ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་སྨན་ཁབ་རྒྱག་ཡུལ་རྒྱལ་ཁབ་ཁག་ལ་ནད་ཡམས་བསྐྱར་ལོག 


༄༅།། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་༩༠་ལྷག་གིས་རྒྱ་ནག་ནས་ཐོན་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་གི་ཡོད་ཅིང་། ཉམས་ཞིབ་པ་ཚོས་རྒྱ་ནག་གི་སྨན་ཁབ་རྒྱག་ཡུལ་རྒྱལ་ཁབ་ཁག་ལ་བསྐྱར་དུ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་འདུག ལྷག་པར་དུ་ཉེ་ཆར་རྒྱ་གར་ལ་ཁྱབ་པའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་རྒྱ་ནག་གིས་བཟོས་པའི་སྨན་ཁབ་དེས་འགོག་ཐུབ་ཀྱི་མི་འདུག རྒྱ་ནག་གི་སྨན་ཁབ་རྒྱག་གི་ཡོད་པའི་རྒྱལ་ཁབ་ཁག་གིས་དམིགས་བསལ་གྱིས་གཟབ་ནན་བྱེད་དགོས་ཀྱི་འདུག་ཅེས་ཉམས་ཞིབ་པ་ཚོས་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༦་པའི་ཚེས་༢༢་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་རྒྱ་ནག་གི་སྨན་ཁབ་དེ་ཚོར་ནད་འགོག་གི་ནུས་པ་ཡོད་མེད་ཞིབ་འཇུག་བྱས་པའི་རྩོམ་ཡིག་ཅིག་བཀོད་ཡོད་པ་དེར་འཁོད་པ་ལྟར་ན། སོག་པོའི་གཞུང་གིས་ལོ་འདིའི་དབྱར་དུས་སོག་ཡུལ་ཏོག་དབྱིབས་ནད་དུག་འོག་ནས་ཐར་ཐུབ་ཅེས་ཁས་བླངས། དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་བྷ་རེན་གཞུང་གིས་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱེད་ཐུབ་ཅེས་བསྒྲགས། རྒྱ་གར་རྒྱ་མཚོའི་ནང་དུ་ཆགས་པའི་སེ་ཤཱེལ་རྒྱལ་ཁབ་ཀྱིས་དཔལ་འབྱོར་སླར་གསོ་བྱེད་ཐུབ་པའི་དམིགས་ཡུལ་བཅངས། འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བར་འགོག་ཁབ་རག་གི་མེད་པའི་དུས་སུ་སོག་ཡུལ་དང་བྷ་རེན། སེ་ཤེལ་རྒྱལ་ཁབ་གསུམ་གྱིས་རྒྱ་ནག་གི་སྨན་ཁབ་བརྒྱབ་སྟེ་ནད་ཡམས་ལས་ཐར་རྒྱུའི་རྩིས་བརྒྱབ། ད་ལྟ་གོང་འཁོད་རྒྱལ་ཁབ་གསུམ་ནད་ཡམས་ཀྱི་དཀའ་ངལ་འོག་ནས་ཐར་རྒྱུའི་ཚབ་ཏུ་བསྐྱར་དུ་ཏོག་དབྱིབས་ནད་དུག་ཁྱབ། བདུན་ཕྲག་སྔོན་མར་རྒྱ་ནག་གི་སྨན་ཁབ་བརྒྱབ་པའི་ཨིན་རྡུ་ནེ་ཤི་ཡའི་སྨན་པ་དང་སྨན་ཞབས་པ་༣༥༠་ལྷག་ལ་བསྐྱར་དུ་ཏོག་དབྱིབས་ནད་དུག་འགོས་ནས་སྨན་ཁང་དུ་ཁྱེར་པ་དང་རང་ཁྱིམ་དུ་ཟུར་འགོག་བྱེད་དགོས་བྱུང་ཡོད་པའི་གནས་ཚུལ་ཐོན།།

ན་ནིང་ནས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཕྱིར་ཚོང་བྱ་རྒྱུ་མགོ་བརྩམས། རྒྱ་ནག་གི་སྨན་ཁབ་དེ་རྣམས་བདེ་འཇགས་ཡིན་པ་དང་ནད་འགོག་གི་ནུས་པ་ཡོད་ཅེས་སྨན་ཁབ་དེ་རྣམས་ཕྱི་འབྲེལ་རྒྱ་སྐྱེད་ཀྱི་ལག་ཆ་ཞིག་ཏུ་སྤྱད། རྒྱ་ནག་གཞུང་གིས་སྨན་ཁབ་བཙོངས་ནས་ཕྱི་འབྲེལ་རྒྱ་བསྐྱེད་པའི་དུས་སུ་རང་གི་སྨན་ཁབ་དེར་ནད་དུག་སྔོན་འགོག་གི་ནུས་པ་ཅི་ཙམ་ཡོད་མེད། ཨ་རི་དང་དབྱིན་ཇི། རྒྱ་གར་སོགས་ཀྱི་སྨན་ཁབ་ཁག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ནུས་པ་ཅི་ཙམ་འཐོན་རྒྱུ་ཡིན་མིན་ལ་བསམ་བློ་མ་བཏང་བར་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཐབས་འབའ་ཞིག་ལ་འབུངས། ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་རང་གི་སྨན་ཁབ་ལ་ནད་འགོག་གི་ནུས་པ་ཞན་པའི་དངོས་ཡོད་གནས་ཚུལ་ལ་ངོས་ལེན་བྱ་དགོས་བྱུང་འདུག ད་ནས་འཛམ་གླིང་རྒྱལ་ཁབ་ཁག་གིས་རང་གི་ཡུལ་ལུང་དེ་ཉིད་ཏོག་དབྱིབས་ནད་ཡམས་འོག་ནས་ཐར་དགོས་ན་འགོག་ཁབ་གང་རྒྱག་དགོས་མིན་སོགས་ཐབས་རྡུགས་ཀྱི་གདམ་ཀ་ཞིག་བྱེད་དགོས་ཐུག་ཡོད་པ་སྟེ། སེ་ཤཱེལ་རྒྱལ་ཁབ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆི་ལེ། དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་བྷ་རེན། སོག་ཡུལ་བཅས་ཀྱི་མི་འབོར་བརྒྱ་ཆ་༥༠་ནས་༦༨་ཡས་མས་ཤིག་ལ་རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཐུན་གཉིས་ཀྱི་འགོག་ཁབ་བརྒྱབ། རྒྱལ་ཁབ་དེ་དག་གི་མི་དམངས་ལ་སྨན་ཁབ་བརྒྱབ་པའི་གྲངས་འབོར་ནི་ཨ་མི་རི་ཀ་ལས་ཀྱང་མང་ཞིང་། ད་ལྟ་གོང་འཁོད་རྒྱལ་ཁབ་བཞི་པོ་ནི་འཛམ་གླིང་གི་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་ཡུལ་ཚབས་ཆེན་རྒྱལ་ཁབ་༡༠་ཐམ་པའི་ཁོངས་སུ་སུ་ཚུད་འདུག

ཧོང་ཀོང་སློབ་གྲྭ་ཆེན་མོའི་ནད་དུག་རིག་པ་བ་ཅིན་ཏུང་ཡན་གྱིས་ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། གལ་སྲིད་རྒྱ་ནག་གི་སྨན་ཁབ་དེ་རྣམས་ཡག་པོ་ཡོད་ན་ནད་དུག་བསྐྱར་ལོག་གི་གནས་ཚུལ་འདི་འབྱུང་མི་སྲིད། རྒྱ་ནག་གི་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་ལ་རང་གི་སྨན་ཁབ་དེ་རྣམས་ནུས་པ་ཆེ་རུ་གཏོང་དགོས་པའི་འགན་འཁྲི་ཡོད་ཅེས་བསྟན། ཚན་རིག་པ་ཚོས་འགོག་ཁབ་མང་བ་བརྒྱབ་པའི་རྒྱལ་ཁབ་ཁག་ལ་བསྐྱར་དུ་ནད་དུག་ཁྱབ་དགོས་པའི་རྒྱུ་རྐྱེན་ཅི་ཡིན་གསལ་པོ་ཞིག་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྒྲིག་ཁྲིམས་རྣམས་མྱུར་དུ་ཕྱིར་འཐེན་བྱས་པ། མི་རེར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཐུན་གཉིས་ཀྱི་འགོག་ཁབ་རྒྱག་དགོས་པ་མ་བརྒྱབ་པར་སྨན་ཐུན་གཅིག་གི་འགོག་ཁབ་བརྒྱབ་ནས་ནད་ཡམས་ལ་སྣང་མེད་བཏང་བར་འབྲེལ་བ་ཡོད་སྲིད། འོན་ཀྱང་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་སྟངས་ནི་སྨན་ཁབ་ལ་ནད་འགོག་གི་ནུས་པ་ཡོད་མེད་དེར་འབྲེལ་བ་ཆེན་པོ་ཞིག་འདུག་ཅེས་གནས་ཚུལ་ཞིག་སྤེལ་འདུག དེའི་རྒྱུ་མཚན་ནི་ཨ་མི་རི་ཀའི་མི་འབོར་བརྒྱ་ཆ་༤༥་ལ་སྨན་ཐུན་གཉིས་ཀྱི་འགོག་ཁབ་བརྒྱབ་ཟིན་ཡོད་པར་མ་ཟད། ཨ་རི་བ་ཕལ་མོ་ཆེར་ཧྥེ་ཛར་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱིས་བཟོས་པའི་འགོག་ཁབ་བརྒྱབ། དུས་ཡུན་ཟླ་བ་༦་གི་ནང་ཚུད་དུ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རྒྱུ་བརྒྱ་ཆ་༩༤་ཉུང་དུ་སོང་། སེ་ཤཱེལ་རྒྱལ་ཁབ་དང་ཨི་སི་རལ་གཉིས་ནི་འཛམ་གླིང་འདིར་རང་གི་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་མང་ཤོས་བརྒྱབ་པའི་རྒྱལ་ཁབ་གཉིས་ཡིན་ཞིང་། ཨི་སི་རལ་གྱིས་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་བརྒྱབ། ད་ལྟ་ཨི་སི་རལ་ལ་མི་གྲངས་ས་ཡ་གཅིག་གི་ནང་དུ་མི་༤་༩༥་ལ་མ་གཏོགས་ཏོག་དབྱིབས་ནད་བསྐྱར་དུ་མི་འགོ སེ་ཤཱེལ་རྒྱལ་ཁབ་ཀྱིས་རྒྱ་ནག་གི་སྨན་ཁབ་བརྒྱབ་སྟེ་རྒྱལ་ཁབ་དེའི་མི་གྲངས་ས་ཡ་གཅིག་གི་ནང་དུ་མི་༧༡༦་ལྷག་ལ་ནད་དུག་བསྐར་དུ་འགོ་ཡི་ཡོད་པའི་གནས་ཚུལ་ཐོན།།

ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་༢༠༡༩་ལོར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་གོ་ལའི་ཁྱོན་དུ་གྲལ་རིམ་མ་འདྲ་བ་གསུམ་ཕྱེ་སོང་། ཧྥེ་ཛར་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་རྒྱག་གི་ཡོད་པའི་འབྱོར་ལྡན་རྒྱལ་ཁབ་ཁག་གི་གྲལ་རིམ་གཅིག་དང་འགོག་ཁབ་གཏན་ནས་མ་རག་པའི་དབུལ་ཕོངས་རྒྱལ་ཁབ་ཁག་གི་གྲལ་རིམ་གཅིག རྒྱལ་ཁབ་༩༠་ལྷག་གིས་རྒྱ་ནག་ནས་ཐོན་པའི་འགོག་ཁབ་བརྒྱབ་སྟེ་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱ་རྒྱུ་སྔ་དྲགས་པ་དང་ཉིན་ལྟར་བརྟག་དཔྱད་བྱ་རྒྱུ་ཉུང་དུ་བཏང་བ། ཉིན་རེའི་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱེད་ཀྱི་ཡོད་པའི་རྒྱལ་ཁབ་ཁག་གི་གྲལ་རིམ་ཞིག་ཕྱེ་འདུག རྒྱ་ནག་གི་སྨན་ཁབ་བརྒྱབ་པའི་རྒྱལ་ཁབ་ཁག་ལ་ནད་རླབས་གསུམ་པ་ཞིག་འཕྱུར་རྒྱུའི་ཉེན་ཁ་འདུག་ཅེས་རྩོམ་ཡིག་བཀོད། ལོ་ན་༣༡་ལ་སོན་པའི་སོག་ཡུལ་གྱི་གཏེར་ཁ་སྔོན་འདོན་བ་ཨོ་ཐུང་ཛྷར་གྷལ་བྷ་ཐར་ཞེས་པ་ཞིག་གིས་ང་ལ་རྒྱ་ནག་གིས་བཟོས་པའི་སྨན་ཐུན་གཉིས་ཀྱི་འགོག་ཁབ་བརྒྱབ་སྟེ་ཟླ་བ་གཅིག་གི་རྗེས་སུ་བསྐྱར་དུ་ནད་རྟགས་ཐོན་སོང་། ང་ཉི་མ་༩་ལ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་པ་ཡིན། ད་ལྟ་ང་ལ་རྒྱ་ནག་གིས་བཟོས་པའི་སྨན་ཁབ་དེ་ཚོར་ནུས་པ་ཡོད་མེད་དོགས་པ་འདུག མི་ཚོས་འགོག་ཁབ་བརྒྱབ་སྟེ་དབྱར་གྱི་དུས་སུ་ནད་ཡམས་འོག་ནས་ཐར་ཐུབ་པའི་རྩིས་བརྒྱབ་ཀྱང་དེ་ལྟར་འབྱུང་རྒྱུ་ཁག་པོ་རེད། ངའི་སེམས་པར་སོག་ཡུལ་གྱིས་སྣང་མེད་གཏོང་རྒྱུ་སྔ་དྲགས་ཡོད་པ་འདྲ། ནད་ཡམས་ཡོངས་སུ་མ་འཇོམས་བར་དུ་དགའ་སྟོན་བྱེད་རྒྱུ་མི་འདུག འདི་ནི་ངའི་ཉམས་མྱོང་ཡིན་ཞེས་བཤད། ཞིས་ཅིན་ཕིང་གིས་རྒྱ་ནག་གི་སྨན་ཁབ་རྣམས་ཉར་འཇོག་བདེ་པོ་དང་སྐྱེལ་འདྲེན་སྟབས་བདེ། རྒྱ་ནག་གིས་འཛམ་གླིང་མི་དམངས་ས་ཡ་མང་པོར་སྨན་ཁབ་བགོ་འགྲེམ་བྱེད་ཆོག་ཅེས་བཤད།།

ཞིས་ཅིན་ཕིང་གི་སྐད་ཆར་ཡིད་ཆེས་ནས་རྒྱ་ནག་གི་སྨན་ཁབ་ནང་འདྲེན་བྱེད་མཁན་དང་པོའི་གྲས་སུ་སོག་ཡུལ་ཡོད་ཅིང་། སོག་པོའི་མི་འབོར་བརྒྱ་ཆ་༥༢་ལྷག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཟིན་མོད། འོན་ཀྱང་ཁ་སྔོན་གཟའ་ཉི་མའི་ཉིན་སོག་ཡུལ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢༤༠༠་ཐོན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སོག་ཡུལ་ལ་ཏོག་དབྱིབས་ནད་དུག་བསྐྱར་དུ་ཁྱབ་ཀྱི་ཡོད་པ་དང་རྒྱ་ནག་གི་སྨན་ཁབ་གཉིས་ལ་འབྲེལ་བ་མི་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་ཁག་ཅིག་ལ་ཏོག་དབྱིབས་ནད་དུག་བསྐྱར་དུ་ཁྱབ་ཀྱི་ཡོད་པ་འགོག་ཁབ་གང་བརྒྱབ་ཡོད་མེད་ལ་འབྲེལ་བ་འདུག ནད་དུག་བསྐྱར་དུ་ཁྱབ་ཀྱི་ཡོད་པའི་རྒྱལ་ཁབ་ཁག་གིས་སླར་ཡང་འགྲོ་འོང་བཀག་སྡོམ་དང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་ཐབས་ཇུས་བསྟེན་དགོས་ཞེས་བསྐུལ། བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ཁང་གི་སྨན་པ་ཧྲའོ་དབྱི་མིང་གིས་ང་ཚོའི་སྨན་ཁབ་ལ་ནད་འགོག་གི་ནུས་པ་ཞན་པོ་རེད། དེས་ན་རྒྱ་ནག་གཞུང་གིས་རང་གི་མི་འབོར་བརྒྱ་ཆ་༨༠་ནས་༨༥་ལྷག་ལ་སྨན་ཐུན་གཉིས་ཀྱི་འགོག་ཁབ་རྒྱག་དགོས་ཀྱི་འདུག ང་ཚོས་སྔོན་ཆད་ཚོད་དཔག་བྱས་པ་ལྟར་རྒྱ་ནག་གི་མི་འབོར་བརྒྱ་ཆ་༧༠་ཙམ་ལ་འགོག་ཁབ་བརྒྱབ་ནས་ནད་དུག་འགོག་ཐུབ་རྒྱུའི་རྩིས་བརྒྱབ་པ་འགྲིག་མི་འདུག་ཅེས་བཤད། ད་སྔ་འཛམ་གླིང་འདིར་ཏོག་དབྱིབས་ནད་དུག་བརྒྱ་ཆ་བརྒྱ་ཐམ་པ་འགོག་ཐུབ་པའི་སྨན་ཁབ་མེད་ཀྱང་ཨ་རི་དང་དབྱིན་ཇི། རྒྱ་གར་སོགས་ཀྱིས་བཟོས་པའི་སྨན་ཁབ་བརྒྱབ་པའི་མི་ཚོར་བསྐྱར་དུ་ཏོག་དབྱིབས་ནད་དུག་འགོ་རྒྱུ་ཧ་ཅང་ཉུང་། རྒྱ་ནག་གི་སྨན་ཁབ་བརྒྱབ་པའི་མི་ཚོར་བསྐྱར་དུ་ཏོག་དབྱིབས་ནད་དུག་འགོ་རྒྱུ་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG