ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་ནག་གི་དྲ་རྒྱའི་ལྕགས་རི་གཏོར་དགོས་ཞེས་པའི་ལས་འགུལ་སྤེལ་བཞིན་པ།


སྤྱི་ཟླ་༥ པའི་ཚེས་༣ ཏེ་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་མ་སླེབས་གོང་ཙམ་ལ། རྒྱ་ནག་གི་དྲ་རྒྱའི་ལྕགས་རི་གཏོར་དགོས་ཞེས་པའི་ལས་འགུལ་ཞིག་འགོ་འཛུགས་གནང་ཡོད་པ་དང་། ལས་འགུལ་དེས། འཛམ་གླིང་གི་དྲ་གྲོགས་ཚང་མ་མཉམ་རུབ་ཐོག་ནས་སོ་སོ་ཡོད་སའི་གཞུང་དང་གྲོས་ཚོགས་སོགས་སུ་མིའི་རིགས་ཀྱི་སྤྱི་ཚོགས་ལ་གནོད་སྐྱེལ་མཁན་གྱི་རྒྱ་ནག་གི་དྲ་རྒྱའི་ལྕགས་རི་དེ་རྩ་གཏོར་གཏང་རྒྱུའི་ཡར་ཞུ་བྱ་དགོས་ཤིང་། དྲ་རྒྱའི་ལྕགས་རི་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་རྐང་བཙུགས་ནས་རང་དབང་ལུང་པ་ལ་དམིགས་ནས་སྤེལ་བའི་ཆ་འཕྲིན་གྱི་དམག་འཁྲུག་ཅིག་ཡིན་པས་རྒྱ་ནག་དམར་ཤོག་ཚོགས་པའི་ནག་ཉེས་དེ་དག་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ཞུ་གཏུགས་བྱ་དགོས་པར་མ་ཟད། དྲ་རྒྱའི་ལྕགས་རི་དང་འབྲེལ་ཡོད་ཀྱི་མི་སྒེར་དང་ཚོགས་པ་ཁག་ལ་ཉེས་ཆད་ལྗི་མོ་བཅད་ནས་ལྕགས་རི་དེ་ཡོངས་སུ་རྩ་གཏོར་གཏང་དགོས་ཞེས་འབོད་སྐུལ་ནན་མོ་གནང་འདུག

ལས་འགུལ་དེ་ཐོག་མར་འགོ་འཛུགས་གནང་མཁན་ཆའོ་ཤིང་ཤིང་གིས། འཛམ་གླིང་གི་དྲ་གྲོགས་ཚང་མ་མཉམ་རུབ་ཐོག་ནས་སོ་སོ་ཡོད་སའི་གཞུང་དང་གྲོས་ཚོགས་སོགས་སུ་མིའི་རིགས་ཀྱི་སྤྱི་ཚོགས་ལ་གནོད་སྐྱེལ་མཁན་གྱི་རྒྱ་ནག་གི་དྲ་རྒྱའི་ལྕགས་རི་དེ་རྩ་གཏོར་གཏང་རྒྱུའི་ཡར་ཞུ་བྱ་དགོས་པར་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པས་སོ་སོའི་གདུག་རྩུབ་ཆེ་བའི་སྲིད་དབང་སྲ་བརྟན་གཏོང་ཆེད། མ་དངུལ་འགྲོ་གྲོན་ཕོན་ཆེན་བཏང་ནས་བཙུགས་པའི་དྲ་རྒྱའི་ལྕགས་རི་དེ་ནི་རྐང་བཙུགས་ནས་རང་དབང་ལུང་པ་ལ་དམིགས་ནས་སྤེལ་བའི་ཆ་འཕྲིན་གྱི་དམག་འཁྲུག་ཅིག་དང་། དེས་རྒྱ་ནག་སྐམ་སའི་ནང་གི་མི་དམངས་དུང་ཕྱུར་༡༤ པོ་དེ་འཛམ་གླིང་མི་དམངས་དུང་ཕྱུར་༦༠ ལྷག་དང་འབྲེལ་ལམ་གཙང་བཅད་ཀྱིས་ཟུར་ཕུད་རྒྱང་བཀྱེད་བྱས་ཡོད་པས། དུས་ཡུན་རིང་པོར་འཛམ་གླིང་གི་ཆ་འཕྲིན་བཀག་སྡོམ་གྱིས་མིའི་རིགས་ལ་དོ་ཕོག་ཚབས་ཆེ་གཏོང་བའི་ནག་ཉེས་བསགས་ཡོད་ཅིང་། ཛ་དྲག་གི་གནས་སྟངས་དེ་བཞིན་ཡུག་ཁེ་རན་གྱི་དམག་འཁྲུག་དང་གཅིག་མཚུངས་ཆགས་ཡོད་སྟབས། ད་ལན་འཛམ་གླིང་མི་དམངས་དུང་ཕྱུར་༨༠ པོ་ཡོད་ཚད་དྲ་རྒྱའི་ལྕགས་རི་གཏོར་དགོས་པའི་ལས་འགུལ་དེའི་ནང་མཉམ་བཞུགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ནག་ཉེས་དེ་དག་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ཞུ་གཏུགས་བྱ་དགོས་པར་མ་ཟད། དྲ་རྒྱའི་ལྕགས་རི་དང་འབྲེལ་ཡོད་ཀྱི་མི་སྒེར་དང་ཚོགས་པ་ཁག་ལ་ཉེས་ཆད་ལྗི་མོ་བཅད་ནས་ལྕགས་རི་དེ་ཡོངས་སུ་རྩ་གཏོར་གཏང་དགོས་ཞེས་འབོད་སྐུལ་ནན་མོ་གནང་འདུག

རྒྱ་ནག་གཞུང་གིས་དྲ་རྒྱའི་ལྕགས་རིའམ་དབྱིན་སྐད་དུ་Great Firewall ཞེས་པ་ལ་བརྟེན་ནས་འཛམ་གླིང་གི་དྲ་རྒྱའི་འཇིག་རྟེན་དང་གསར་འགྱུར་སྣ་ཚོགས་བཀག་སྡོམ་བྱེད་བཞིན་ཡོད་པ་ལ་དམིགས་ནས། འདས་པའི་ཟླ་བ་གཉིས་ཙམ་གྱི་རིང་ལ། ཕྱི་རྒྱལ་དུ་གནས་སྡོད་རྒྱ་མི་དམངས་གཙོ་དོན་གཉེར་ཅན་འགའ་ཤས་ཤིག་གིས་སྤྱི་ཚོགས་དྲ་ལམ་སོགས་སུ་རྒྱ་ནག་གི་དྲ་རྒྱའི་ལྕགས་རི་གཏོར་དགོས་པའི་ལས་འགུལ་ནང་མཉམ་བཞུགས་བྱས་འདུག ལས་འགུལ་སྤེལ་མཁན་ཚོས་རྒྱ་ནག་མི་དམངས་དུང་ཕྱུར་༡༤ པོ་ཟུར་བཀག་བྱེད་སའི་ལྕགས་རི་དེ་ལ་དྲ་རྒྱའི་བྷེར་ལིན་ལྕགས་རི་ཞེས་མིང་བཏགས་ཡོད་ཅིང་། ལྕགས་རིའི་ནང་གི་དྲ་རྒྱའི་འཇིག་རྟེན་དེ་ནི་བརྡ་འཕྲིན་གྱི་བཙོན་ཁང་ཆེན་པོ་ཞིག་ཏུ་དཔེར་བླངས་འདུག དབྱིན་སྐད་དུ་BanGFW ཞེས་པའི་ལྕགས་རི་གཏོར་བའི་ལས་འགུལ་དེ་བཞིན་ད་ལྟ་ཐུང་དབྱི་ནིའུ་ཞེས་སུ་འབོད་པའི་རྒྱ་མི་ཞིག་གིས་ཨ་རིའི་གྲོས་ཚོགས་སུ་གནད་དོན་དེའི་ཐད་རེ་འབོད་ཞུ་བཞིན་པའི་སྐོར་ལ་དམངས་གཙོ་དོན་གཉེར་བ་ཚོས་རྒྱབ་རྩར་ལངས་དགོས་པ་དང་། དྲ་རྒྱའི་ལྕགས་རི་གཏོར་རྒྱུ་དེ་ནི་རྒྱ་ནག་སྤྱི་ཚོགས་ཡར་རྒྱས་གཏོང་བའི་གོམ་པ་དང་པོར་བརྩི་དགོས་པའི་རེ་འབོད་ཞུ་བཞིན་འདུག

རྒྱ་ནག་གི་དྲ་རྒྱའི་ལྕགས་རི་གཏོར་དགོས་ཞེས་པའི་ལས་འགུལ་འགོ་འཛུགས་གནང་མཁན་ཆའོ་ཤིང་ཤིང་གིས་འདི་གའི་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་དོན། གསར་འགོད་རང་དབང་མེད་ན། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཞིག་གཏན་ནས་ཡོད་མི་སྲིད། དེང་སྐབས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་ཁྲིམས་རྩོད་པ་དང་གསར་འགོད་པ་ཚོ་ནི་རྒྱ་ནག་གཞུང་གིས་རྡུང་རྡེག་གཏོང་སའི་དམིགས་འབེན་གཙོ་བོར་གྱུར་ཡོད་ཅིང་། ཨ་རི་དང་ཡུ་རོབ། ལྷོ་ཤར་ཨེ་ཤེ་ཡ་སོགས་ས་ཆ་དང་རྒྱལ་ཁབ་གང་དུ་ཡོད་མེད་ལ་མ་བལྟོས་པར། རྒྱ་ནག་གི་དྲ་རྒྱའི་ཉེན་རྟོག་པས་ལྟ་སྐུལ་དང་དོ་དམ་བྱེད་བཞིན་ཡོད་ཅེས་དང་། ཉེ་དུས་ཁོ་རང་རྒྱ་ནག་གི་དྲ་རྒྱའི་ལྕགས་རི་གཏོར་དགོས་ཞེས་པའི་ལས་འགུལ་འགོ་འཛུགས་བྱས་ཐོག ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པའི་རྐྱེན་ལས། ད་ལྟ་རྒྱ་ནག་ནང་དུ་ཡོད་པའི་ཁོ་རང་གི་ནང་མི་ཚོ་ལ་རྒྱ་ནག་གཞུང་གིས་འཇིགས་སྐུལ་སྣ་ཚོགས་བྱས་ཏེ་ཁོ་ལ་དྲ་རྒྱའི་སྒང་སྤེལ་བའི་ཆ་འཕྲིན་ཡོད་ཚད་ནག་བསུབ་གཏང་དགོས་པའི་སྡིགས་ར་བསྐུལ་སོང་ཞེས་འགྲེལ་བརྗོད་གནང་འདུག

གཞན་ཡང་ཁོང་གིས་མུ་མཐུད་ནས་གསུངས་དོན། སྤྱི་དམངས་གསར་འགོད་པ་དཔེར་ན་ཧྥང་པིང་དང་ཀྲང་ཀྲན་གཉིས་ཀྱིས་ཏོག་དབྱིབས་ནད་དུག་སྐོར་གྱི་གནས་ཚུལ་ངོ་མ་ཕྱིར་སྤེལ་བྱས་ཡོད་པའི་རྐྱེན་ལས་དུས་ད་ལྟ་ད་དུང་བཙོན་འོག་ཏུ་བཅུག་ཡོད་པ་དང་། དེ་བཞིན་ཤར་ཏུར་ཀི་སི་ཐན་གྱི་གསར་འགོད་པ་ཁུར་པན་མཱ་མུ་ཐིས་རྒྱ་གཞུང་གིས་ཡུ་གུར་བ་ཚོ་དམར་གསོད་བཏང་བའི་གནས་ཚུལ་ཕྱིར་སྤེལ་བྱས་ཡོད་པའི་རྐྱེན་ལས་ལོ༡༥ རིང་གི་བཙོན་འཇུག་གི་ཁྲིམས་ཆད་ཕོག་ཡོད། དེ་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མི་དེ་དག་གི་ལས་དབང་ལ་དོ་སྣང་གིས་རྒྱ་ནག་གཞུང་ལ་ཁོ་ཚོ་གང་མགྱོགས་གློད་བཀྲོལ་གཏོང་དུ་འཇུག་དགོས་པའི་གནོན་ཤུགས་ཇི་ཆེ་སྤྲད་རྒྱུའི་རེ་བ་ཡོད། གསར་འགོད་རང་དབང་དང་གཏམ་བརྗོད་རང་དབང་གི་ཆེད་དུ། ང་ཚོས་ད་ལྟ་འཛམ་གླིང་མི་དམངས་དུང་ཕྱུར་༨༠ པོ་དང་མཉམ་རུབ་ཐོག་ནས་རྒྱ་ནག་གཞུང་གི་དྲ་རྒྱའི་ལྕགས་རི་གཏོར་དགོས་པའི་འབོད་སྐུལ་ལས་འགུལ་སྤེལ་བཞིན་ཡོད། ལས་འགུལ་དེ་ནི་རྒྱ་ནག་གི་མཉེན་ཆས་ཊིག་ཊོག་བཀཀ་སྡོམ་བྱས་པ་དང་ཡུག་ཁེ་རན་དམག་འཁྲུག་མཇུག་སྒྲིལ་བྱ་བར་རྒྱུ་ལས་ཀྱང་གལ་འགངས་ཆེ་བར་མཐོང་གི་ཡོད། འདས་པའི་ཉིན་༤༠ ལྷག་གི་ནང་ང་ཚོའི་ལས་འགུལ་དེ་ལ་རྗེས་འདེད་བྱེད་མཁན་དྲ་གྲོགས་ས་ཡ་གཅིག་ཙམ་བྱུང་སོང་ཞེས་གསུངས་འདུག

༢༠༠༠ ལོ་ནས་བཟུང་སྟེ། རྒྱ་ནག་ནི་འཛམ་གླིང་ཐོག་གི་བརྡ་འཕྲིན་གྱི་བཙོན་ཁང་ཆེ་ཤོས་ཆགས་ཡོད་ཅིང་། རྒྱ་ནག་གཞུང་གིས་དྲ་རྒྱའི་ལྕགས་རིའི་ཐོག་ལ་ལོ་རེར་ཨ་སྒོར་དུང་ཕྱུར་༦༠ ལྷག་འགྲོ་སོང་གཏོང་བཞིན་ཡོད་པ་དང་། གྷུ་གྷུལ་དང་ཊེ་ཊར། ངོ་དེབ་དང་ཡུག་ཊུབ། བྷི་བྷི་སི། སི་ཨེན་ཨེན་ལ་སོགས་པ་འཛམ་གླིང་སྤྱི་ཡོངས་ཀྱིས་བེད་སྤྱོད་གཏོང་བཞིན་པའི་དྲ་ཚིགས་འབུམ་༣ དང་ཁྲི་༡ ལྷག་བཀག་སྡོམ་བྱས་ཏེ། རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་ནང་ལོག་གི་མི་ཚོར་ཀླད་པ་བཀྲུ་བྱེད་ཀྱི་ཆབ་སྲིད་དྲིལ་བསྒྲགས་ཁོ་ན་སྤེལ་བཞིན་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ལ། རྒྱ་ནག་གཞུང་གིས་དྲ་རྒྱའི་ལྕགས་རིའི་ལག་རྩལ་དེ་ཨུ་རུ་སུ་དང་། དབྱི་རན། འབར་མ། ཁང་བྷོ་ཏི་ཡ་ལ་སོགས་པའི་སྒེར་གཅོད་པ་ཚོ་ལ་ཕྱིར་གཏོང་གིས། མི་འབོར་དུང་ཕྱུར་༡༧ ཙམ་ལ་ཨ་མེ་རི་ཁ་དང་། ཉི་ཧོང་། ཐེ་ཝན་སོགས་ལ་དོན་མེད་འཁོན་སེམས་སྐྱེ་བཅུག་སྟེ་འཛམ་གླིང་ཐོག་ཟང་ཟིང་རྒྱུན་ཆད་མེད་པར་ཆགས་བཅུག་ཡོད། དྲ་རྒྱའི་ལྕགས་རི་ནི་རྒྱ་ནག་དམར་ཤོག་ཚོགས་པས་རང་དབང་དམངས་གཙོའི་རྒྱལ་ཁབ་ཚོ་དང་ཁ་གཏད་བཅག་སའི་ལག་ཆ་གཙོ་བོར་གྱུར་ཡོད།

རྒྱ་ནག་དམར་ཤོག་ཚོགས་པའི་སྒེར་གཅོད་ཀྱི་སྲིད་དབང་དེ་བཞིན་སྲ་བརྟན་ཡོང་ཐབས་ལ་ལག་ཆ་གཙོ་བོ་གཉིས་ཡོད་དེ། གཅིག་དེ་ནི་སྐྱག་རྫུན་བཤད་ནས་མི་དམངས་མགོ་སྐོར་གཏང་རྒྱུ་དང་གཞན་ཞིག་ནི་དྲག་སྤྱོད་ལ་བརྟེན་ནས་མི་དམངས་ལ་ཞེད་སྣང་སྐྱེ་འཇུག་རྒྱུ་དེ་རེད། དེ་ལ་སྨྱུག་གུ་དང་མེ་མདའ་ལ་བརྟེན་ནས་བཙུགས་པའི་སྲིད་དབང་ཡང་ཟེར་སྲོལ་ཡོད། དྲ་རྒྱའི་ལྕགས་རི་གཏོར་དགོས་ཞེས་པའི་ལས་འགུལ་འགོ་འཛུགས་གནང་མཁན་ཆའོ་ཤིང་ཤིང་གིས། ཆ་འཕྲིན་དམག་འཁྲུག་ཅེས་པའི་ཚིག་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པ་ཁོ་རང་ཚོས་དུས་ཡུན་རིང་པོར་བེད་སྤྱོད་གཏོང་བཞིན་ཡོད་པའི་ཐ་སྙན་ཞིག་ཡིན་པས། ང་ཚོས་ཀྱང་དྲ་རྒྱའི་ལྕགས་རི་དེ་དམག་འཁྲུག་ཅིག་གི་ཚད་གཞི་ལ་བཞག་ནས། དྲ་རྒྱའི་ཐོག་རྩོམ་ཡིག་སྤེལ་བ་དང་སྦྱར་ཡིག་འཕྱར་བ་སོགས་ལ་བརྟེན་ནས་ཨ་རི་བ་དང་ཉི་ཧོང་བ། དེ་བཞིན་ཡུ་རོབ་པ་ཚོ་ལ་དེའི་ཉེན་ཁ་གསལ་པོ་ཤེས་རྟོགས་ཡོང་ཆེད་གོ་རྟོགས་སྤེལ་དགོས་ཤིང་། རྒྱ་ནག་མི་དམངས་དུང་ཕྱུར་༡༤་པོ་ནང་བཞིན་ཁོ་ཚོ་ལ་ཡང་དྲ་རྒྱའི་ལྕགས་རི་དེས་ཉེན་ཁ་ཐེབས་བཞིན་ཡོད་པ་ཤེས་སུ་འཇུག་དགོས། དེ་བཞིན་དུ་ང་ཚོས་རྒྱལ་ཁབ་སོ་སོའི་གྲོས་ཚོགས་སུ་གནད་དོན་དེའི་སྐོར་ལ་འགྲེལ་བཤད་རྒྱག་ཏུ་ཆས་ནས་མཐར་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུགས་བྱ་ཐུབ་རྒྱུར་འབད་བརྩོན་བྱ་དགོས་ཞེས་གསུངས་འདུག

འབྲེལ་ཡོད།

XS
SM
MD
LG