ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

༼བླ་མས་མི་གསོད་པ་༽ལ་སོགས་པའི་རྒྱ་ཡིག་ནང་གི་བོད།


རྒྱ་རིགས་ཚོས་རྒྱ་ཡིག་ཏུ་བོད་དོན་སྐོར་བྲིས་པའི་དེབ་གལ་ཆེན་པོ་ལྔ་ངོ་སྤྲོད་དང་ཆབས་ཅིག་དེབ་དེ་ཚོའི་ནང་གི་བོད་ཀྱི་གནད་དོན་དང་བོད་ཀྱི་གནས་ཚུལ་ལ་བོད་པ་རང་ཉིད་ཀྱིས་སྐད་ཆའི་བདག་དབང་འཛིན་དགོས་ཞེས་ཉམས་ཞིབ་པ་ཞིག་གིས་བརྗོད་སོང་།

རྒྱ་ནག་གི་ཕྱི་ཕྱོགས་སུ་ཡོད་པའི་རྒྱ་རིགས་ཚོས་རྒྱ་ཡིག་ཏུ་བོད་དོན་སྐོར་ལ་དཔེ་དེབ་སྣ་ཚོགས་པ་བྲིས་ཡོད་པ་དེ་དག་ལས་ཐེ་ཝན་གསར་འགོད་པ་ལེན་ཀྲོ་ཀྲེན་གྱི་༼བླ་མས་མི་གསོད་པ་༽དང་། རྒྱ་རིགས་བུད་མེད་རྩོམ་པ་པོ་ལི་ཅང་ལེན་གྱི་༼༡༩༥༩༽་དང་༼ལྕགས་བྱ་གནམ་ནས་འཕུར་དུས་༽ བུད་མེད་རྩོམ་པ་པོ་ཐཱང་ཏན་ཧོན་གྱི་༼དུས་ལོག་༽ ཧོང་ཀོང་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལའུ་ཧན་ཁྲིན་གྱི་༼བོད་ནི་གནའ་ནས་རྒྱ་ནག་གི་ཆ་ཤས་མིན་༽བཅས་དཔེ་དེབ་ལྔ་ངོ་སྤྲོད་ཀྱིས་འདི་དག་ནི་བོད་མི་ཚོས་དོ་སྣང་བྱེད་དགོས་པའི་དེབ་ཁག་ཅིག་ཡིན་པ་རྒྱ་ནག་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།

ྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས།
ྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་སུ་མི་ལོ་བཅུ་ལྷག་ལ་གཞུང་འབྲེལ་རྒྱ་རིགས་འབྲེལ་མཐུད་པ་གནང་མྱོང་ཞིང་། རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་དང་ལོ་ཙཱ་བ། ལྷག་པར་དུ་བོད་སྐོར་ལ་རྒྱ་ཡིག་ཏུ་རྩོམ་ཡིག་བརྒྱ་ཕྲག་མང་པོ་སྤེལ་མྱོང་མཁན་སངས་རྒྱས་སྐྱབས་ལགས་ཀྱིས་དེབ་འདི་དག་ནི་སྤྱིར་བཏང་བོད་སྤྱི་བའི་གནད་དོན་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ། རྒྱ་ནག་གིས་བོད་ལ་བཙན་འཛུལ་གྱིས་བོད་བཙན་བཟུང་བྱས་པ། དེ་ནས་བོད་པར་སྡུག་བསྔལ་གང་འཕྲད་ཡོད་པ། དཀའ་ངལ་ཅི་བྱུང་བའི་སྐོར་སོགས་བརྗོད་བྱའི་ཁ་ཕྱོགས་གཅིག་པ་ནི་དེབ་འདི་ཚོའི་ཐུན་མོང་གི་ཁྱད་ཆོས་རེད། ཅེས་གསུང་བྱུང་།

སངས་རྒྱས་སྐྱབས་ལགས་དེབ་འདི་དག་རེ་རེ་ངོ་སྤྲོད་བྱེད་དོན་ལྟར་ན། ༼བླ་མས་མི་གསོད་པ་༽ཞེས་ལེན་ཀྲོ་ཀྲེན་གྱིས་བརྩམས་པའི་དེབ་འདིའི་ནང་གི་བླ་མ་ཞེས་པ་དེ་བོད་པའི་ངག་རྒྱུན་གྱི་བླ་མ་ལ་གོ་བ་མ་ཡིན་པར། རྒྱ་མི་ཚོས་དགེ་འདུན་པ་ཚོར་བླ་མ་ཞེས་འབོད་སྲོལ་ཡོད་པས། དེབ་དེའི་ནང་དུ་གཙོ་བོ་སྤྱི་ལོ་༡༩༤༩་ནས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་སྐབས་བོད་ཀྱི་རབ་བྱུང་བའི་སྡེ་འུ་ཐུག་ཏེ་མཚོན་ཆ་བཟུང་ནས་རྒྱ་ལ་ཁ་གཏད་བཅག་དགོས་བྱུང་བ། རྒྱའི་བཙན་འཛུལ་ལས་བོད་མིའི་མྱངས་པའི་དཀའ་སྡུག་བྲིས་པའི་དེབ་ཅིག་ཡིན་འདུག

ལི་ཅང་ལེན་གྱིས་བརྩམས་གནང་བའི་༼༡༩༥༩་༽
ལི་ཅང་ལེན་གྱིས་བརྩམས་གནང་བའི་༼༡༩༥༩་༽

ལི་ཅང་ལེན་གྱིས་བརྩམས་གནང་བའི་༼༡༩༥༩་༽་ཞེས་པའི་དེབ་འདི་གཙོ་བོ་སྤྱི་ལོ་༡༩༥༩་ལོར་༧གོང་ས་ཏཱ་ལའི་བླ་མ་ལྷ་ས་ནས་བཙན་བྱོལ་དུ་ཕེབས་སྟངས་དང་ཕེབས་དོན་སོགས་བྲིས་ཡོད་པ། ཡང་ལི་ཅང་ལེན་གྱི་༼ལྕགས་བྱ་གནམ་ནས་འཕུར་དུས་༽ཞེས་པ་དེ་ནི་སྤྱི་ལོ་༡༩༥༦་དང་༡༩༦༢་བར་གྱི་བོད་མཐོ་སྒང་གི་གསང་བའི་དམག་འཁྲུག་ཅེས་མདོ་སྟད་སྨད་ཁུལ་དུ་རྒྱ་ནག་གིས་དམངས་གཙོའི་བཅོས་བསྒྱུར་སྤེལ་བ་གཙོས་རྒྱ་ནག་གིས་དམག་མི་བེད་སྤྱོད་བཏང་ནས་བོད་ལ་དཀའ་ངལ་ཅི་བཟོས་བྲིས་ཡོད་པ་ཞིག་ཡིན་པ་རེད།

ཐཱང་ཏོན་ཧོན་གྱིས་བྲིས་པའི་༼དུས་ལོག་༽ནི་སྤྱི་ལོ་༡༩༥༩་ལོའི་རྗེས་སུ་བཙན་བྱོལ་ལ་ཕེབས་མཁན་མི་རབས་དང་བོར་ཡིན་པ་ཁག་ཅིག་ལ་བཅར་འདྲི་ཞུས་པ་སྟེ། བོད་མ་ཤོར་བའི་སྐབས་དང་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་སྐབས། དེ་ནས་བཙན་བྱོལ་དུ་ཡོང་བའི་མི་ཚེ་བཅས་དངོས་བྱུང་གི་གཏམ་རྒྱུད་ཕྱོགས་སྒྲིག་བྱེད་ཡོད་པའི་དེབ་ཅིག་ཡིན་པ་རེད།

ལའུ་ཧན་ཁྲིན་གྱི་༼བོད་ནི་གནའ་ནས་རྒྱ་ནག་གི་ཆ་ཤས་མིན་༽ཞེས་པ་ནི་རྒྱ་ནག་དམར་ཤོག་གཞུང་གིས་བརྗོད་བཞིན་པའི་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཞེས་པའི་བཤད་ཚུལ་དེར་འགོག་སྒྲུབ་ཀྱིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་པ་ལོ་རྒྱུས་ཀྱིས་སྒྲུབ་ཡོད་པའི་དེབ་ཅིག་ཡིན་འདུག

བོད་མི་ཞིག་གི་ངོས་ནས་གོང་གི་དེབ་དེ་ཚོ་ཀློག་ཡོང་བའི་སྐབས་སུ་མ་བདེ་བ་དང་མ་བདེན་པ་གང་ཡོད་པ། གལ་ཏེ་ཡོད་ཚེ་རྩོམ་པ་པོ་དང་མཉམ་དུ་བགྲོ་གླེང་དང་བསམ་བློ་བརྗེ་རེས་བྱེད་ཡོད་མེད་སྐད་ཆ་དྲིས་སྐབས་སངས་རྒྱས་སྐྱབས་ལགས་ཀྱིས་ལན་དུ། སྤྱིར་བཏང་ང་ཚོས་བསམ་ཤེས་བྱེད་དགོས་པ་ནི་ཁོ་ཚོ་རྒྱ་མི་རེད། ང་ཚོ་དང་ཁོང་ཚོའི་བསམ་བློ་གཏོང་སྟངས་གཅིག་པ་ཞིག་ཡོང་ཐུབ་ཀི་མ་རེད། དཔེར་ན་ལི་ཅང་ལེན་གྱི་༼༡༩༥༩༽ཞེས་པ་དེའི་བརྗོད་བྱ་གོང་ནས་ངོ་སྤྲོད་ཞུས་པ་ལྟར་༧རྒྱལ་བ་རིན་པོ་ཆེ་སྐྱབས་བཅོལ་ལ་ཕེབས་པའི་བྱུང་རིམ་དེ་རེད། ཡིན་ཡང་དེབ་དེ་བྲིས་ཚར་བའི་རྗེས་སུ་ཁོང་གིས་བཅར་འདྲི་ཞིག་གི་སྐབས་སུ་བོད་དོན་འགྲེལ་བརྗོད་བྱེད་དུས། སྤྱིར་བཏང་བོད་མི་ཚོས་བོད་ཀྱི་གནད་དོན་དེ་རྒྱ་ནག་རྒྱལ་ཁབ་དང་བོད་རྒྱལ་ཁབ་ཀྱི་གནད་དོན་ཞིག་ལ་ངོས་འཛིན་བྱེད་བཞིན་པ་ཡོངས་གྲགས་རེད། ཡིན་ཡང་ཁོང་གིས་བོད་ཀྱི་གནད་དོན་ནི་རྒྱ་ནག་དམར་ཤོག་དང་བོད་ཀྱི་གནད་དོན་ཞེས་བཤད་དུས་འདི་ང་ཚོས་ངོས་ལེན་བྱེད་ཐུབ་ཀི་མ་རེད། བོད་ཀྱི་སྤྱི་ཚོགས་ལ་རྒྱུས་མངའ་ཡོད་མཁན་དང་བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་པོ་མཐོང་མྱོང་མཁན་དེ་འདྲ་རེད། རྡོག་རྡོག་བོད་རྒྱལ་ཁབ་ཅིག་ཡིན་པ་ངོས་ལེན་མ་བྱེད་པ་འདྲ་བོ་ང་ཚོའི་ངོས་ནས་ཚོར་གི་ཡོད་རེད། བཅར་འདྲི་དེའི་རྗེས་ནས་ང་ཚོ་རྩོད་པ་མང་པོ་བྱུང་། ང་གཅིག་པུ་མ་རེད། རྒྱ་ཡིག་ཤེས་མཁན་བོད་པ་ཁ་ཤས་ཡོད་པ་རེད། རྒྱ་མིའི་ནང་ལ་ཡང་དེ་འདྲ་ཡོད། བོད་དོན་ཟེར་བ་འདི་བོད་རྒྱལ་ཁབ་དང་རྒྱ་ནག་རྒྱལ་ཁབ་བར་གྱི་གནད་དོན་ཞིག་ཆགས་ཡོད་ཅེས་མ་མཐུན་པ་བྱུང་ཡོད། ད་དུང་ཡང་ལི་ཅང་ལེན་གྱིས་དེབ་གཉིས་པ་༼ལྕགས་བྱ་གནམ་ནས་འཕུར་དུས་༽ཞེས་པ་དེར་བོད་ཡིག་གི་འགྱུར་ཡོད་པ་རེད་དེ། དེའི་ནང་ནས་མང་པོ་ཚོར་གི་མ་རེད། ཡིན་ན་ཡང་ཁོང་གི་ཐ་སྙད་བེད་སྤྱོད་གཏོང་སྟངས་ཐད་ལ་ང་ཚོ་རྩོད་པ་བྱུང་ཡོད། དཔེར་ན་ཁོང་གིས་དེབ་ཀྱི་རྒྱབ་ཤོག་ཏུ་སྤྱི་ལོ་༡༩༥༦་ནས་སྤྱི་ལོ་༡༩༦༢་གྱི་གསང་བའི་དམག་འཁྲུག་ཅེས་བྲིས་ཡོད། རྒྱ་དང་དབྱིན་ཇིའི་ལ་སོགས་པའི་སྐད་ཡིག་ཏུ་འཛམ་གླིང་དམག་ཆེན་དང་བོ་དང་གཉིས་པ་བྱུང་བའི་རྗེས་སུ་དམག་འཁྲུག་ཟེར་བའི་ཐ་སྙད་འདིའི་གོ་དོན་གཏན་ལ་ཕབ་པ་ལྟ་བུ་བྱུང་ཡོད། དམག་ཡོད་པ། སྒྲིག་འཛུགས་ཡོད་པ། སྦྱོང་བརྡར་ཡོད་པ། རྒྱ་ནག་གིས་སྦྱོང་བརྡར་ཡོད་ཅིང་དྲག་ཆས་སྤྲས་པའི་དམག་མི། སྐབས་དེ་དུས་ཀྱི་དེང་རབས་མཚོན་ཆ་ཡག་ཤོས་སྤྱད་དེ་ང་ཚོའི་ཕ་ཡུལ་དུ་སྡོད་མ་ཐུབ་པར་བྲོས་འགྲོ་མཁན་མི་རྣམས་དམར་གསོད་བཏང་བ་རེད། དེ་ལ་དམར་གསོད་ཅེས་པའི་ཐ་སྙད་འདི་བེད་སྤྱོད་གཏོང་དགོས། བོད་གཞུང་གིས་དམག་བཏང་བ་མ་ཡིན་པར་འུ་ཐུག་ནས་ངོ་རྒོལ་བྱེད་མཁན་ཚོ་དམར་གསོད་བྱས་པ་རེད། བོད་ཀྱི་ལོ་རྒྱུས་མི་ཤེས་མཁན་ཚོས་རྒྱ་ཡིག་ནང་ལ་དམག་འཁྲུག་ཅེས་ཀློག་ཡོང་དུས་དེ་ལ་གོ་ལོག་ཐེབས་པའི་ཉེན་ཁ་ཡོད། རྒྱ་ནག་གིས་ནན་ཅིན་དམར་གསོད་ཆེན་མོ་ཞེས་ཉི་ཧོང་གིས་ནན་ཅིན་དུ་དམག་རྒྱབ་ཏེ་མི་གསོད་སྐབས་རྒྱ་ནག་གིས་ངོ་རྒོལ་མ་བྱེད་པ་མ་རེད། ཡིན་ཡང་དེ་ལ་ཁོ ཚོས་དམར་གསོད་ཆེན་མོ་ལབ་ཀི་ཡོད་པ་རེད། ལྷག་པར་དུ་སྐབས་དེ་དུས་ཁམས་དང་ཨ་མདོ་བཟུང་ཚར་བའི་རྗེས་ཀྱི་གནས་ཚུལ་ཡིན་དུས་དམར་ཤོག་ཚོགས་པའི་བཤད་སྟངས་ཡིན་ན་དེ་དུས་ཁོ་ཚོའི་མི་སེར་རེད་བཱ། རང་གི་འབངས་མི་སེར་ལ་དྲག་ཆས་མཚོན་ཆ་གནམ་གྲུ་དང་བཅས་པས་དྲག་གནོན་གྱིས་དམར་གསོད་གཏོང་སྐབས། དེ་དམར་གསོད་ཡིན་པ་ལས་དམག་འཁྲུག་མ་རེད། དེ་ལྟ་བུའི་ལྟ་བ་དང་ཐ་སྙད་ལ་ངོས་ལེན་བྱེད་མ་ཐུབ་པ་དེ་མངོན་གསལ་དོད་པོས་རྩོད་པ་བརྒྱབ་པ་ཡིན་ཞེས་བརྗོད་སོང་། ཡང་ཐཱང་ཏེ་ཧོན་གྱིས་༼དུས་ལོག་༽ལྟ་བུ་ནི་མ་གཞི་ནས་རྩོམ་པ་པོ་ཁོང་བོད་ལ་ཧ་ལས་པའི་རྒྱུས་ཡོད་མཁན་དང་བོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་མཁན་ཞིག་ཡིན་དུས་ཐ་སྙད་སོགས་ཏག་ཏག་བེད་སྤྱོད་བཏང་ཡོད་པ་རེད། དེ་མིན་ཡང་ལའུ་ཧན་ཁྲིན་གྱི་དེབ་༼བོད་ནི་གནའ་ནས་རྒྱ་ནག་གི་ཆ་ཤས་མིན་༽ཞེས་པ་འདི་ཞིབ་འཇུག་པས་བྲིས་པའི་ཞིབ་འཇུག་གི་དེབ་ཅིག་ཡིན་ཙང་། ཞིབ་འཇུག་གི་དེབ་ལ་ཡིག་ཆ་ཡིས་ཁ་གྲགས་རྒྱུ་ལས་མི་སྒེར་བར་ཁ་གྲགས་རྒྱུ་མེད་དུས་རྩོམ་པ་པོ་ཁོང་ལ་ལྟ་བ་ལངས་ཕྱོགས་མེད་པའི་སྐོར་སོགས་ཀྱང་ངོ་སྤྲོད་གནང་སོང་།

སངས་རྒྱས་སྐྱབས་ལགས་ཀྱིས་བརྗོད་ན་རྒྱ་རིགས་ཚོས་བོད་དོན་སྐོར་ནས་དེབ་དང་རྩོམ་སོགས་གང་ཞིག་སྤེལ་ཡང་། ཁོ་ཚོ་བོད་དོན་རྒྱབ་སྐྱོར་བ་རེད་ཅེས་བཞག་འཇོག་རྒྱུ་མིན་པར། ང་ཚོའི་ལངས་ཕྱོགས་གསལ་སྟོན་བྱེད་དགོས་པ་ཧ་ལས་པ་གལ་ཆེན་པོ་ཡིན་པ་རེད། དེ་ཡང་ཁོང་གིས། ང་ཚོས་ཐེངས་གཅིག་ལ་དེ་འདྲ་གསལ་བོ་ཞིག་བཏོན་པ་ཡིན་ན་དེའི་རྗེས་ནས་རྒྱ་མི་ཚོས་རྩོམ་བྲིས་སྐབས་ཏན་ཏན་དོ་སྣང་བྱེད་རྒྱུ་དང་དེ་འདྲའི་ནོར་འཁྲུལ་མ་ཤོར་བར་ཏན་ཏན་ཕན་ཐོགས་ཀི་འདུག དཔེར་ན་དགེ་རྒན་ཆེན་མོ་ཞཱ་མེན་ནི་བོད་ལ་རྒྱབ་སྐྱོར་ཡོད་པ་དེ་འདྲ་རེད། ཡིན་ན་ཡང་མཚམས་རེར་ཁོས་སྐད་ཆ་བཤད་དུས་མང་པོ་ནོར་འགྲོ་གི་འདུག དཔེར་ན་རྒྱ་ནག་ལ་ནོར་བྷེ་ཞི་བདེ་གཟེངས་རྟགས་བཞེས་མཁན་སུ་ཡོད་དམ་ཞེས་ན་ཁོས་༧རྒྱལ་བ་རིན་པོ་ཆེ་དེའི་ནང་ལ་འཇོག་གི་འདུག ང་ཚོས་དེ་ལ་རྩོད་པ་བརྒྱབ་ཡོད། ཁོས་ངོས་ལེན་བྱེད་མིན་དེ་གནད་དོན་གཞན་ཞིག་རེད་དེ། རྒྱ་མི་གཞན་པས་ལྟས་ཡོང་ན་བཤད་ཚུལ་དེ་འགྲིག་མི་འདུག་གཱ་བསམ་པ་ཞིག་ཡོང་གི་རེད། བོད་ཀྱི་གནད་དོན་དང་གནས་ཚུལ་བཤད་པའི་སྐད་ཆའི་བདག་དབང་དེ་ང་ཚོ་བོད་པ་རང་ཉིད་ཀྱིས་འཛིན་ཐུབ་དགོས་པ་དང་འཛིན་དགོས་པ་ཆགས་ཡོད་ཅེས་ཀྱང་གསུང་བྱུང་།

ཡང་ཞོར་ནས་སངས་རྒྱས་སྐྱབས་ལགས་ཀྱིས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་བ་དང་ད་ལྟ་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་༼ཁྲག་གིས་གངས་ལྗོངས་ལ་མཆོད་པ་༽ཞེས་པའི་རྒྱ་ཡིག་ནང་དེབ་ཅིག་བྲིས་ཡོད་པ་དེར་ སྐབས་དེ་དུས་བོད་པའི་སྤྱི་ཚོགས་སུ་དེ་འདྲ་དོ་སྣང་ཆེན་པོ་སླེབས་མེད་ཀྱང་། དེབ་འདི་ནི་ལི་ཅང་ལེན་གྱིས་༼ལྕགས་བྱ་གནམ་ནས་འཕུར་དུས་༽ཞེས་པའི་དེབ་དེའི་ཡིག་ཆའི་ཁུངས་བཙལ་ས་ལྟ་བུ་ཆགས་ཡོད་པ་ངོ་སྤྲོད་གནང་སོང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG