ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༣/༡༢/༠༧

 རྒྱ་ནག་གི་སྐུ་ཚབ་དང་བལ་ཡུལ་གྱི་ཀོང་རེ་སི་ཚོཊ་པའི་འགོ་ཁྲིད་ཐུག་འཕྲད། 


རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྤྱིའི་ལས་དོན་ལྷན་ཁང་གི་བློན་ཆེན་གཞོན་པ་གོ་ཡེན་ཀྲུག
རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྤྱིའི་ལས་དོན་ལྷན་ཁང་གི་བློན་ཆེན་གཞོན་པ་གོ་ཡེན་ཀྲུག

༄༅།། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྤྱིའི་ལས་དོན་ལྷན་ཁང་གི་བློན་ཆེན་གཞོན་པ་གོ་ཡེན་ཀྲུག་གིས་བལ་ཡུལ་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོར་ལོགས་སུ་ཐུག་འཕྲད་གྲོས་མོལ་བྱས་ནས་རྒྱལ་ཁབ་དེའི་ཆབ་སྲིད་བརྟན་ལྷིང་མེད་པའི་ཐད་བར་འདུམ་བྱེད་ཀྱི་ཡོད་ཅིང་། དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་གི་སྐུ་ཚབ་གོ་ཡེན་ཀྲུག་གིས་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་དང་སྲིད་བློན་ཟུར་པ་ཤེར་བྷ་དྷུར་དྷོ་ཡེ་བྷ་ལ་ཐུག་འཕྲད་བྱས་ཏེ་ལོ་རྗེས་མར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་༡༠༠་འཁོར་གྱི་ཡོད་པའི་དགའ་སྟོན་ལ་དྷོ་ཡེ་བྷ་མགྲོན་འབོད། མགྲོན་ཤོག་དེ་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གི་མིང་ཐོག་ནས་ཕུལ་ཡོད་པ་དང་ལོ་རྗེས་མར་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པ་བཙུགགས་ནས་ལོ་༡༠༠་འཁོར་བའི་དུས་དྲན་ལ་དགའ་སྟོན་ཆེན་པོ་ཞིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། རྒྱ་ནག་གི་སྐུ་ཚབ་དང་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོས་བདུན་ཕྲག་སྔོན་མར་སྲིད་བློན་ཤར་མ་ཨོ་ལིས་རྒྱལ་ཡོངས་གྲོས་ཚོགས་ཕྱིར་བསྡུ་བྱས་ནས་བལ་ཡུལ་ལ་ཆབ་སྲིད་བརྟན་ལྷིང་མེད་པར་གྱུར་ཡོད་པའི་གནས་སྟངས་ལ་གྲོས་སྡུར། རྒྱ་ནག་དང་བལ་ཡུལ་གྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱ་དགོས་པ་སོགས་ལ་གྲོས་སྡུར་བྱས་སོང་ཞེས་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་དྷོ་ཡེ་བྷའི་དྲུང་ཡིག་གིས་གསར་འགོད་པ་ཚོར་ངེས་གཏན་བྱས་ཤིང་། གཟའ་མིག་དམར་ཉིན་གྱི་ཐུག་འཕྲད་གྲོས་མོལ་དེར་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ན་ར་ཡན་ཁ་དྷག་དང་ཀོང་རེ་སི་ཚོགས་པའི་ཕྱི་སྲིད་སློབ་སྟོན་པ་ཟུར་པ་བྷ་ཏ་ར་ཡེ་གཉིས་ཀྱང་མཉམ་ཞུགས་བྱས་འདུག

བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་དྷོ་ཡེ་བྷ་དང་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྤྱིའི་ལས་དོན་ཁང་གི་འགོ་ཁྲིད་གོ་ཡེན་ཀྲུག་གཉིས་ཀྱིས་གྲོས་མོལ་གཙོ་བོ་ཅི་ཞིག་བྱས་མིན་རྣམས་གསར་འགོད་པ་ཚོར་ཕྱིར་བསྒྲགས་བྱས་མེད་ཅིང་། སྐུ་ཞབས་དྷོ་ཡེ་བྷས་རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ནས་ལོ་༡༠༠་འཁོར་གྱི་ཡོད་པར་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པ། རྒྱ་ནག་མི་དམངས་བཅས་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན། བལ་ཡུལ་གྱི་ཀོང་རེ་སི་ཚོགས་པ་དང་རྒྱ་ནག་དམར་ཤོག་ཚོགས་པའི་འབྲེལ་བ་ནི་ཀོང་རེ་སི་ཚོགས་པ་གསར་འཛུགས་པ་སྲིད་བློན་དམ་པ་ཀོ་རེ་ལའི་དུས་སྐབས་ནས་འགོ་ཚུགས་ཡོད་པས་ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་པོ་ཡིན་ཞེས་བསྔགས་བརྗོད་བྱས་སྐད། བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་མཐོ་རིམ་འགོ་ཁྲིད་བྷ་ཏ་ར་ཡེས་༡༩༦༠་ཐམ་པའི་ལོར་སྲིད་བློན་ཀོ་རེ་ལ་དང་རྒྱ་ནག་གི་འགོ་ཁྲིད་ཚོས་ཕྱོགས་གཉིས་ཀྱི་ཞི་བདེ་དང་མཛའ་འབྲེལ་གྱི་ཆིངས་ཡིག་ལ་མིང་རྟགས་བཀོད། ཇོ་མོ་གླང་མའི་ཉེ་འདབས་སུ་བལ་ཡུལ་དང་རྒྱ་ནག་གི་ས་མཚམས་དབྱེ་བ་ཕྱེ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་བཟང་པོ་ཞིག་ཚུགས་ཡོད་ཅེས་བཤད། གཟའ་ཉི་མའི་ཉིན་རྒྱ་ནག་གི་སྐུ་ཚབ་ཚོགས་པས་བལ་ཡུལ་གྱི་སྲིད་འཛིན་བྷན་དྷ་རི་དང་སྲིད་བློན་ཤར་མ་ཨོ་ལི། བལ་ཡུལ་གྱི་དམར་ཤོག་ཚོགས་པའི་གཙོ་འཛིན་པུ་ཤ་པ་ཀ་མལ་དྷལ་དང་མ་དྷབ་ནེ་པལ་བཅས་ལ་ཐུག་འཕྲད་གྲོས་མོལ་བྱས་འདུག ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྐུ་ཚབ་ཚོགས་པའི་འཐུས་མི་ཚོས་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཟུར་པ་དང་སྲིད་བློན་ཟུར་པ་ཁ་ནལ། ཇཱན་ཏ་ས་མ་ཇཱི་བྷ་དི་ཚོགས་པའི་འགོ་ཁྲིད་དང་སྲིད་བློན་ཟུར་པ་བྷ་བྷུ་རམ་བྷ་ཏ་ར་ཡེ་བཅས་ལ་ཐུག་འཕྲད་བྱས་ཡོད་པའི་གནས་ཚུལ་ཐོན།།

རྒྱ་ནག་གི་སྐུ་ཚབ་ཚོགས་པས་བལ་ཡུལ་གྱི་གྲོས་ཚོགས་ཕྱིར་བསྡུ་བྱུང་བའི་རྗེས་སུ་རྒྱལ་ཁབ་དེའི་གཞུང་འཛིན་ཚོགས་པ་ཁ་འཐོར་སོང་ཡོད་པ་སླར་ཡང་གཅིག་སྒྲིལ་བྱེད་ཐུབ་མིན། བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གི་འགལ་ཟླ་ཆེ་ཆུང་ཅི་ཙམ་ཡོད་མེད། བལ་ཡུལ་གྱི་ཆབ་སྲིད་བརྟན་ལྷིང་མེད་པའི་སྐབས་སུ་རྒྱ་ནག་དང་དང་བལ་ཡུལ་གྱི་འབྲེལ་བར་འགྱུར་བ་ཐེབས་རྒྱུ་ཡིན་མིན། ལོ་རྗེས་མའི་འོས་འདེམས་རྗེས་སུ་བལ་ཡུལ་གྱི་སྲིད་བློན་ཚོགས་པ་གང་གིས་སྲིད་དབང་འཛིན་རྒྱུའི་རྟགས་མཚན་ཡོད་མེད། སྔོན་ཆད་བལ་ཡུལ་དང་རྒྱ་ནག་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་ཁག་བལ་ཡུལ་གྱི་སྲིད་གཞུང་གསར་པས་རྩ་འཛིན་བྱ་རྒྱུ་ཡིན་མིན། རྒྱ་ནག་གིས་བལ་ཡུལ་གྱི་ས་ཐོག་ཏུ་འཛུགས་སྐྲུན་གྱི་ལས་གཞི་ཁག་ཅིག་གཉེར་གྱི་ཡོད་པར་འགོག་རྐྱེན་འཕྲད་རྒྱུ་ཡིན་མིན་བཅས་ལ་རྟོག་ཞིབ་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་སྐུ་ཚབ་ཚོགས་པའི་ལས་འགན་ངོ་མ་ནི་བལ་ཡུལ་གྱི་དམར་ཤོག་སྲིད་གཞུང་འཐོར་ཞིག་སོང་བའི་རྗེས་སུ་རྒྱ་ནག་གིས་སྔར་བཞིན་བལ་ཡུལ་ལ་ཤུགས་རྐྱེན་ཐེབས་ཐུབ་རྒྱུ་ཡིན་མིན། ལོ་འདིའི་ཕྱི་ཟླ་༤་པ་ནས་བལ་ཡུལ་དང་རྒྱ་གར་གྱི་འབྲེལ་བ་སྡུག་ཏུ་སོང་སྟེ་རྒྱ་གར་གྱིས་བལ་ཡུལ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ཉམས་དམས་སུ་ཕྱིན་ཡོད་པ་སླར་གསོ་འབྱུང་རྒྱུ་ཡིན་མིན། མ་འོངས་པར་བལ་ཡུལ་གྱི་སྲིད་གཞུང་གསར་པས་རྒྱ་གར་ལ་འབྲེལ་བ་ཡར་རྒྱས་བཏང་ནས་རྒྱ་ནག་གིས་བལ་ཡུལ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་འགོག་ཐབས་བྱ་རྒྱུ་ཡིན་མིན། བལ་ཡུལ་གྱི་དམར་ཤོག་སྲིད་གཞུང་འཐོར་ཞིག་སོང་བ་དེར་རྒྱ་གར་གྱིས་ལྐོག་ཏུ་ནུས་པ་ཅི་ཞིག་བཏོན་ཡོད་མེད། རྒྱ་གར་གྱི་བལ་བོའི་སྲིད་དོན་ཚོགས་པ་གང་གང་དང་སྲིད་དོན་པ་སུ་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་བཅས་ལ་ཞིབ་འཇུག་བྱེད་པའི་ཆེད་དུ་རེད་ཅེས་བལ་ཡུལ་གྱི་སྲིད་དོན་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་འདུག

རྒྱ་གར་གཞུང་གིས་བལ་ཡུལ་གྱི་ཆབ་སྲིད་བརྟན་ལྷིང་མེད་པར་དངོས་སུ་ཐེ་གཏོགས་བྱེད་ཀྱི་མེད་པ་སྟེ། བལ་ཡུལ་གྱི་གྲོས་ཚོགས་ཕྱིར་བསྡུ་བྱས་ནས་རྒྱལ་ཁབ་དེར་ཆབ་སྲིད་ཀྱི་བརྟན་ལྷིང་མེད་པ་བཏང་སྙོམས་སུ་བཞག་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་གཙིགས་སུ་བཟུང་། ལྡི་ལི་གསར་པར་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་པས་རྒྱ་གར་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་རིམ་པའི་ཐུག་འཕྲད་གྲོས་མོལ་དེར་སྲིད་བློན་ཨོ་ལིའི་གཞུང་གིས་འགྱུར་བ་གཏོང་རྩིས་མེད། རྒྱ་གར་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་རིམ་པའི་ཐུག་འཕྲད་གྲོས་མོལ་ལ་གྲ་སྒྲིག་བྱེད་བཞིན་ཡོད། བལ་ཡུལ་གྱི་གྲོས་ཚོགས་འོག་མ་ཕྱིར་བསྡུ་བྱས་ཀྱང་སྲིད་གཞུང་གི་ལས་ཁུངས་ཁག་གིས་སྔར་བཞིན་ལས་དོན་སྒྲུབ་ཀྱི་ཡོད་ཅེས་གསར་འགོད་པ་ཚོར་གཏམ་བཤད་བྱས་འདུག ཉེ་ཆར་རྒྱ་གར་གྱི་སྐམ་དམག་སྤྱི་ཁྱབ་བཀོད་འདོམས་པ་དང་དེའི་སྔོན་ལ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་གཉིས་སྔ་རྗེས་སུ་བལ་ཡུལ་ལ་འཚམས་འདྲིར་སླེབས་ནས་བཟུང་། རྒྱ་གར་དང་བལ་ཡུལ་གྱི་འབྲེལ་བ་སླར་གསོ་བྱུང་སྟེ་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་འགོ་ཚུགས། རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་བལ་ཡུལ་གྱི་དམར་ཤོག་ཚོགས་པ་ཁ་འཐོར་དུ་མི་འགྲོ་བ། སྲིད་བློན་ཤར་མ་ཨོ་ལི་དང་པུ་ཤ་པ་ཀ་མལ་དྷལ་གཉིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་སུ་འབད། རྒྱ་གར་གཞུང་གིས་བལ་ཡུལ་གྱི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མིན། བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་ལ་རྒྱ་གར་གྱི་དབྱེན་སྦྱོར་བྱས་ནས་འགལ་ཟླ་ཆེ་རུ་གཏོང་རྒྱུ་མིན། ལྡི་ལི་གསར་པས་རྒྱ་གར་དང་བལ་ཡུལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཨང་དང་པོར་འཛིན་རྒྱུ་ཡིན་ཞེས་ལངས་ཕྱོགས་གསལ་སྟོན་བྱས་འདུག

ཤར་མ་ཨོ་ལི
ཤར་མ་ཨོ་ལི

ད་ལྟ་བལ་ཡུལ་གྱི་སྲིད་དོན་པ་ཚོས་ཤར་མ་ཨོ་ལིས་ལྟ་སྐྱོང་སྲིད་བློན་གྱི་གོ་གནས་བཟུང་ཡོད་པར་ངོ་རྒོལ་བྱས་ནས་ཁོ་པ་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས། ཤར་མ་ཨོ་ལིས་རྒྱལ་ཡོངས་གྲོས་ཚོགས་ཕྱིར་བསྡུ་བྱས་པའི་རྗེས་སུ་ཁོ་པ་གྲོས་ཚོགས་འཐུས་མི་མིན་པར་གྱུར་པ་རེད། དེས་ན་ཁོ་པས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུས་ཏེ་བསྐྱར་དུ་སྲིད་དོན་ཚོགས་པ་ཁག་གི་འཐུས་མི་ཚོར་མང་མོས་ཀྱིས་ལྟ་སྐྱོང་སྲིད་བློན་ལ་བསྐོ་བཞག་བྱེད་དུ་འཇུག་དགོས། ཤར་མ་ཨོ་ལིས་རང་ཉིད་ལྟ་སྐྱོང་སྲིད་བློན་ཡིན་ཞེས་སྔར་བཞིན་སྲིད་དབང་འཛིན་གྱི་ཡོད་པ་ཁྲིམས་འགལ་རེད་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པར་མ་ཟད། བལ་ཡུལ་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་གིས་ཤར་མ་ཨོ་ལིས་རྒྱལ་ཡོངས་གྲོས་ཚོགས་ཕྱིར་བསྡུ་བྱས་པ་ཁྲིམས་མཐུན་ཡིན་མིན་ཆེས་མཐོའི་ཁྲིམས་ཁང་ལ་གཏུགས་ནས་ཁ་མཆུ་བཙུགས། བལ་ཡུལ་གྱི་ཁྲིམས་རྩོད་པ་དང་རྩ་ཁྲིམས་མཁས་པ་ཚོས་སྲིད་བློན་ཨོ་ལིས་རྒྱལ་ཡོངས་གྲོས་ཚོགས་ཕྱིར་བསྡུ་བྱས་པའི་རྗེས་སུ་ཁོ་པ་ལྟ་སྐྱོང་སྲིད་བློན་ལ་གྱུར་པ་རེད། བལ་ཡུལ་གྱི་སྲིད་བློན་སྔོན་མ་ཚོས་ཀྱང་རྒྱལ་ཡོངས་གྲོས་ཚོགས་ཕྱིར་བསྡུ་བྱས་ནས་སྤྱི་ཡོངས་འོས་འདེམས་སྔ་སྣུར་བྱས་མྱོང་ཡོད། འོན་ཀྱང་སྲིད་བློན་སྔོན་མ་རྣམས་དང་ཤར་མ་ཨོ་ལི་གཉིས་ལ་མ་འདྲ་བའི་ཁྱད་པར་ནི་སྲིད་བློན་སྔོན་མ་ཚོས་གྲོས་ཚོགས་ཕྱིར་བསྡུ་བྱས་པའི་རྗེས་སུ་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུས། དེ་ནས་ཁོ་ཚོ་བསྐྱར་དུ་ལྟ་སྐྱོང་སྲིད་བློན་ལ་བསྐོ་བཞག་བྱེད་དུ་བཅུག་འདུག ཤར་མ་ཨོ་ལིས་རྒྱལ་ཡོངས་གྲོས་ཚོགས་ཕྱིར་བསྡུ་བྱས་པའི་རྗེས་སུ་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུས་པའམ། ཡང་ན་ཁོ་པ་བསྐྱར་དུ་ལྟ་སྐྱོང་སྲིད་བློན་ལ་བསྐོ་བཞག་བྱེད་དུ་བཅུག་མེད་པ་ཁྲིམས་འགལ་རེད། བལ་ཡུལ་གྱི་རྩ་ཁྲིམས་སུ་སྲིད་བློན་གྲོས་ཚོགས་འཐུས་མི་མ་ཡིན་པར་གྱུར་པ་དང་། སྲིད་བློན་གྲོས་ཚོགས་འཐུས་མི་མིན་པར་གྱུར་མ་ཐག་ཏུ་སྲིད་བློན་མིན་པར་གྱུར་པ་ཡིན། དེ་ནས་མི་དམངས་ཀྱི་འཐུས་མི་ཚོས་ལྟ་སྐྱོང་སྲིད་བློན་ཞིག་བསྐོ་བཞག་བྱ་དགོས་ཞེས་གསལ་པོར་བཀོད་ཡོད། ཤར་མ་ཨོ་ལིས་རྩ་ཁྲིམས་ཀྱི་དགོངས་དོན་ལ་རྒྱབ་འགལ་བྱས་ནས་སྲིད་དབང་འཛིན་གྱི་འདུག་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG