ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཞིས་ཅིན་ཕིང་གིས་རྒྱ་ནག་མི་དམངས་ཀྱི་བསམ་བློར་དབང་སྒྱུར། 


༄༅།། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་ཕྲག་གཉིས་པ་དེ་འགོ་ཚུགས་པའི་རྗེས་སུ་ཞིས་ཅིན་ཕིང་གིས་རྒྱ་ནག་མི་དམངས་ཀྱི་བསམ་བློར་དབང་སྒྱུར་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་ཅིང་། དམར་ཤོག་གི་དུས་རབས་གཉིས་པ་དེར་རྒྱ་ནག་མི་གྲངས་དུང་ཕྱུར་༡༤་ལྷག་གི་བསམ་བློའི་ལྟ་བ་ཞིས་ཅིན་ཕིང་དང་གཅིག་མཐུན་ཡོང་དགོས་པའི་དྲིལ་བསྒྲགས་བྱ་རྒྱུ་གཙིགས་སུ་བཟུང་འདུག དེ་ཡང་ཕྱི་ཟླ་༧་ཚེས་༡༦་ཉིན་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་འདིར་རྒྱ་ནག་དམར་ཤོག་ཚོགས་པས་ལྟ་གྲུབ་དང་ཆབ་སྲིད་ལས་དོན་གྱི་ལམ་སྟོན་སྒྲིག་གཞི་གསར་པ་ཞིག་བཀྲམ་ནས་རྒྱ་ནག་དམར་ཤོག་ཚོགས་པ་གཅིག་པུ་མིན་པར་སྤྱི་ཚོགས་ཧྲིལ་པོའི་བསམ་བློ་གཏོང་ཕྱོགས་ལ་དམ་དྲག་བྱ་རྒྱུའི་ཐག་བཅད། ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་སུ་ལོ་བཅུ་ཕྲག་མང་པོར་བྱུང་མྱོང་མེད་པའི་བསམ་བློའི་ལྟ་གྲུབ་ལ་དམ་དྲག་དང་བསམ་བློའི་ལྟ་གྲུབ་མི་མཐུན་པ་ཚོར་དྲག་གནོན། ཞིས་ཅིན་ཕིང་གིས་རྒྱ་ནག་མི་དམངས་ལ་མི་རིགས་རིང་ལུགས་ཀྱི་ལ་ཞེན་བསླངས་པ་དང་ནུབ་ཕྱོགས་ཀྱི་བསམ་བློའི་ལྟ་གྲུབ་ལ་འཐབ་རྒོལ། རྒྱ་ནག་མི་དམངས་ཀྱི་ཤེས་ཡོན་སློབ་གསོ་དང་གསར་འགོད་རང་དབང་རྣམས་བཀག ཞིས་ཅིན་ཕིང་གིས་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པ་རྣམས་རྩ་མེད་བཏང་ཟིན་ཡོད་ཀྱང་མི་དམངས་རྣམས་དམར་ཤོག་ཚོགས་པར་ཆབ་སྲིད་ཀྱི་གཞུང་དྲང་བློ་དཀར་མིན་པ། རྒྱ་ནག་མི་དམངས་ཀྱིས་དམར་ཤོག་ཚོགས་པའི་ལྟ་གྲུབ་ལ་དང་ལེན་ཚུལ་བཞིན་བྱེད་ཀྱི་མེད་པའི་བློ་འཚབ་ཡོད་པ་མ་འཇགས་པར་ཆབ་སྲིད་ཀྱི་ལས་དོན་དང་ལྟ་གྲུབ་ཀྱི་སློབ་གསོ་གཏོང་རྒྱུ་ཤུགས་ཆེར་གཏོང་རྒྱུའི་འཆར་གཞི་འདུག་ཅེས་གནས་ཚུལ་ཐོན།།

རྒྱ་ནག་དམར་ཤོག་ཚོགས་པའི་ལམ་སྟོན་སྒྲིག་གཞི་གསར་པ་དེར་ལྟ་གྲུབ་དང་ཆབ་སྲིད་ལས་དོན་ནི་ཁྱད་དུ་འཕགས་པའི་ཏང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཞིག་ཡིན། དེ་ནི་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་ཕྱོགས་ཀྱི་སྲོག་རྩ་ལྟ་བུའི་ཆབ་སྲིད་ཀྱི་འགན་དབང་གལ་ཆེན་ཞིག་ཀྱང་ཡིན། རྒྱ་ནག་དམར་ཤོག་ཚོགས་པའི་ལས་དབང་དང་རྒྱལ་ཁབ་ཀྱི་འཕྲལ་ཡུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་ལ་འབྲེལ་བ་དམ་ཟབ་ཡོད་ཅེས་བཀོད། ད་ལྟའི་ལས་འགུལ་གྱི་དོན་སྙིང་གཙོ་བོ་ནི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་དེར་མཐུན་པའི་སྤྱི་ཚོགས་རིང་ལུགས་ལ་འཛིན་པའི་ཞིས་ཅིན་ཕིང་གི་དགོངས་པ་ཞེས་པ་ཞིག་དར་སྤེལ་གཏོང་རྒྱུ། དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་དེར་མཐུན་པའི་སྤྱི་ཚོགས་རིང་ལུགས་ལ་འཛིན་པའི་ཞིས་ཅིན་ཕིང་གི་དགོངས་པ་ཟེར་བ་ནི་༢༠༡༧་ལོར་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་སུ་བཀོད། དེའི་སྔོན་ལ་མའོ་ཙེ་ཏུང་གི་དགོངས་པ་དང་ཏིན་ཞའོ་ཕིང་གི་རིག་པའི་གཞུང་ལུགས་སོགས་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་སུ་བྲིས། ༢༠༡༧་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོས་ཡང་ནས་ཡང་དུ་ཞིས་ཅིན་ཕིང་གི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་འགོ་ཚུགས། རྒྱ་ནག་གཞུང་གིས་ཁ་པར་དང་གློག་ཀླད་སོགས་ཀྱི་ནང་དུ་བཀོལ་ཆས་ཕབ་ལེན་བྱེད་དུ་བཅུག་སྟེ་ཞིས་ཅིན་ཕིང་གི་ལྟ་གྲུབ་ཁྱབ་སྤེལ་གཏོང་ཐབས་སུ་འབད། ད་ནས་རྒྱ་ནག་དམར་ཤོག་ཚོགས་པས་མི་དམངས་ལའང་ཞིས་ཅིན་ཕིང་གི་དགོངས་པར་སློབ་སྦྱོང་བྱེད་དུ་འཇུག་རྒྱུ། རྒྱ་ནག་མི་དམངས་ཀྱི་བསམ་བློའི་ལྟ་བ་དང་འདུ་ཤེས་འཛིན་སྟངས་རྣམས་ཞིས་ཅིན་ཕིང་གི་དགོངས་པར་མཐུན་དགོས་ཞེས་ལས་འགུལ་སྤེལ་གྱི་ཡོད་པར་མ་ཟད། ཞིས་ཅིན་ཕིང་གི་ལྟ་གྲུབ་རྣམས་རྒྱ་ནག་གི་སློབ་དེབ་ནང་དུ་འགོད་རྒྱུ་དང་འཛིན་གྲྭའི་ནང་དུ་སློབ་ཕྲུག་ཚོར་འཆད་འཁྲིད་བྱ་དགོས་ཞེས་རྒྱ་ནག་གི་སློབ་གསོའི་ལྷན་ཁང་གིས་བཀོད་ཁྱབ་བཏང་འདུག

དེ་རིང་གཟའ་པ་སངས་ཉིན་སིངྒ་པུར་གྱི་སི་ཊི་རེ་ཊི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་རྗེས་མར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པ་འཚོགས་ཀྱི་ཡོད་པས་ཞིས་ཅིན་ཕིང་གི་སྲིད་དབང་སྲ་བརྟན་དང་དབང་ཐང་རྒྱས་ཐབས་སུ་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག རྒྱ་ནག་གི་ཆབ་སྲིད་ལས་འགུལ་དང་དྲིལ་བསྒྲགས་ཀྱི་ཁ་ཕྱོགས་ལ་བལྟས་ན་ཞིས་ཅིན་ཕིང་གིས་ལས་དུས་གསུམ་པ་ཞིག་འཛིན་རྒྱུ། ཏིན་ཞའོ་ཕིང་གིས་རྒྱ་ནག་གི་འགོ་ཁྲིད་ཚོ་ལས་དུས་གཉིས་ཀྱི་རྗེས་སུ་འཕོ་འགྱུར་གཏོང་དགོས་པའི་ལམ་སྲོལ་གཏན་འབེབས་བྱས་ཡོད་པ་རྒྱུན་འཁྱོངས་བྱ་རྒྱུ་མིན་པའི་རྟགས་མཚན་ཐོན་འདུག་ཅེས་གནས་ཚུལ་སྤེལ། ཧོང་ཀོང་སློབ་གྲྭ་ཆེན་མོའི་རྒྱ་ནག་ཞིབ་འཇུག་ལྟེ་གནས་ཁག་གི་སློབ་དཔོན་ཝི་ལི་ལམ་གྱིས་ཞིས་ཅིན་ཕིང་གིས་དམར་ཤོག་ཚོགས་པའི་ནང་ཁུལ་དུ་སྲིད་དབང་སྲ་བརྟན་གཏོང་གི་ཡོད་པ་དང་ཁོ་པར་མུ་མཐུད་དུ་སྲིད་དབང་འཛིན་འདོད་ཡོད་པ་ནི་གསང་བ་ཞིག་མིན་པར་མངོན་གསལ་དོད་པོ་རེད། ༢༠༢༢་ལོར་ཞིས་ཅིན་ཕིང་གི་ལས་དུས་གཉིས་ཀྱི་དུས་ཡུན་རྫོགས་ཀྱི་ཡོད་ཀྱང་ལས་དུས་གསུམ་པ་ཞིག་གམ། ཡང་ན་དུས་ཡུན་རིང་པོར་རྒྱ་ནག་གི་སྲིད་དབང་འཛིན་འདོད་འདུག ཁོ་པས་སྲིད་དབང་ཡུན་རིང་འཛིན་དགོས་པ་དྲིལ་བསྒྲགས་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་སྲིད་དབང་གི་སྟོབས་ཤུགས་རྒྱ་བསྐྱེད་དགོས། ཁོ་པར་རྒྱ་ནག་གི་གཞི་རིམ་མང་ཚོགས་ཀྱི་རྒྱབ་སྐྱོར་འཐོབ་ཐབས་བྱེད་ཀྱི་འདུག་ཅེས་བཤད། བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གིས་ཞིས་ཅིན་ཕིང་གི་དགོངས་པ་དང་ཆབ་སྲིད་ཀྱི་ལྟ་བར་ཞིབ་འཇུག་བྱ་ཡུལ་ལྟེ་གནས་ཁང་གཉིས་གསར་འཛུགས་བྱས་པ་ཡིན། ཞིབ་འཇུག་ཁང་དེ་དག་གི་ནང་དུ་ཞིས་ཅིན་ཕིང་གི་སྐྱེ་ཁམས་དང་སྤྱི་ཚོགས་དཔལ་ཡོན། དཔལ་འབྱོར་ལ་འཛིན་པའི་རིག་པའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་དུ་འཇུག་རྒྱུ་ཡིན་པའི་ཞེས་ཁྱབ་བསྒྲགས་བྱས་འདུག

སིངྒ་པུར་གྱི་སི་ཊི་རེ་ཊི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་འཁོད་པ་ལྟར་ན། རྒྱ་ནག་གི་ཞིབ་འཇུག་ཁང་དང་སློབ་གྲྭ པེ་ཅིང་སློབ་གྲྭ་ཆེན་མོ་དང་ཆིན་ཧྭ་སློབ་གྲྭ་ཆེན་མོ་སོགས་རྒྱ་ནག་གི་སློབ་ཆེན་ཁག་དང་ཤེས་ཡོན་གྱི་ལྟེ་གནས་ཁག་༡༨་ཀྱི་ནང་དུ་ཞིས་ཅིན་ཕིང་གི་དགོངས་པར་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད་ཅིང་། ཞིབ་འཇུག་ཁང་འགའ་ཞིག་གིས་དམག་དོན་དང་ཁྲིམས་སྐྱོང་ལམ་ལུགས། ཕྱི་འབྲེལ་བཅས་ལ་ཞིས་ཅིན་ཕིང་གིས་བསྟན་པའི་ལྟ་གྲུབ་བྱེ་བྲག་པ་རེར་སློབ་སྦྱོང་བྱེད་དུ་འཇུག་གི་འདུག་ཅེས་བཀྲལ། ལི་ཀོང་ཡོ་སློབ་གྲྭ་ཆེན་མོའི་ཟུང་འབྲེལ་སློབ་དཔོན་ཨལ་ཧྥེ་རེ་ཌི་ཝུ་ཡིས་རྒྱ་ནག་གཞུང་གིས་དཔལ་འབྱོར་རིག་པ་ཞིས་ཅིན་ཕིང་གི་ལྟ་གྲུབ་ཀྱི་གྲས་སུ་བཅུག་པ་ནི་ཁྱད་མཚར་ཞིག་རེད། དཔལ་འབྱོར་འཛིན་སྐྱོང་ནི་རྒྱ་ནག་གི་སྲིད་བློན་གྱི་ལས་འགན་རེད། ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་ཚོགས་ཆུང་ཁག་ལ་དབང་སྒྱུར་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ཐེ་ཝན་དང་ཕྱི་སྲིད། དཔལ་འབྱོར་ལས་དོན་རྣམས་ཞིས་ཅིན་ཕིང་གིས་འགོ་ཁྲིད་པའི་ཚོགས་ཆུང་ཁག་གིས་དབང་སྒྱུར་བྱེད་ཀྱི་འདུག ཚོགས་ཆུང་དེ་དག་གི་རྒྱ་ནག་གི་སྲིད་ཇུས་གཏན་འབེབས་བྱ་རྒྱུ་དེར་ནུས་པ་ཆེན་པོ་འཐོན་ཐུབ། ཞིས་ཅིན་ཕིང་གིས་སོ་སོའི་སྲིད་དབང་སྲ་བརྟན་བཏང་བའི་ཞོར་དུ་སྲིད་བློན་ལི་ཁེ་ཆང་གི་དབང་ཚད་ཆུང་དུ་གཏོང་གི་འདུག མའོ་ཙེ་ཏུང་གི་དུས་སྐབས་སུའང་རྒྱ་ནག་གི་ཚན་པ་ཚང་མར་མི་གཅིག་གིས་ཤུགས་རྐྱེན་འདི་འདྲ་ཞིག་ཐེབས་མྱོང་མེད། མའོ་ཙེ་ཏུང་གི་དུས་སུ་མང་ཚོགས་ལ་གསར་འགྱུར་བརྒྱུད་ལམ་དར་ཁྱབ་བྱུང་མེད། དེང་སྐབས་དཔེ་དེབ་དང་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་དར་ཡོད་པས་༢༠༡༩་ལོ་ནས་རྒྱ་ནག་གཞུང་གིས་སློབ་སྦྱོང་ལ་འབད་ནས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་ཞེས་མིང་བྱང་བཀོད་པའི་བཀོལ་ཆས་ཤིག་བཟོས། བཀོལ་ཆས་དེ་རྒྱ་ནག་མི་དམངས་ལ་བཀྲམ་ནས་ཞིས་ཅིན་ཕིང་གི་ལྟ་གྲུབ་དྲིལ་བསྒྲགས་བྱེད་མགོ་བརྩམས་སོང་། འདི་ནི་མའོ་ཙེ་ཏུང་གི་དུས་སུ་རྒྱ་ནག་མི་དམངས་ལ་གསུང་བཏུས་དམར་པོ་སློབ་སྦྱོང་བྱེད་དུ་བཅུག་པ་དང་གཅིག་མཚུངས་རེད་ཅེས་བསྟན།།

ཝྭི་ཡ་ན་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་མཁས་པ་ལི་ལིང་གིས་བཤད་པ་ལྟར་ན། ད་ལྟའི་རྒྱ་ནག་དང་མའོ་ཙེ་ཏུང་གི་དུས་སྐབས་ཀྱི་རྒྱ་ནག་གཉིས་གཅིག་པ་མ་རེད། མའོ་ཙེ་ཏུང་གི་དུས་སུ་ཕྱི་ལ་སྒོ་བརྒྱབ་ནས་རྒྱ་ནག་མི་དམངས་བླུན་རྨོངས་སུ་བསྒྱུར་པ་རེད། ཞིས་ཅིན་ཕིང་གི་དུས་སུ་རྒྱ་ནག་མི་དམངས་ལ་དྲྭ་རྒྱ་དང་ཁ་པར་སོགས་གསར་འགྱུར་ཡོང་ས་མི་ཉུང་བ་ཞིག་ཡོད། དེས་ན་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ཅི་ཙམ་བྱས་ཀྱང་མི་དམངས་རྣམས་མགོ་འཐོམ་མི་སྲིད། རྒྱ་ནག་གཞུང་གིས་དྲིལ་བསྒྲགས་སྤེལ་བ་རྣམས་མི་དམངས་ཀྱི་བློ་ལ་འཇུག་པོ་ཞིག་དགོས་ན་ངེས་པར་དུ་མི་དམངས་ཀྱི་བློ་ལ་འབབ་པོ་ཞིག་དྲིལ་བསྒྲགས་བྱ་དགོས། ཐ་ན་རྒྱ་ནག་གཞུང་གིས་ཞིབ་བཤེར་མ་བྱས་པའི་གནས་ཚུལ་རྣམས་ཀྱང་མི་དམངས་ལ་ཤེས་རྟོགས་ཐུབ་ཏུ་འཇུག་དགོས་ཞེས་བཤད། རྒྱ་ནག་གཞུང་གིས་མི་དམངས་ཀྱི་བསམ་བློའི་ལྟ་བ་བསྒྱུར་པར་གཞུང་གི་ལས་ཁུངས་ཁག་དང་བཟོ་གྲྭ བཟོ་ཚོང་ལས་ཁུངས་ཁག་དང་སློབ་གྲྭ་ཁག གྲོང་གསེབ་ཁག་དང་གྲོང་ཁྱེར་བཅས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་དྲྭ་རྒྱ་དང་ཁ་པར་སོགས་ལ་དམ་དྲག་བྱས་ནས་དམར་ཤོག་ཚོགས་པའི་ལྟ་གྲུབ་འབའ་ཞིག་དྲིལ་བསྒྲགས་བྱ་རྒྱུ། རྒྱ་ནག་མི་དམངས་ལ་བསམ་བློའི་ལྟ་གྲུབ་ཀྱི་ཐེ་ཚོམ་ཡོད་པ་རྣམས་སེལ་དགོས། ཆོས་དད་ཀྱི་རྨོངས་གཉིད་ལས་སད་དགོས། རིག་གཞུང་གི་སྐོམ་གདུང་གསོད་དགོས་པ་དང་སེམས་ཁམས་གནོན་ཤུགས་འོག་ནས་ཐར་དགོས་ཞེས་བསྒྲགས། རྒྱ་ནག་གི་གྲོང་གསེབ་འགའ་རེར་རིག་གནས་གསར་བརྗེའི་དུས་སྐབས་ལྟར་རྒྱང་བསྒྲགས་བཙུགས་ནས་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་སྤེལ་རྒྱུ་ལྡབ་འགྱུར་གྱི་མང་དུ་བཏང་ཞིང་། ཧི་པེ་ཞིང་ཆེན་གྱི་ཞཱིས་པེ་པའོ་གྲོང་གསེབ་ཏུ་ཉིན་ལྟར་ཐེངས་གསུམ་ལ་རྒྱང་བསྒྲགས་ནང་དུ་ཞིས་ཅིན་ཕིང་གི་དགོངས་པ་དང་དམར་ཤོག་ཚོགས་པའི་གཞུང་ལུགས་རྣམས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG