ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༠

རྒྱ་ནག་ལ་རྡོ་སོལ་མེད་པར་གྲོང་ཁྱེར་མང་དག་ཅིག་ལ་གློག་ཆད་ཀྱི་ཡོད་པ།


༄༅།། རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ནས་རྡོ་སོལ་དང་རྒུན་ཆང་སོགས་ནང་འདྲེན་བྱ་རྒྱུ་མཚམས་བཞག ཨོ་གླིང་གི་ཐོན་སྐྱེད་ཁག་ཅིག་ལ་རྒྱ་ནག་གིས་སྒོ་ཁྲལ་སྤར་ནས་ཚོང་དམག་བསླངས། དེར་བརྟེན་རྡོ་སོལ་གྱི་ནུས་ཤུགས་ལ་བརྟེན་ཡོད་པའི་རྒྱ་ནག་གི་གློག་ཁང་ཁག་གིས་གློག་གཏོང་མ་ཐུབ་པར་གྲོང་ཁྱེར་མང་དག་ཅིག་ལ་གློག་ཆད་ནས་མཚན་མོར་མུན་ནག་ཏུ་གྱུར། ད་དུང་རྒྱ་ནག་རྒྱལ་ཡོངས་སུ་རྡོ་སོལ་གྱི་རིན་གོང་འཕར་ནས་མི་མང་དབུལ་ཕོངས་ཚོར་དགུན་གྱི་གྲང་ངར་ཁྲོད་དུ་ལྕགས་ཐབ་སྒོང་རྒྱུའི་རྡོ་སོལ་མེད་པར་དཀའ་ངལ་ཆེ་རུ་སོང་། རྒྱ་ནག་གི་ཁྲོམ་རའི་ནང་དུ་རྡོ་སོལ་གྱི་རིན་གོང་འཕར་དགོས་པ་དང་གྲོང་ཁྱེར་མང་དག་ཅིག་ལ་གློག་ཆད་དགོས་པའི་རྒྱུ་རྐྱེན་ཅི་ཡིན་མི་མང་ལ་སྦ་གསང་། ཞིས་ཅིན་ཕིང་གིས་ཨོ་གླིང་རྒྱལ་ཁབ་ལ་ཚོང་དམག་སློང་གི་ཡོད་པར་དགེ་མཚན་ཡོད་མེད་སོགས་གླེང་སློང་བྱེད་དུ་འཇུག་གི་མེད་པ། མི་མང་ལ་རྡོ་སོལ་གྱི་རིན་གོང་འཕར་བ་དང་གློག་ཆད་ཀྱི་ཡོད་པའི་དཀའ་ངལ་འཕྲད་བཞིན་པ་རྣམས་རྒྱ་ནག་གཞུང་གིས་མྱུར་དུ་སེལ་ཐུབ་རྒྱུ་ཡིན་མིན་གྱི་འགྲེལ་བཤད་ཀྱང་རྒྱག་གི་མེད་པའི་གནས་ཚུལ་ཐོན་འདུག

ཨོ་གླིང་གི་ཚོང་འབྲེལ་བློན་ཆེན།
ཨོ་གླིང་གི་ཚོང་འབྲེལ་བློན་ཆེན།

སྔ་ལོ་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་ཡག་པོ་ཞིག་བྱས་མ་སོང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གིས་ནད་ཡམས་སྔོན་འགོག་བྱེད་སྟངས་ཐོག་ཏུ་ཞིབ་འཇུག་བྱ་དགོས་ཞེས་སྐད་འབོད་བྱས་པར་ཨོ་གླིང་གཞུང་གིས་རྒྱབ་སྐྱོར་བྱས་ནས་བཟུང་། རྒྱ་ནག་དང་ཨོ་གླིང་རྒྱལ་ཁབ་ཀྱི་འབྲེལ་བ་ཕྱོགས་གང་ཐད་དུ་ཇེ་སྡུག་ལ་སོང་། ཨོ་གླིང་གི་རྡོ་སོལ་དང་དྭངས་ལྕགས། སྐམ་ཤ་དང་རྒུན་ཆང་། འབྲུ་རིགས་སོགས་ཐོན་སྐྱེད་སྣ་མང་ཞིག་རྒྱ་ནག་གིས་ནང་འདྲེན་བྱ་རྒྱུ་མཚམས་བཞག ད་ལྟ་རྒྱ་ནག་གཞུང་གིས་རྡོ་སོལ་གྱི་ཐོན་ཁུངས་གསར་འཚོལ་བྱ་རྒྱུའི་ཚབ་ཏུ་བཟོ་ཚོང་ལས་ཁང་ཁག་ལ་གློག་བཀོལ་སྤྱོད་བྱ་རྒྱུ་ཉུང་དུ་ཐོངས། མི་མང་ལ་རྡོ་སོལ་གྱི་རིན་གོང་འཕར་དུ་མ་འཇུག་ཅེས་བཀོད་འདོམས་བྱས་ཀྱང་ཨོ་གླིང་ནས་རྡོ་སོལ་ནང་འདྲེན་བྱེད་མི་ཆོག་པའི་ཚོང་ལས་བཀག་སྡོམ་ཕྱིར་འཐེན་བྱེད་ཀྱི་མེད་པར་མ་ཟད། རྒྱ་ནག་གི་གཞུང་གཉེར་དྭངས་ལྕགས་དང་དངོས་ཟོག་བཟོ་གྲྭ་ཁག་ལ་ཨོ་གླིང་ནས་རྡོ་སོལ་ནང་འདྲེན་བྱེད་མི་ཆོག་ཅེས་བཀའ་བཏང་ཡོད་སྐད། དེང་སྐབས་རྒྱ་ནག་ནི་འཛམ་གླིང་འདིར་རྡོ་སོལ་བཀོལ་སྤྱོད་བྱེད་མཁན་རྒྱལ་ཁབ་ཤུགས་ཆེ་ཤོས་ཡིན་པ་སྟེ། རྒྱ་ནག་གི་གློག་ཁང་མང་དག་ཅིག་རྡོ་སོལ་གྱི་ནུས་ཤུགས་ལ་བརྟེན་པའི་གློག་ཁང་ཡིན་ཞིང་། རྒྱ་ནག་གི་དྭངས་ལྕགས་བཟོ་གྲྭ་ཁག་གིས་རྡོ་སོལ་བཀོལ་སྤྱོད་བྱས་ནས་ལྕགས་རིགས་བཟོ་སྐྲུན་བྱེད་ཀྱི་ཡོད་ཀྱང་ཨོ་གླིང་ནས་རྡོ་སོལ་ནང་འདྲེན་བྱ་རྒྱུ་མཚམས་བཞག་ན་རྒྱ་ནག་ལ་ཉི་གློག་དང་རླུང་ཤུགས་ཀྱིས་གློག་གི་དགོས་མཁོ་སྐོང་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ།།

རྒྱ་ནག་ལ་རྡོ་སོལ་གྱི་རིན་གོང་འཕར་བའི་སྟབས་ཀྱིས་གྲོང་ཁྱེར་ཁག་ཏུ་ཉི་གློག་དང་རླུང་ཤུགས་ཀྱི་གློག རྫས་སྦྱོར་གྱི་གློག་གི་རིན་གོང་འཕར་ནས་ཆག་དཀའ་བ་ཞིག་ཏུ་གྱུར། ཕྱི་ཟླ་༡༢་པའི་ཚེས་༣་ནས་རྒྱ་ནག་གིས་རྫས་སྦྱོར་གློག་ཤུགས་ཀྱི་རིན་གོང་ཉིན་ལྟར་འཕར། རྒྱ་ནག་གི་ཧུ་ནན་དང་ཀྲེ་ཅང་ཞིན་ཆེན་སོགས་ལ་གློག་འདང་ངེས་མེད་པར་ས་ཁུལ་གཅིག་ལ་གློག་བཏང་ན་ས་ཁུལ་གཞན་དེར་གློག་གཅོད་དགོས་པ། ཧུ་ནན་དང་ཀྲེ་ཅང་ཞིང་ཆེན་སོགས་ཀྱིས་ཉིན་ལྟར་ཆུ་ཚོད་བཅད་པ་བྱས་ནས་མི་མང་ལ་གློག་གཏོང་དགོས་ཐུག་འདུག ཕྱི་ཟླ་༡༢་པའི་ཚེས་༢༢་ནས་རྒྱ་ནག་གི་ཚོང་ལས་དང་དཔལ་འབྱོར། དངུལ་རྩའི་ལྟེ་གནས་ཧྲང་ཧེ་གྲོང་ཁྱེར་གྱི་ས་གནས་ཁག་ལའང་གློག་ཆད། ཕྱི་ཟླ་༡༢་པའི་ཟླ་དཀྱིལ་ནས་རྒྱ་ནག་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མང་ཆེ་བས་གློག་ལ་བསྲི་ཚགས་བྱ་རྒྱུ་མགོ་བརྩམས། རྒྱ་ནག་གི་ཧྲེན་ཀྲེན་གྲོང་ཁྱེར་གྱི་ས་གནས་ཁག་ཅིག་ལ་གློག་ཆད་ནས་དུས་ཡུན་བདུན་ཕྲག་གཅིག་ལྷག་ཕྱིན་ཡོད་པའི་གནས་ཚུལ་ཐོན། རྒྱ་ནག་གི་གྲོང་ཁྱེར་དེ་དག་གི་མི་མང་ལ་དུས་ནམ་ཞིག་གློག་གཅོད་ཀྱི་ཡོད་པ་དང་དུས་ནམ་ཞིག་གློག་གཏོང་གི་ཡོད་པའི་སྔོན་བརྡ་སོགས་གཏོང་གི་མེད་པ་རེད།།

རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཞིབ་པ་ཚོས་རྒྱ་ནག་གི་དགུན་གྱི་གྲང་ངར་དུས་སུ་གློག་ཆད་དུ་འཇུག་པ་དང་མི་མང་ལ་གློག་བགོ་བཤའ་བརྒྱབ་ནས་གཏོང་གི་ཡོད་པ། ཐ་ན་རྒྱ་ནག་གི་གྲོང་ཁྱེར་མང་དག་ཅིག་ལ་གློག་མེད་པར་མཚན་མོར་མུན་ནག་ཁྲོད་དུ་བཞག་ཡོད་པར་གཞིགས་ཚེ། རྒྱ་ནག་གིས་ཨོ་གླིང་ནས་རྡོ་སོལ་ནང་འདྲེན་མ་བྱས་པར་ཚོང་དམག་རྒྱུན་འཁྱོངས་བྱ་རྒྱུའི་རྟགས་མཚན་རེད། པེ་ཅིང་གི་དབང་འཛིན་པ་ཚོས་རྡོ་སོལ་དཀོན་པོ་དང་གློག་ཆད་ཀྱི་ཡོད་པའི་རྒྱུ་རྐྱེན་རྣམས་ཨོ་གླིང་ནས་རྡོ་སོལ་ནང་འདྲེན་བྱེད་ཀྱི་མེད་པར་ཐུག་མེད། རྒྱ་ནག་ལ་གློག་གི་དགོས་མཁོ་ཇེ་ཆེར་སོང་བ་དང་མི་མང་གིས་གློག་བཀོལ་སྤྱོད་བྱ་རྒྱུ་ཇེ་མང་དུ་སོང་སྟེ་གློག་འདང་ངེས་མེད་པར་གྱུར་པ་རེད་ཟེར། རྒྱ་ནག་གི་རྒྱལ་ཡོངས་ཡར་རྒྱས་དང་ལེགས་བཅོས་ལྷན་ཁང་གིས་ཕྱི་ཟླ་༡༢་པའི་ནང་དུ་རྒྱ་ནག་གིས་གློག་བཀོལ་སྤྱོད་བྱ་རྒྱུ་སྔ་ལོ་ལས་བརྒྱ་ཆ་༡༡་མང་དུ་སོང་འདུག གློག་ཁང་ཁག་ཅིག་ལ་དུས་རྒྱུན་གྱི་ཞིག་གསོ་བྱ་དགོས་པས་སྐབས་འགར་གློག་གཏོང་མ་ཐུབ་པ་འབྱུང་གི་འདུག རྒྱ་ནག་ལ་ཏོག་དབྱིབས་ནད་ཡམས་གཞུག་ཏུ་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་སོང་བ་དང་དགུན་གྱི་གྲང་ངར་ཇེ་ཆེར་སོང་བ་བཅས་ཀྱིས་རྡོ་སོལ་དང་གློག་འདང་ངེས་མེད་པར་གྱུར་པ་རེད་ཅེས་བཀྲལ། ༢༠༢༠་ལོའི་ཕྱི་ཟླ་༡༡་པར་རྒྱ་ནག་གིས་ཨོ་གླིང་ནས་རྡོ་སོལ་ནང་འདྲེན་བྱ་རྒྱུ་བརྒྱ་ཆ་༤༤་ཉུང་དུ་སོང་། ད་ལོ་རྒྱ་ནག་ལ་དགུན་གྱི་གནམ་གཤིས་ཧ་ཅང་གྲང་མོ་ཡིན་པས་གློག་དང་རྡོ་སོལ་གྱི་དགོས་མཁོ་སྔར་ལས་ཤུགས་ཆེ་རུ་སོང་འདུག

ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཨོ་གླིང་ནས་རྡོ་སོལ་ནང་འདྲེན་མ་བྱས་ཀྱང་ཨོ་གླིང་རྒྱལ་ཁབ་ཀྱི་རྡོ་སོལ་བཙོང་སའི་ཁྲོམ་ར་གཞན་པ་རྙེད་རྒྱུ་རེད། རྒྱ་ནག་གིས་གནས་སྐབས་རིང་ཨོ་གླིང་རྒྱལ་ཁབ་ལ་ཚོང་དམག་བསླངས་ནས་རྡོ་སོལ་ནང་འདྲེན་བྱེད་ཀྱི་མེད་པ་དེས་རྒྱ་ནག་གི་བཟོ་ལས་དང་ཚོང་ལས། མི་མང་གི་འབུད་རྫས། སྔར་བཞིན་རྡོ་སོལ་གྱི་ནུས་ཤུགས་ལ་བརྟེན་ཡོད་པའི་རྒྱ་ནག་གི་གློག་ཁང་ཁག་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་ཉག་ཅིག་རེད། ཨོ་གླིང་གི་རྡོ་སོལ་ཆད་པའི་གཞུག་ཏུ་རྒྱ་ནག་གིས་སོག་ཡུལ་དང་ཁེ་ན་ཌ། ཨུ་རུ་སུ་ནས་རྡོ་སོལ་ནང་འདྲེན་བྱ་རྒྱུ་མང་དུ་བཏང་སོང་། ཟླ་བ་སྔོན་མར་རྒྱ་ནག་གིས་ཨིན་རྡུ་ནེ་ཤི་ཡ་ནས་རྡོ་སོལ་ནང་འདྲེན་གྱི་ཨ་སྒོར་དུང་ཕྱུར་༡༥་ཚོང་འབྲེལ་གན་རྒྱ་ཞིག་ལ་མིང་རྟགས་བཀོད། ཡིན་ནའང་རྡོ་སོལ་གྱི་དུ་བས་མཁའ་རླུང་འབག་བཙོག་དང་མིའི་བདེ་ཐང་ལ་གནོད་འཚེ་ཆེ་བས་རྒྱ་ནག་གཞུང་གིས་གློག་དང་འབུད་རྫས་ཀྱི་འབྱུང་ཁུངས་རྡོ་སོལ་ལ་བརྟེན་མི་དགོས་པ། རྒྱ་ནག་གིས་ཉི་གློག་དང་རླུང་ཤུགས་ཀྱི་གློག་མཁོ་འདོན་བྱ་རྒྱུ། མ་འོངས་པར་རྒྱ་ནག་གིས་རྡོ་སོལ་བཀོལ་སྤྱོད་བྱེད་མི་དགོས་པ་ཞིག་ལ་སྒྱུར་ཐབས་བྱེད་ཀྱི་འདུག་ཅེས་དཔལ་འབྱོར་ཉམས་ཞིབ་པ་ཚོས་ཞིབ་འཇུག་བྱས་འདུག ད་ནས་ལོ་བཅུ་ཡས་མས་ཤིག་གི་རྗེས་སུ་རྒྱ་ནག་གཞུང་གིས་རྡོ་སོལ་བཀོལ་སྤྱོད་གཏོང་བའི་བཟོ་ལས་ཁག་ལ་རོགས་དངུལ་དང་ཚོང་ལས་ཀྱི་གོ་སྐབས་སྤྲོད་རྒྱུ་ཤུགས་ཆུང་དུ་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་རྒྱུ་ཡིན་འདུག

ཨོ་གླིང་གཞུང་གིས་ཀྱང་རྒྱ་ནག་གི་དཔལ་འབྱོར་གནོན་ཤུགས་ལ་མགོ་སྒུར་རྒྱུའི་རྟགས་མཚན་མེད་ཅིང་། སྔོན་ཆད་དབྱིན་ཡུལ་དུ་བཅའ་སྡོད་ཨོ་གླིང་གི་གཞུང་ཚབ་པ་ཟུར་པས་ང་ཚོ་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་གྱི་མེད། འཛམ་གླིང་ཧྲིལ་པོས་རྒྱ་ནག་ནས་བཟོས་པའི་དངོས་ཟོག་ལ་བརྟེན་རྒྱུ་དེ་མཚམས་འཇོག་བྱ་དགོས། ༢༠༢༡་འདིར་དབྱིན་ཇི་དང་ཨོ་གླིང་རྒྱལ་ཁབ་གཉིས་ཀྱིས་ཚོང་ལས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ནས་རྒྱལ་སྤྱིའི་ཚོང་ལས་ཀྱི་སྒྲོམ་གཞིར་འགྱུར་བ་བཏང་ན་དགེ་མཚན་ཆེ་ཞེས་བསྒྲགས། ཨོ་གླིང་གི་ཕྱི་འབྲེལ་མི་སྣ་ཟུར་པ་དེས་རྒྱ་ནག་ཅེས་དངོས་སུ་མིང་འབོད་མ་བྱས་ཀྱང་རྩོམ་ཡིག་ཅིག་ནང་དུ་ང་ཚོས་༢༠༢༠་ལོར་རྣམ་འགྱུར་གསལ་པོ་ཞིག་བསྟན་ཡོད། ཨོ་གླིང་རྒྱལ་ཁབ་ཀྱི་བདག་དབང་དང་སྲིད་གཞུང་། ཆབ་སྲིད་ཀྱི་ལམ་ལུགས་དང་རང་བཙན་རྣམས་ཉོ་རྒྱུ་ཡོད་པ་དང་རིན་གོང་གཏམ་རྒྱུ་ཡོད་པ་ཞིག་མིན་པའི་གོ་བརྡ་འཕྲོད་ཡོད་ཅེས་བྲིས། འདི་ནི་ཨོ་གླིང་གི་སྲིད་བློན་མོ་རི་སན་གྱིས་རྟག་ཏུ་ང་ཚོས་རང་གི་ལྟ་གྲུབ་དང་ལངས་ཕྱོགས་རྣམས་བཙོངས་ནས་རྒྱ་ནག་གི་དཔལ་འབྱོར་གནོན་ཤུགས་ལ་མགོ་སྒུར་རྒྱུ་མིན་ཞེས་སྒྲོགས་ཀྱི་ཡོད་པའི་གླེང་ཕྱོགས་ལ་མཐུན། རྒྱ་ནག་གཞུང་གིས་ཨོ་གླིང་གི་རྡོ་སོལ་དང་འབྲོག་ལས་ཐོན་སྐྱེད། འབྲུ་རིགས་དང་རྒུན་ཆང་སོགས་ནང་འདྲེན་བྱ་རྒྱུ་མཚམས་བཞག་ན་ཨོ་གླིང་གཞུང་གིས་རྒྱ་ནག་ལ་བསྟུན་མཁས་བྱ་དགོས་ཐུག་ངེས་རེད། མ་འོངས་པར་ཨོ་གླིང་གཞུང་གིས་རྒྱ་ནག་གི་རྩ་དོན་ལ་གནོད་པ་དང་རྒྱ་ནག་ལ་ཕོག་ཐུག་གཏོང་བའི་ལངས་ཕྱོགས་ནམ་ཡང་འཛིན་མི་ཕོད་པའི་རྩིས་རྒྱག་གི་ཡོད། འོན་ཀྱང་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་མང་དག་ཅིག་ལ་དཔལ་འབྱོར་དང་ཚོང་ལས། ས་མཚམས་དང་མངའ་ཁོངས་རྒྱ་སྐྱེད་ཀྱི་འགལ་ཟླ་བསླངས་ནས་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་འབྲེལ་བ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད།།

XS
SM
MD
LG