ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༢༢

ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་སྙིང་རྗེ་མེད་པར་རྡུང་རྡེག་ཐོངས་ཟེར།


༄༅།། རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་ཡ་ང་སྙིང་རྗེ་མེད་པར་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་དམ་བཅའ་བཞག་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༩་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དངུལ་རྩ་དང་ནུས་ཤུགས། སྨན་སྦྱོར་དང་རྨང་གཞིའི་འཛུགས་སྐྲུན་བཟོ་ལས། རྒྱ་ནག་གི་གཞུང་གཉེར་ཁེ་ལས་ཁག་ཚད་ལས་བརྒལ་བའི་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པར་གསར་དུ་ཞིབ་འཇུག་བྱ་དགོས། དབང་ཆ་དང་མ་རྩ། རྒྱུ་ནོམ་སོགས་འདུས་པའི་ཚན་པ་ཁག་རུལ་སུངས་སུ་གྱུར་ཡོད་པའི་ནད་ངན་དེ་གཙང་བཅོས་བྱ་དགོས། ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་དེར་ཕྱི་ནུར་དང་ལྷོད་ཡངས། སྙིང་རྗེ་སོགས་གཏན་ནས་སྒོམ་མི་ཉན། ང་ཚོས་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་དགོས་ཞེས་གཟའ་ཟླ་བའི་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་ཚོགས་འདུའི་ཐོག་ཏུ་བཀའ་ཕབ་འདུག

ཞི་བདེ་རྒྱ་མཚོའི་དཔལ་འབྱོར་ཉམས་ཞིབ་པ་ཨ་ལི་ཤ་གྷར་སི་ཡ་ཧེ་རེ་རོས་
ཞི་བདེ་རྒྱ་མཚོའི་དཔལ་འབྱོར་ཉམས་ཞིབ་པ་ཨ་ལི་ཤ་གྷར་སི་ཡ་ཧེ་རེ་རོས་

ཞིས་ཅིན་ཕིང་གི་གཏམ་བཤད་དེས་རྒྱ་ནག་གི་དཔལ་འབྱོར་ལ་བརྡབ་གསིག་ཆེན་པོ་ཞིག་ཐེབས་རྒྱུ་དང་དཔལ་འབྱོར་སླར་གསོའི་འབད་བརྩོན་དེ་ནུས་མེད་དུ་གཏོང་རྒྱུའི་ཉེན་ཁ་ཆེ། རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་དབང་བསྒྱུར་ཇེ་བརྟན་དང་ཕྱི་རྒྱལ་གྱི་མ་རྩ་འཛུགས་མཁན་རྣམས་བསྐྱར་དུ་རྒྱ་ནག་ལ་འགུགས་ཐབས་སུ་འབད། ན་ཊིག་སི་སི་མ་རྩ་འཛུགས་འཇོག་དངུལ་ཁང་གི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་ཉམས་ཞིབ་པ་ཨ་ལི་ཤ་གྷར་སི་ཡ་ཧེ་རེ་རོས་བཤད་པ་ལྟར་ན། ཞིས་ཅིན་ཕིང་གི་གཏམ་བཤད་དེ་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད། རྒྱ་ནག་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱས་ནས་འགོག་ཐུབ་པ་ཞིག་མིན་པར་སྣང་། རྒྱ་ནག་གི་ཚན་པ་ཁག་ཅིག་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་ཧ་ཅང་ཚབས་ཆེན་ཞིག་ཡིན་ཞིང་། ཞིས་ཅིན་ཕིང་གི་མིག་མདངས་སུ་བདེ་འཇགས་གཙིགས་ཆེན་དང་ལས་དོན་གཞན་རྣམས་གཙིགས་ཆུང་དུ་བརྩིས་ཡོད་པ་གསལ་པོ་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ།།

མའེ་ཙེ་ཏུང་གི་རྗེས་སུ་ཞིས་ཅིན་ཕིང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དབང་ཐང་ཆེ་ཤོས་སུ་གྱུར། ཁོ་པས་༢༠༡༣་ལོར་སྲིད་དབང་བཟུང་ནས་སྟག་རྒན་དུ་འབོད་པའི་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ལྐོག་ཟ་རུལ་སུངས་གྱུར་པ་ཇི་སྙེད་ཅིག་གནས་དབྱུང་དང་འཛིན་བཟུང་། ཁོ་ཚོ་ཁྲིམས་ལ་སྦྱར་ནས་བཙོན་དུ་བཅུག སྔ་ལོ་གཅིག་པུར་རྒྱ་ནག་དངུལ་ཁང་གི་གཙོ་འཛིན་ཟུར་པ་ལིའུ་ལེང་གེ་ཚུད་པའི་དངུལ་རྩའི་ཆེད་ལས་པ་༡༠༠་ལྷག་རྒྱ་རྙི་ནང་དུ་ཚུད། གཟའ་ཟླ་བའི་ཉིན་ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་སུ་གྱུར་པ་ཆུང་ཁག་གྲོག་མ་རྣམས་ཀྱང་དྲྭ་གསེང་དུ་ཚུད་དགོས་ཞེས་བསྟན། འདས་པའི་ལོ་དེར་རྒྱ་ནག་གཞུང་གིས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༡་དང་ཁྲག་ཁྲིག་༤་ཡི་འཕྲོད་བསྟེན་སྨན་བཅོས་ཚན་པར་ཞིབ་འཇུག་བྱས་ནས་དོ་ཕོག་ཐེབས། སྨན་ཁང་ཁག་གི་ལས་སྣེ་ཚོ་དང་སྨན་པ་ཚོས་ལྐོག་རྔན་བླངས་པའི་དངུལ་སྒོར་རྣམས་སྲིད་གཞུང་ལ་རྩིས་འབུལ་བྱ་དགོས་ཞེས་དངུལ་སྒོར་མ་གཏོགས་བསམ་རྒྱུ་མེད་པའི་རྒྱ་ནག་གི་སྨན་ཁང་ཁག་ལ་རྡུང་རྡེག་ཕོག

རྒྱ་ནག་དངུལ་ཁང་གི་གཙོ་འཛིན་ཟུར་པ་ལིའུ་ལེང་གེ་
རྒྱ་ནག་དངུལ་ཁང་གི་གཙོ་འཛིན་ཟུར་པ་ལིའུ་ལེང་གེ་

༢༠༢༠་ལོར་རྒྱ་ནག་གཞུང་གིས་ནུས་ཤུགས་ཚན་པའི་ལྐོག་ཟ་རུལ་སུངས་ལ་ཞིབ་འཇུག་བྱས་ནས་ནང་སོག་གི་རྡོ་སོལ་གྱི་གཏེར་ཁའི་ལས་གྲྭ་ཁག་ལ་འབྲེལ་བ་ཡོད་པའི་ལས་བྱེད་པ་༡༡༦༣་ལ་ཞིབ་འཇུག་བྱས་ནས་ཉེས་ཆད་བཅད། གཟའ་འཁོར་འདིར་རྒྱ་ནག་གི་གྲོང་ཁྱེར་ཞིག་གི་འགོ་ཁྲིད་ཀྱིས་སྤྱི་དམངས་ལ་ཁེ་ཕན་མེད་པའི་རྒྱས་སྤྲོས་ཀྱི་འཛུགས་སྐྲུན་ལས་གཞི་གཉེར་ནས་གྲོང་ཁྱེར་སྲིད་གཞུང་ལ་ཨ་སྒོར་ཐེར་འབུམ་༢༡་བུ་ལོན་འཁོར་དུ་བཅུག་པ་གསལ་སྟོན་བྱུང་བའི་གནས་ཚུལ་ཐོན། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ལྐོག་ཟ་རུལ་སུངས་སུ་གྱུར་པའི་དམག་དཔོན་ཚོས་འཕུར་མདེལ་གྱི་ཁོག་ཏུ་དགོས་ངེས་ཀྱི་སྣུམ་མ་བླུགས་པར་ཆུ་བླུགས་ནས་བཟོས་པའི་འཕུར་མདེལ་རྣམས་ཉོས། དེ་བཞིན་རྒྱ་ནག་གི་འཕུར་མདེལ་འཇོག་ཡུལ་དོང་ཁང་ཁག་ཅིག་གི་སྒོ་འབྱེད་མི་ཐུབ་པ་དང་རྒྱ་ནག་ལ་དམག་འཁྲུག་རྒྱག་ཐུབ་པའི་སྟོབས་མེད་པ། ཞིས་ཅིན་ཕིང་གིས་རྒྱ་ནག་གི་མཐོ་རིམ་དམག་དཔོན་༩་གནས་དབྱུང་བཏང་སྟེ་མི་དམངས་བཅིངས་འགྲོལ་དམག་གི་སྒྲིག་འཛུགས་ལྐོག་ཟ་རུལ་སུངས་སུ་གྱུར་པའི་གནས་ཚུལ་ཕྱི་ལ་གྱར།།

གཟའ་ཟླ་བའི་ཚོགས་འདུའི་ཐོག་ཏུ་ཞིས་ཅིན་ཕིང་ནས་དངུལ་སྒོར་ལྐོག་མ་རྫོང་མཁན་དང་ལྐོག་ཟ་བྱེད་མཁན་གཉིས་ཀྱི་ནག་ཉེས་འདྲ་མཉམ་ཡིན། ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་ནི་རྙོག་འཛིང་ཆེན་པོ་དང་དཀའ་ངལ་ཆེན་པོ་ཞིག་རེད་ཅེས་བཤད། རྒྱ་ནག་གཞུང་གིས་གསང་ཉུལ་བཀག་སྡོམ་གྱི་བཅའ་ཁྲིམས་ཞེས་པ་ཞིག་ལ་གཏན་ལ་ཕབ་ནས་ཕྱིའི་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁུངས་ཁག་ལ་ཞིབ་འཇུག་དང་སྔོག་བཤེར། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གི་ལས་བྱེད་པ་རྣམས་འཛིན་བཟུང་། རྒྱ་ནག་གི་ཁྲོམ་ར་དེ་ཉིད་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་ཚོང་ལས་གཉེར་ས་ཡག་པོ་མེད་པ་ཞིག་ཏུ་བསྒྱུར་ཏེ་བཟོ་གྲྭ་མང་པོ་སྒོ་བརྒྱབ། ༢༠༢༣་ལོར་ཕྱི་རྒྱལ་ནས་རྒྱ་ནག་ལ་མ་རྩ་འཛུགས་རྒྱུ་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཉུང་དུ་སོང་། ཧར་ཝར་ཌི་སློབ་གྲྭ་ཆེན་མོའི་ཁེ་ཎི་ཌི་སློབ་གླིང་གི་དཔལ་འབྱོར་དང་བདེ་འཇགས་ཉམས་ཞིབ་པ་ཤར་ལི་ཡུའི་ཡིས་བདེ་འཇགས་གཙོ་བོར་འཛིན་པའི་དཔལ་འབྱོར་གྱི་ལྟ་བ་ནི་ཉེན་ཁ་ཅན་ཞིག་རེད། དཔལ་འབྱོར་གྱི་སྲིད་ཇུས་དེ་འཇིགས་སྣང་ལ་བརྟེན་ནས་གཏན་འབེབས་བྱེད་ཀྱི་འདུག་ཅེས་བཀྲལ།།

ཕྱི་ཟླ་དང་པོའི་ཚེས་༩་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཞིས་ཅིན་ཕིང་གིས་ང་ཚོས་ལོ་༡༠་ལ་མཚམས་འཛིན་མེད་པར་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་དྲག་པོ་བྱས་ནས་རྒྱལ་ཁ་ཐོབ་ཡོད། ད་དུང་ཡང་ལྐོག་ཟ་རུལ་སུངས་སྤྱི་ཚོགས་ཀྱི་རིམ་པ་གང་སར་ཁྱབ་སྟེ་དཀའ་ངལ་རྣམས་སེལ་ཐུབ་མེད། ཆབ་སྲིད་དང་ཚོང་ལས་གཉིས་ངན་འབྲེལ་དང་དབང་ཆར་བརྟེན་ནས་ཁེ་སང་ལེན་པ། སྒེར་གྱི་ཁེ་ཕན་གཙིགས་སུ་འཛིན་པའི་ཚོགས་པ་ཁག་ཆབ་སྲིད་ཀྱི་དཀྱིལ་འཁོར་དུ་སིམ་འཛུལ་བྱེད་ཀྱི་ཡོད་པ་བཅས་ཁྱབ་ཁོངས་༧་ལ་ཞིབ་འཇུག་བྱ་དགོས། ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཐོན་པའི་དམར་ཤོག་ཚོགས་པའི་ལས་སྣེ་ཚོར་ཞིབ་འཇུག་ནན་པོ་དང་ཁྲིམས་གཅོད་དྲག་པོ་བྱས་ཏེ་གཞན་ལ་མིག་དཔེ་སྟོན། ལྐོག་རྔན་སྤྲོད་མཁན་ཚོས་རྟག་ཏུ་གཞུང་འབྲེལ་མི་སྣ་ཚོ་དཀའ་ངལ་ནང་ལ་ཚུད་དུ་འཇུག་གི་ཡོད་པ་རེད་ཅེས་བཀྲལ། ཁ་སྔོན་གཟའ་སྤེན་པའི་ཉིན་རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་གིས་ལྐོག་ཟ་རུལ་སུངས་སུ་གྱུར་པའི་ལས་སྣེ་ཁག་ཐེར་འདོན་གྱི་ལས་རིམ་ཚན་པ་༤་ཅན་ཞིག་སྟོན་འགོ་ཚུགས།།

ཕྱི་ཟླ་དང་པོའི་ཚེས་༩་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༢་ནས་༢༠༢༢་བར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ལས་སྣེ་ས་ཡ་༤་དང་འབུམ་༨་ལ་ཞིབ་འཇུག་བྱས་ཤིང་། དམར་ཤོག་ཚོགས་པའི་ལས་སྣེ་ས་ཡ་༡་དང་འབུམ་༥་ཡས་མས་ཤིག་ལ་ལོ་མང་གི་བཙོན་འཇུག་ནས་གནས་དབྱུང་། གོ་གནས་ཕབ་པ་དང་དམར་ཤོག་ཚོགས་པའི་ཁོངས་ནས་བསྐྲད་པ་སོགས་ཀྱི་ཉེས་ཆད་བཅད། ཟླ་ཤས་གོང་ནས་རྒྱ་ནག་གི་དངུལ་ཁང་ཁག་དང་ཉེན་སྲུང་། གཞུང་གཉེར་ཚོང་ལས་དང་རྩེད་རིགས་ཁག་ལ་ཞིབ་འཇུག་བྱ་རྒྱུ་མགོ་བརྩམས། ཕྱི་ཚེས་༨་ཉིན་དབུས་བརྙན་འཕྲིན་ཁང་ནས་རྒྱ་ནག་གི་གཞུང་གཉེར་རྡོ་སྣུམ་དང་སོལ་རླངས་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་ཟུར་པ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་འཛིན་བཟུང་བྱས་པ་རེད་ཅེས་གསར་འགྱུར་སྤེལ། ཟླ་བ་སྔོན་མའི་ཟླ་མཇུག་དེར་རྒྱ་ནག་གི་དངུལ་ཁང་སྟངས་འཛིན་ཁང་གི་གཙོ་འཛིན་གཞོན་པ་ཟུར་པ་འཛིན་བཟུང་བྱས་ནས་ཚེ་བཙོན་གྱི་བཅད་ཁྲ་བསྒྲགས།།

རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ནི་འཛམ་གླིང་གི་ཨང་གཉིས་པ་ཡིན་རུང་ལྐོག་ཟ་རུལ་སུངས་དང་པྲོག་དབྱིབས་ནད་ཡམས་དུས་སུ་སྒོ་བརྒྱབ་བསྡོམས་ནས་ཚོང་ལས་བཀག་སྟེ་དཔལ་འབྱོར་ཉམས། སིངྒ་པུར་གྱི་ལི་ཀོན་ཡུའི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་སྤྱི་དམངས་སྲིད་ཇུས་ཁང་གི་ཟུང་འབྲེལ་སློབ་དཔོན་ཨལ་ཧྥ་རེ་ཌི་ཝུ་ཡིས་བཤད་པ་ལྟར་ན། ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་གཞུང་། དམག་དང་གཞུང་གཉེར་བཟོ་ཚོང་ལས་ཁུངས་ཁག་ལ་ཞིབ་འཇུག་བྱ་རྒྱུ་སྐབས་ཤིག་གི་རིང་མཚམས་འཇོག་བྱ་རྒྱུའི་རྟགས་མཚན་མི་མངོན། ཁོ་པས་རྒྱ་ནག་གི་དཔལ་འབྱོར་ལས་རིགས་ཁག་རྦད་དེ་ལྐོག་ཟ་རུལ་སུངས་སུ་གྱུར་འདུག་ཅེས་བཤད་པ་ནི་མི་དམངས་ལ་ལྐོག་ཟ་རུལ་སུངས་རྩ་མེད་གཏོང་གི་ཡོད་པ་སྟོན་ཐབས་ཤིག་རེད་ཅེས་བཤད། མི་ཁག་ཅིག་གིས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་རྩ་མེད་བཏང་ནས་སྲིད་གཞུང་གཙང་མ་ཞིག་ཏུ་བསྒྱུར་དགོས་ཟེར། མི་ཁག་ཅིག་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱས་ནས་གཙང་དག་བཟོ་དཀའ། ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་ཁ་གཡར་ནས་ཆབ་སྲིད་ཀྱི་ཁ་གཏད་པ་རྣམས་རྩ་མེད་དང་སྲིད་དབང་གཅིག་སྡུད་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG