ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུཀ་རེན་གྱི་དམག་འཁྲུག་གིས་རྒྱ་ནག་གི་ཐེ་ཝན་སྲིད་ཇུས་འཁྲུག་བཅུག་སྐད།


༄༅།། ཡུཀ་རེན་དང་ཨུ་རུ་སུའི་དམག་འཁྲུག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་པ་འཁྲུག་བཅུག་ཡོད་པའི་གནས་ཚུལ་ཐོན་ཞིང་། ཕྱི་ཟླ་༥་པའི་ཚེས་༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སིས་དངུལ་རྩའི་ཚགས་པར་གྱི་གསར་འགོད་པར་རྒྱ་ནག་གི་འགོ་ཁྲིད་ཚོས་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་ལ་རྟོག་ཞིབ་གཟབ་ནན་བྱེད་ཀྱི་འདུག ཡུཀ་རེན་གཞུང་དམངས་གཉིས་ཀྱིས་ཞུམ་པ་མེད་པར་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་དྲག་པོ་བྱེད་ཀྱི་ཡོད་པ་དང་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་ཀྱི་གྱོང་རྒུད་གསབ་ཏུ་མེད་པ་ཞིག་འཕོག་གི་ཡོད་པ་རྣམས་རྒྱ་ནག་གཞུང་ལ་བསམ་ཡུལ་ལས་འདས་པ་ཞིག་ཏུ་གྱུར་འདུག ངས་བལྟས་ན་རྒྱ་ནག་གི་འགོ་ཁྲིད་ཚོས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་ཚེ། རྒྱ་ནག་ལ་ཕྱོགས་ཡོངས་ནས་མཇུག་འབྲས་ཚབས་ཆེན་ཞིག་སྨིན་རྒྱུ་ཡིན་པར་བསམ་ཞིབ་ནན་པོ་བྱེད་དགོས་པ་ཞིག་རེད་ཅེས་གླེང་མོལ་བྱས་འདུག ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ནས་ཞིས་ཅིན་ཕིང་གིས་ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་བྱ་རྒྱུའི་ཡུན་རིང་གི་དམིགས་ཡུལ་དེ་འདོར་མི་སྲིད། ཨུ་རུ་སུ་ལ་ཇུས་ཉེས་དང་ཕམ་ཉེས་ཆེན་པོ་འབྱུང་གི་ཡོད་པ་དེས་རྒྱ་ནག་གིས་ཐེ་ཝན་ལ་དབང་བསྒྱུར་བྱ་རྒྱུའི་ཀུན་སློང་འཆང་ཡོད་པར་འགྱུར་བ་ཐེབས་དཀའ། ཡིན་ནའང་རྒྱ་ནག་གིས་དུས་ནམ་ཞིག་དང་ཚུལ་ཇི་ལྟར་ཐེ་ཝན་ལ་བཙན་འཛུལ་བྱ་དགོས་མིན་གྱི་འཆར་གཞི་དེར་འཁྲུག་ཆེན་པོ་ཞིག་ཐེབས་ཡོད་ས་རེད། ངས་བལྟས་ན་འདས་པའི་ཟླ་བ་གཉིས་ལྷག་གི་རིང་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་བརྒྱབ་སྟེ་རྒྱ་ནག་དང་ཨུ་རུ་སུའི་མཛའ་འབྲེལ་དེར་ཚད་བཀག་ཡོད་པ་ར་འཕྲོད་སོང་། ད་དུང་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་ཆ་འཇོག་དང་ཡིད་ཆེས་མེད་པའང་སྡུག་ཏུ་ཕྱིན་སོང་ཞེས་བསྟན།།

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སི།
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སི།

རྒྱ་ནག་གིས་རྟག་ཏུ་རང་བཙན་རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་བརྩི་འཇོག་བྱ་དགོས་ཞེས་སྐད་རྒྱག་གི་ཡོད། འོན་ཀྱང་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་རང་བཙན་རྒྱལ་ཁབ་ཅིག་གི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་བཙན་འཛུལ་བྱས་པའི་སྐབས་དེར་རྒྱ་ནག་གིས་ཨུ་རུ་སུར་ངོ་རྒོལ་དང་སྐྱོན་བརྗོད་མི་བྱེད་པའི་ལངས་ཕྱོགས་བཟུང། ཉེ་ཆར་པེ་ཅིང་ལ་ཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་སྒོ་འབྱེད་ཀྱི་མཛད་སྒོའི་སྔ་ཉིན་དེར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་ཀྱིས་པེ་ཅིང་དང་མོ་སི་ཀོའི་མཛའ་འབྲེལ་ནི་ཚད་བཀག་མེད་པ་ཞིག་ལ་འགྱུར་ཆོག་ཅེས་ཐུན་མོང་གི་སྤྱི་བསྒྲགས་ཤིག་སྤེལ། དེར་བརྟེན་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ཉམས་ཞིབ་པ་ཕལ་ཆེ་བས་རྒྱ་ནག་གིས་ཀྱང་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་སྲིད་པའི་ཚོད་དཔག་བྱས་ཤིང་། ཨ་མི་རི་ཀ་དང་ཉི་ཧོང་སོགས་ལ་ཐེ་ཝན་གྱི་བདེ་འཇགས་དོན་དུ་བློ་འཚབ་ཆེན་པོ་བྱུང་། ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་ཕྱོགས་གང་ཐད་དུ་འབྲེལ་བ་ཡར་རྒྱས་བཏང་སྟེ་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་གཏད་གཅོད་རྒྱུའི་སྦིར་བསྒྲགས་ལངས། ཨུ་རུ་སུས་ཡུཀ་རེན་ལ་དམག་རྒྱབ་པའི་རྗེས་སུ་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་བརྙན་ལམ་དུ་ཐུག་འཕྲད་གྲོས་མོལ་བྱས་ནས་རྒྱ་ནག་གིས་ཨུ་རུ་སུར་དཔལ་འབྱོར་དང་མཚོན་ཆ་སོགས་ཀྱི་རོགས་རམ་བྱེད་ན་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་གཅོད་ངེས་ཡིན་ཞེས་ཐ་ཚིག་བསྒྲགས། རྒྱ་ནག་གིས་ཡོངས་གྲགས་སུ་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ངོ་རྒོལ་དང་སྐྱོན་བརྗོད་བྱེད་ཀྱི་མེད་ཀྱང་ཨུ་རུ་སུར་དཔལ་འབྱོར་དང་མཚོན་ཆ། དམག་དོན་བཅས་ཀྱི་རོགས་སྐྱོར་བྱེད་ཀྱི་ཡོད་པའི་དཔང་རྟགས་མ་ཐོན།།

ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་བརྙན་ལམ་དུ་ཐུག་འཕྲད་གྲོས་མོལ་བྱས། ༢༠༢༡།༡༡།༡༥
ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་བརྙན་ལམ་དུ་ཐུག་འཕྲད་གྲོས་མོལ་བྱས། ༢༠༢༡།༡༡།༡༥

ཉེ་ཆར་ཨོ་གླིང་གི་ཨེ་ཤི་ཡའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཧྥི་ལིབ་ཨི་ཝན་ནོབ་ཀྱིས་ཕྱི་འབྲེལ་དུས་དེབ་ནང་དུ་རྩོམ་ཡིག་བྲིས་པ་ལྟར་ན། ཡུཀ་རེན་གྱི་དམག་འཁྲུག་འདི་རྒྱ་ནག་དང་ཨུ་རུ་སུའི་མཛའ་འབྲེལ་གྱི་རྩ་བ་ཅི་ཙམ་བརྟན་མིན་ཉམས་ཚོད་ལེན་པའི་གོ་སྐབས་ཡག་པོ་ཞིག་རེད། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་དཔལ་འབྱོར་དང་ཕྱི་འབྲེལ། འཐབ་ཇུས་རྣམས་མཉམ་འབྲེལ་བྱས་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་གཏད་གཅོག་དགོས་པའི་ལྟ་བ་གཅིག་པ་རེད། ད་ལྟ་ཨུ་རུ་སུ་སྔོན་གྱི་གྲང་དམག་གི་དུས་སྐབས་དེར་ཕྱིར་ལོག་བྱས་ནས་རྒྱ་ནག་ལ་དཔལ་འབྱོར་དང་འཕྲུལ་རིག་ལག་རྩལ། ཆབ་སྲིད་དང་ཕྱི་འབྲེལ་བཅས་ཀྱི་རྒྱབ་སྐྱོར་ཞུས་ནས་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་ལུས་ཡོད་པའི་ཁོར་ཡུག་ནས་ཐར་ཐབས་སུ་འབད། ཨུ་རུ་སུར་རྒྱབ་སྐྱོར་བྱེད་ན་རྒྱ་ནག་ལ་གྱོང་གུད་ཆེན་པོ་ཞིག་འཕོག་རྒྱུ་ཡིན་པས་ལྟ་གྲུབ་གཅིག་པུའི་ཐོག་ཏུ་ཨ་མི་རི་ཀ་དགྲ་ཟླར་འགྱུར་མི་ཐུབ། རྒྱ་ནག་གིས་ཨུ་རུ་སུར་ཇུས་ཉེས་བྱུང་ཡོད་པའི་གོ་སྐབས་བཟུང་སྟེ་རང་གི་ཡུན་རིང་གི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་རྣམས་འགྲུབ་ཐབས་བྱ་རྒྱུ་གཙིགས་སུ་འཛིན་ངེས་རེད། ཐོག་མ་དེར་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱེད་ཐུབ་རྒྱུ་ཁག་པོ་རེད། ལྷག་པར་དུ་ད་ལྟའི་དུས་སྐབས་འདིར་ཨེ་ཤི་ཡའི་ཤར་ཕྱོགས་ཀྱི་སྟོབས་ཤུགས་དོ་མཉམ་ཡིན་པའི་སྐབས་འདིར་ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་བྱེད་མི་ཐུབ་པ་ངེས་ཟིན་ཡོད་ཤས་ཆེ། ཐེ་ཝན་ལ་དམག་འཁྲུག་རྒྱག་རྒྱུ་ནི་ཡུཀ་རེན་ལས་ཀྱང་དཀའ་ངལ་ཆེ་བ་དང་དེ་ལ་མཇུག་འབྲས་ཅི་ཞིག་སྨིན་རྒྱུ་ཡིན་མིན་ཚོད་དཔག་ཐུབ་དཀའ། ཨ་མི་རི་ཀ་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཀྱང་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཉག་ཅིག་ཡིན་ཞིང་། གཉིས་པ་དེར་རྒྱ་ནག་གིས་ནུབ་ཕྱོགས་པའི་དངུལ་རྩའི་ལམ་ལུགས་དང་འཕྲུལ་རིག་ལག་རྩལ། ཐོན་སྐྱེད་སོགས་ལ་བརྟེན་མི་དགོས་པར་རང་མགོ་མ་ཐོན་བར་དུ་ཨ་རི་སོགས་དགྲ་རུ་མི་འཛིན། མཐའ་མ་དེར་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ནོར་འཁྲུལ་དང་ཕྱི་འབྲེལ་གྱི་དཀའ་ངལ། བརྡ་འཕྲིན་བརྟན་པོ་མེད་པའི་ཞན་ཆ་ཁག་ལ་རྒྱ་ནག་གིས་ཞིབ་འཇུག་བྱས་ནས་གཡོལ་ཐབས་བྱེད་ངེས་རེད་ཅེས་རྩོམ་ཡིག་སྤེལ།།

ཨུ་རུ་སུའི་དཔལ་འབྱོར་ལ་ཤུགས་རྐྱེན།
ཨུ་རུ་སུའི་དཔལ་འབྱོར་ལ་ཤུགས་རྐྱེན།

ཕི་ཊར་སན་རྒྱལ་སྤྱིའི་དཔལ་འབྱོར་རིག་པའི་ཉམས་ཞིབ་པ་མར་ཊིན་ཆོར་ཛམ་པ་ཞེས་པ་ཞིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་མཇུག་འབྲས་དེ་ལོ་མང་རིང་མྱོང་དགོས་པའི་ཉམས་མྱོང་ལ་གཞིགས་ནས་ཨུ་རུ་སུར་ཅི་ཞིག་བྱུང་བ་རྒྱ་ནག་ལ་འབྱུང་དུ་འཇུག་འདོད་མེད་པ་ཤིན་ཏུ་གསལ། རྒྱ་ནག་ཕྱི་རྒྱལ་གྱི་འཕྲུལ་རིག་ལག་རྩལ་ལ་བརྟེན་ནས་ཨ་སྒོར་རྩ་འཛིན་གྱི་རྒྱལ་སྤྱིའི་དཔལ་འབྱོར་ལ་འབྲེལ་བ་བྱེད་དགོས་ངེས་སུ་གྱུར་འདུག རྒྱ་ནག་གིས་ལྷོ་ཀོ་རི་ཡ་དང་ཉི་ཧོང་། ཡུ་རོབ་རྒྱལ་ཁབ་ཁག་ལ་འབྲེལ་བ་གཅོད་ཐུབ་ཀྱང་ཨ་མི་རི་ཀར་ཕྱོགས་གང་ཐད་དུ་འབྲེལ་བ་གཅོད་ཐུབ་རྒྱུ་ཁག་པོ་རེད། དེ་བཞིན་རྒྱ་ནག་གིས་ཨ་སྒོར་གསོག་འཇོག་བྱེད་ཡོད་པ་རྣམས་དངུལ་ལོར་གཞན་ལ་བསྒྱུར་ནས་ཉར་འཛིན་བྱ་རྒྱུ་ཡང་བརྟན་པོ་ཞིག་མིན་པར་སྣང་། ཅིའི་ཕྱིར་ཞེ་ན་ཨུ་རུ་སུར་ཉེས་ཆད་གཅོད་ཀྱི་ཡོད་པའི་ཕྱི་རྒྱལ་གྱི་དངུལ་ལོའི་བདག་པོ་རྣམས་ཨ་རིའི་ཕྱོགས་སུ་ལངས་ཡོད་པས་རྒྱ་ནག་ལ་ཉེས་ཆད་མ་ཕོག་པར་ཐར་ས་མི་རྙེད། དེང་སྐབས་པེ་ཅིང་གི་དབང་འཛིན་པ་ཚོས་ཁ་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཅད་པར་ཁ་རྡུང་གཏོང་གི་ཡོད་ཀྱང་ལྐོག་ཏུ་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་མཁན་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འགལ་ཟླར་འགྲོ་བའི་སྲིད་ཇུས་ཅི་ཡང་ལག་ལེན་བསྟར་གྱི་མི་འདུག ཨུ་རུ་སུས་ཕྱི་རྒྱལ་གྱི་དངུལ་སྒོར་དང་གསེར་སོགས་གསོག་འཇོག་བྱེད་ཡོད་པ་རྣམས་བཀོལ་སྤྱོད་བྱེད་དུ་འཇུག་གི་མེད་པས་རྒྱ་ནག་ལ་ཉམས་མྱོང་ཡག་པོ་ཞིག་ཐོབ་པ་རེད། ཨ་རི་དང་ཡུ་རོབ་མཉམ་འབྲེལ། ཁེ་ན་ཌ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་དང་ཨོ་གླིང་རྒྱལ་ཁབ། དབྱིན་ཇི་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཨུ་རུ་སུར་ཁ་གཏད་གཅོག་གི་ཡོད་པར་ཕུ་ཊིན་ཡ་མཚན་དགོས་པ་ཞིག་ཏུ་གྱུར་ཡོད་པ་ལྟར་རྒྱ་ནག་ཀྱང་སྐྲག་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད་ཅེས་རྩོམ་ཡིག་བྲིས་འདུག

ཨ་རིའི་འཇོར་ཇཱི་ཡ་མངའ་སྡེའི་སློབ་གྲྭ་ཆེན་མོའི་རྒྱ་ནག་གི་ཆབ་སྲིད་མཁས་པ་མ་རི་ཡ་རེབ་ཎི་ཀོ་ཝས་བཤད་པ་ལྟར་ན། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འགོ་ཁྲིད་པའི་གུ་ཡངས་ཀྱི་སྒྲིག་འཛུགས་ཆེན་པོ་ཞིག་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ཉེས་ཆད་གཅོད་ཀྱི་ཡོད་པར་རྒྱ་ནག་གིས་ཀྱང་འཛེམ་ཟོན་བྱེད་དགོས་པ་ཞིག་རེད། ཨུ་རུ་སུར་ཕམ་ཉེས་བྱུང་རུང་རྒྱ་ནག་གིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེར་འགྱུར་བ་གཏོང་མི་སྲིད། ཡིན་ནའང་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཡུཀ་རེན་དང་ཐེ་ཝན་གཉིས་གཤིབ་སྡུར་བྱས་ནས་ནུབ་ཕྱོགས་པའི་རྒྱུག་ཁྱི་ཐེ་ཝན་མེས་རྒྱལ་གྱི་མངའ་ཁོངས་སུ་བསྡུ་དགོས་ཞེས་མཆན་འབྲི་བའམ། ཡང་ན་ཐེ་ཝན་ལ་དམག་འཁྲུག་རྒྱག་དགོས་ཞེས་སྐུལ་སློང་བྱེད་མཁན་མང་དག་ཅིག་འབྱུང་གི་འདུག དེར་བརྟེན་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོས་ཐེ་ཝན་དང་ཡུཀ་རེན་གཉིས་གནས་སྟངས་གཅིག་པ་མ་རེད། ཐེ་ཝན་ནི་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་རེད་ཅེས་བཀྲལ། རྒྱ་ནག་གི་མི་རིགས་རིང་ལུགས་ཀྱི་ལྟ་བ་འཛིན་པའི་མཐའ་ལྷུང་བ་ཁག་ཅིག་གིས་བྲིས་པའི་མཆན་དང་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་བྲིས་པའི་མཆན་རྣམས་རྒྱ་ནག་གཞུང་གིས་ནག་སུབ་བཏང་སྟེ་མི་མཐོང་བར་གྱུར། ཨུ་རུ་སུས་ཡུཀ་རེན་ལ་དམག་རྒྱབ་པའི་རྗེས་སུ་རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོ་དཔའ་སྐྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཐེ་ཝན་མི་དམངས་ཀྱི་གྲས་སུའང་ཡུཀ་རེན་ལ་བཙན་འཛུལ་བྱུང་བར་མིག་དཔེ་བལྟས་ནས་དམག་སྦྱོང་ལ་ཞུགས་པ་དང་སྨན་བཅོས་ཀྱི་སྦྱོང་བརྡར། མདེའུ་ཕོག་པ་དང་མདེལ་ལྕགས་ཐོར་ནས་རྨས་པ་ཚོར་སྨན་བཅོས་དང་རྨ་ལས་ཇི་ལྟར་བྱེད་དགོས་མིན་སྦྱོང་བརྡར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན། དཔེར་ན་ལོ་༣༣་ལ་སོན་པའི་ཐེ་ཝན་གྱི་གཤག་བཅོས་སྨན་པ་ཝང་ཙི་སོན་ཞེས་པ་ཞིག་གིས་རྒྱ་ནག་གི་བཙན་འཛུལ་བྱུང་ན་ཐེ་ཝན་སྲུང་སྐྱོབ་ལ་ལེགས་སྐྱེས་འབུལ་རྒྱུ་རང་གི་ལས་འགན་རེད་ཅེས་ཨེ་ཊི་ལན་ཊིཀ་དུས་དེབ་ཀྱི་གསར་འགོད་པར་གླེང་མོལ་བྱས་འདུག

XS
SM
MD
LG