུག ཁོ་མོ་ཉེན་རྟོག་ཁང་དུ་ཁྲིད་ནས་ཆུ་ཚོད་འགའ་ཞིག་གི་རྗེས་སུ་གློད་འདུག་ཅེས་བཤད། བྷི་བྷི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པ་ལོ་རན་སི་ཆུ་ཚོད་འགའ་ཞིག་ལ་བཀག་ཉར་བྱས་པ་དང་དབྱིན་ཇིའི་སྲིད་བློན་རི་ཤི་སུ་ནག་གིས་གསར་འགོད་པ་བཀག་ཉར་བྱས་པ་ནི་ཧང་སང་དགོས་པ་ཞིག་རེད། དབྱིན་གཞུང་གིས་རྒྱ་ནག་ལ་གནད་དོན་དེ་གླེང་སློང་བྱ་རྒྱུ་ཡིན་ཞེས་བསྒྲགས།།

ཧོང་ཀོང་དང་ལོན་ཌོན། ཕེ་རི་སི་དང་ཀྲོག་ཁིའོ་སོགས་ཨེ་ཤི་ཡ་དང་ཡུ་རོབ། ཨ་མི་རི་ཀ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁག་ཏུ་མདུན་དུ་རྒྱ་ནག་གི་ངོ་རྒོལ་བ་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ། ཉམས་ཞིབ་པ་ཞིག་ནས་རྒྱ་ནག་གི་ས་གནས་ཁག་གི་ངོ་རྒོལ་ལས་འགུལ་རྣམས་ཞི་འཇམ་འགྲོ་མི་སྲིད། ཁོ་ཚོ་རེ་ཞིག་ཞི་འཇམ་དུ་གནས་ཏེ་མི་སྣང་བར་གྱུར་ཀྱང་སྤྱི་ཚོགས་དྲྭ་ལམ་དང་སྲང་ལམ་གཉིས་ཀར་ཐོན་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་མཚམས་ཆད་དཀའ་ཞེས་བསྟན། སིངྒ་པུར་གྱི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་གདན་ཞུས་ཉམས་ཞིབ་པ་ཌེ་རིའུ་ཐོམ་སན་གྱིས་རྒྱ་ནག་གི་ཉེན་རྟོག་པ་ཚོར་ནུས་པ་ཆེན་པོ་ཡོད་པ་དང་ངོ་རྒོལ་ལས་འགུལ་ཁག་རྒྱུན་སྐྱོང་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་ལྟ་ཚུལ་མ་འདྲ་བ་ཞིག་བརྗོད། གཟའ་མཇུག་གི་ངོ་རྒོལ་རྗེས་སུ་ངོ་རྒོལ་བ་ཚོས་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་དུ་མཆན་འབྲི་བ་དང་ངོ་རྒོལ་ལས་འགུལ་དེར་གླེང་སློང་བྱ་རྒྱུ་མཚམས་བཞག མང་ཚོགས་ཀྱིས་དྲྭ་ལམ་དུ་མཆན་འགྲེལ་ས་ཡ་མང་པོ་བཀོད་པ་རྣམས་ཞིབ་བཤེར་བྱས་ནས་བཙལ་ན་མི་རྙེད། རྒྱ་གཞུང་གི་གསར་འགྱུར་ལས་ཁང་ཁག་གིས་ཏོག་དབྱིབས་ནད་དུག་གཙང་སེལ་སྲིད་ཇུས་ལ་ངོ་རྒོལ་བྱུང་བ་གླེང་སློང་བྱ་རྒྱུའི་ཚབ་ཏུ་འཛམ་གླིང་རྐང་རྩེད་ལྒང་ལིའི་རྩེད་འགྲན་བསྟན་ནས་མི་དམངས་རྣམས་དེར་གཡེང་དུ་འཇུག་རྒྱུའི་ཐབས་སུ་འབད། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རྒྱ་ནག་གི་ངོ་རྒོལ་གླེང་སྟེ་པེ་ཅིང་དང་ཧྲང་ཧེ་སོགས་ཀྱི་ངོ་རྒོལ་བ་ཚོས་ཉེན་རྟོག་པའི་འཛིན་བཟུང་ལ་ཇི་ལྟར་གཡོལ་དགོས་མིན་ལམ་སྟོན་གྱི་མཆན་བྲིས། ཕྱི་ལོགས་ཀྱི་རྒྱ་ནག་པ་ཚོས་VPN་བརྒྱུད་ནས་ཧྲང་ཧེའི་གྲོགས་པོ་ཚོ་དང་རྒྱ་ནག་རྒྱལ་ཡོངས་ཀྱི་ངོ་རྒོལ་བ་ཚོར་ངོ་རྒོལ་ལས་འགུལ་ལ་ཞུགས་པའི་དུས་སུ་ཁ་རས་བརྒྱབ་སྟེ་མིག་ཤེས་ནག་པོ་གྱོན། ལྭ་བ་ནག་པོ་གྱོན་ཏེ་ཉེན་རྟོག་པས་ངོ་ཐག་མི་ཆོད་པ་བྱ་དགོས། མཆི་བྱིན་དུག་རླངས་འགོག་པར་ཆུ་དང་གདོང་འབག་གྲ་སྒྲིག་བྱ་དགོས་ཞེས་ལམ་སྟོན་ཡིག་ཆ་ཞིག་ཕྱོགས་སྒྲིག་བྱས་ནས་བསྐུར་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྒྲིག་ཁྲིམས་དམ་པོ་དེ་རྣམས་ས་གནས་ཁག་གི་འགོ་ཁྲིད་ཚོས་རང་སྣང་གང་དྲན་གྱིས་ལག་ལེན་བསྟར་པ་རེད། དེ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་མིན་པ་དང་རྒྱལ་ཡོངས་ཀྱི་ལམ་སྟོན་སྒྲིག་གཞི་ཁག་ལ་རྒྱབ་འགལ་ཡིན་པའི་བརྡ་ཞིག་བཏང་ཞིང་། རྒྱ་ནག་གི་རྒྱལ་ཡོངས་ནད་རིགས་སྔོན་འགོག་དང་བཀག་སྡོམ་ཁང་གི་འགོ་ཁྲིད་ཁྲེང་ཡུག་ཆོན་གིས་གསར་འགོད་ལྷན་ཚོགས་བསྐོངས་ནས་ས་གནས་ཁག་ཅིག་ཏུ་ནད་འགོག་སྲིད་ཇུས་ཐལ་དྲགས་པ་ཞིག་ལག་ལེན་བསྟར་གྱི་ཡོད་པ་འདྲ། དེ་ནི་རྒྱལ་ཡོངས་ཀྱི་སྲིད་ཇུས་ལ་མི་མཐུན་པ་དང་ས་གནས་སྲིད་གཞུང་ཁག་གིས་འགན་འཁྲི་མང་ཙམ་བླངས་ཏེ་རྒྱལ་ཡོངས་ཀྱི་ལམ་སྟོན་སྒྲིག་གཞི་ཁག་ལ་མཐུན་པ་ཞིག་ལག་ལེན་བསྟར་དགོས། ཁོ་ཚོས་རང་སྣང་གང་དྲན་གྱི་སྒོ་ནས་སློབ་གྲྭ་དང་བཟོ་ལས་མཚམས་འཇོག་བྱེད་མི་ཆོག གལ་སྲིད་དགོས་ངེས་བྱུང་ན་རང་འགན་མི་སྒྲུབ་པའི་ཉེན་ཅན་ཚོ་མིང་བཏོན་ནས་ཁྲིམས་ལ་སྦྱོར་དགོས། བཀག་སྡོམ་བྱ་རྒྱུ་མྱུར་དགོས་པ་དང་དམ་དྲག་ཕྱིར་འཐེན་བྱ་རྒྱུ་ཡང་མགྱོགས་དགོས་ཞེས་གསལ་བསྒྲགས་སྤེལ། འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེ་ཏོག་དབྱིབས་ནད་ཡམས་འོག་ནས་ཐར་ཏེ་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱུང་། རྒྱ་ནག་ནི་ལོ་གསུམ་གྱི་སྔོན་དང་འདྲ་བར་ཏོག་དབྱིབས་ནད་ཡམས་འོག་ནས་མ་ཐར། ཞིས་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གཙང་སེལ་ཞེས་སྲིད་ཇུས་མཐའ་འཁྱོལ་དཀའ་བ་ཞིག་ལག་ལེན་བསྟར་ནས་གྲོང་ཁྱེར་དང་ཞིང་ཆེན་ཁག་ལ་སྒོ་རྒྱ་བསྡམས། མི་གྲངས་དུང་ཕྱུར་མང་པོ་རང་ཁྱིམ་དུ་བཙོན་པ་ལྟར་བཅུག་སྟེ་ས་གནས་ཁག་གི་མི་ས་ཡ་མང་པོར་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་ཀྱི་ཡོད་པས་མི་དམངས་རྣམས་འུ་ཐུག་སྟེ་ཞིས་ཅིན་ཕིང་སྲིད་སྟེགས་ནས་འབབ་དགོས་ཞེས་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

ཕྱི་ཟླ་༡༡་པའིཚེས་༢༩་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ཆིང་ཧྭ་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོ་གཟའ་མཇུག་གི་ངོ་རྒོལ་ལས་འགུལ་ལ་ཞུགས། སློབ་ཕྲུག་ཚོས་རྒྱ་ནག་ལ་ཁྲིམས་སྐྱོང་ལམ་ལུགས་འཛུགས་དགོས། སྨྲ་བརྗོད་རང་དབང་སྤྲོད་དགོས་ཞེས་སྐད་བརྒྱབ། ཁ་སང་གཟའ་ཟླ་བའི་ཉིན་ཆིང་ཧྭ་སློབ་གྲྭ་ཆེན་མོའི་འགོ་ཁྲིད་ཚོས་སློབ་ཕྲུག་ཚོར་དངོས་སུ་ཐུག་པའམ། ཡང་ན་བརྙན་ལམ་དུ་ཐུག་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྒྲིག་ཁྲིམས་ཁག་ལྷུག་ཡངས་གཏོང་ཕྱོགས་སུ་གྲོས་ཁ་བསྡུར། ཆིང་ཧྭ་སློབ་གྲྭ་ཆེན་མོའི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་གོ་ཡུང་གིས་ངོ་རྒོལ་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་ཁྲིམས་གཅོད་བྱ་རྒྱུ་མིན་པའི་ཁས་བླངས། ད་སྔ་སློབ་ཕྲུག་གཅིག་ཀྱང་དཀའ་ངལ་ནང་དུ་ཚུད་པའི་གནས་ཚུལ་མཐོང་ཐོས་མ་བྱུང་། དེ་རིང་གཟའ་མིག་དམར་ཉིན་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ལོ་༨༠་ཡན་ཆད་ཀྱི་རྒན་རྒོན་ཚོར་ཤུགས་སྐྱེད་སྨན་ཁབ་རྒྱག་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་མགོ་བརྩམས། ཕྱི་ཟླ་༡༡་པའི་ཚེས་༡༡་གི་སྔོན་དེར་རྒྱ་ནག་གི་རྒན་རྒོན་བརྒྱ་ཆ་༤༠་ཐམ་པར་མ་གཏོགས་ཤུགས་སྐྱེད་སྨན་ཁབ་རྒྱག་ཐུབ་མེད་ཀྱང་འདས་པའི་བདུན་ཕྲག་འགའ་ཞིག་གི་རིང་རྒན་རྒོན་བརྒྱ་ཆ་༦༦་མ་ཟིན་ཙམ་ལ་ཤུགས་སྐྱེད་སྨན་ཁབ་བརྒྱབ་ཡོད་ཟེར། དེ་བཞིན་རྒྱ་ནག་གཞུང་གིས་མི་དམངས་ལ་སྨན་ཁབ་རྒྱག་རྒྱུ་དེར་སླར་ཡང་ཤུགས་སྣོན་རྒྱག་རྒྱུའི་གསལ་བསྒྲགས་སྤེལ། ཨེ་ཤི་ཡའི་དུས་བབ་ཚོགས་པར་ལ་རྒྱ་ནག་གི་བཟོས་པའི་སྨན་ཁབ་རྣམས་ནུས་ལྡན་ཞིག་མ་རེད། དེས་ན་རྒྱ་ནག་དང་འཇར་མན་ཎི་གཉིས་མཉམ་འབྲེལ་བྱས་ནས་ཧྥེ་ཛར་དང་མོར་ཌེ་ན་ལྟ་བུའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ནུས་པ་ཅན་ཞིག་བཟོ་སྦྱོར་བྱ་རྒྱུའི་གྲོས་མཐུན་བྱུང་བ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG