ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བལ་ཡུལ་གྱི་ཆབ་སྲིད་དང་རྒྱ་ནག་གི་གཞུང་ཚབ་པའི་ཤུགས་རྐྱེན།


༄༅།། བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པས་སྲིད་བློན་ཨོ་ལི་རང་གི་ལས་གནས་ནས་དགོངས་པ་ཞུ་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་། སྲིད་བློན་ཨོ་ལིས་གྲོས་ཚོགས་འཐུས་མི་རྣམས་ཚོགས་འདུ་འཚོགས་མི་དགོས་པ་དང་གཞུང་འཛིན་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་རྣམས་ཀྱི་ཚོགས་འདུ་ཕར་འགྱངས། ཐ་ན་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པ་ཁ་གྱེས་དུམ་བུར་གཏོང་དགོས་ཐུབ་ཀྱང་སྲིད་དབང་བློས་གཏོང་རྒྱུ་མིན་པའི་ཐབས་ཇུས་སྣ་མང་ཞིག་ལག་ལེན་བསྟར། བལ་ཡུལ་གྱི་རྒྱལ་ས་ཀ་ཐེ་མན་རྡུར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་ཀྱང་གཞུང་འཛིན་དམར་ཤོག་ཚོགས་པའི་མཐོ་རིམ་གནད་ཡོད་འགོ་ཁྲིད་ཚོར་ཁེར་ཐུག་བརྒྱབ་ནས་སྲིད་བློན་ཨོ་ལི་སྐྱོབ་ཐབས་དང་བལ་ཡུལ་གྱི་དམར་ཤོག་ཚོགས་པ་སོར་གནས་ཐུབ་ཐབས་བྱེད་ཀྱི་ཡོད་པ་སྟེ། ཕྱི་ཟླ་༧་ཚེས་༧་ཉིན་རྒྱ་ནག་གི་གཞུང་ཚབ་པ་ཧུག་ཡན་ཆིས་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཇཱ་ལ་ན་ཐ་ཁཱ་ནལ་ལ་ཐུག་འཕྲད་གྲོས་མོལ་བྱས་ཤིང་། ཁས་ཉིན་གཟའ་ཉི་མར་རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་མ་དྷབ་ཀུ་མར་དང་སྲིད་འཛིན་བྷན་དྷ་རི་བཅས་ལ་ཐུག་འཕྲད་གྲོས་མོལ་བྱས་ནས་བལ་ཡུལ་གྱི་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་གྱི་སྲིད་བློན་ཟུར་པ་ཁཱ་ནལ་གྱི་མཐོ་རིམ་ལས་སྣེ་ཞིག་གིས་གསར་འགོད་པར་ནང་མོལ་བྱས་པ་ལྟར་ན། རྒྱ་ནག་གི་གཞུང་ཚབ་པ་ཧུག་ཡན་ཆི་བལ་ཡུལ་མཆོད་རྟེན་ཉེ་འཁོར་དུ་ཡོད་པའི་སྐུ་ཞབས་ཁཱ་ནལ་གྱི་ཁྱིམ་དུ་ཡོང་ནས་དུས་ཡུན་སྐར་མ་༤༥་ཡས་མས་ཤིག་ལ་གྲོས་མོལ་བྱས་སོང་། གྲོས་མོལ་གྱི་ནང་དོན་ཅི་ཞིག་ཡིན་མིན་ནི་གསལ་པོ་ཞིག་ཤེས་མ་སོང་ཞེས་བཤད། བལ་ཡུལ་གྱི་ཀ་ཐེ་མན་རྡུ་ཡིག་ཟམ་ཚགས་པར་དང་ཧི་མ་ལ་ཡའི་ཚགས་པར། བལ་ཡུལ་གྱི་ད་ལྟའི་དུས་བབ་ཚགས་པར་བཅས་ཀྱིས་འདས་པའི་ཉི་མ་གསུམ་གྱི་རིང་ལ་རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་གྱི་སྲིད་འཛིན་དང་གཞུང་འཛིན་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོར་ཁེར་ཐུག་བྱས་པ་ནི་ཁྱད་མཚར་ཞིག་རེད། བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པའི་ནང་ཁུལ་དུ་འགལ་ཟླ་ཇེ་ཆེ་དང་སྲིད་བློན་ཨོ་ལི་གནས་དབྱུང་གཏོང་རྒྱུའི་འཐབ་རྩོད་ཆེ་རུ་འགྲོ་བཞིན་པའི་དུས་འདིར་རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་འོས་འཚམས་ཤིག་མ་རེད་ཅེས་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ། བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོས་ཀྱང་རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་གནད་ཡོད་འགོ་ཁྲིད་ཚོར་ཁེར་ཐུག་གྲོས་མོལ་བྱས་པ་ནི་ཕྱི་འབྲེལ་མི་སྣའི་སྒྲིག་སྲོལ་ལ་རྒྱབ་འགལ་བྱས་པ་ཞིག་རེད། ཕྱི་འབྲེལ་གྱི་འགྲོ་སྟངས་ལྟར་ན་རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོར་ཐུག་འཕྲད་བྱེད་དུས་བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་རེ་མཉམ་དུ་བཅར་དགོས། འོན་ཀྱང་རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་ལ་སྙན་སེང་མ་ཞུས་པར་གཞུང་འཛིན་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱས་པ་རེད་ཅེས་འཁང་ར་བཤད།།

རྒྱ་ནག་གི་གཞུང་ཚབ་པ་ཧུག་ཡན་ཆིས་དང་སྲིད་བློན་ཨོ་ལི་རྣམ་གཉིས།
རྒྱ་ནག་གི་གཞུང་ཚབ་པ་ཧུག་ཡན་ཆིས་དང་སྲིད་བློན་ཨོ་ལི་རྣམ་གཉིས།

རྒྱ་ནག་གི་གཞུང་ཚབ་པ་ཧུག་ཡན་ཆིས་བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོར་གནད་དོན་ཅི་ཞིག་གྲོས་མོལ་བྱས་མིན་ཕྱིར་བསྒྲགས་བྱས་མེད། འོན་ཀྱང་བལ་ཡུལ་གྱི་ཉམས་ཞིབ་པ་ཚོས་རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་གྱི་སྲིད་དོན་པ་ཚོར་བར་འདུམ་བྱ་ཐབས་དང་བལ་ཡུལ་གྱི་དམར་ཤོག་སྲིད་གཞུང་གི་སྲིད་དབང་སྲ་བརྟན་གཏོང་ཐབས། རྒྱ་ནག་གི་བཀའ་གསུང་ཅི་སྒྲུབ་ཞུ་མཁན་སྲིད་བློན་ཤར་མ་ཨོ་ལི་སྐྱོབ་ཐབས་བྱ་རྒྱུ། གལ་སྲིད་བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་ནང་ཁུལ་གྱི་འགལ་ཟླ་རྣམས་སེལ་མ་ཐུབ་པ་དང་སྲིད་བློན་ཨོ་ལི་དགོངས་པ་ཞུ་དགོས་ཐུག་ན་རྒྱ་ནག་གི་བཀོད་འདོམས་ལ་ཉན་མཁན་དང་རྒྱ་ནག་ལ་མཐུན་ཕྱོགས་འཛིན་པ། རྒྱ་ནག་གིས་ཤུགས་རྐྱེན་ཐེབས་ཐུབ་པའི་མི་ཞིག་བལ་ཡུལ་གྱི་སྲིད་བློན་ལ་བསྐོ་བཞག་བྱ་ཐབས་བྱེད་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད་ཅེས་གླེང་། བལ་ཡུལ་གྱི་གཞུང་འཛིན་ཚོགས་པར་རྒྱུན་ལས་འཐུས་མི་༤༤་ཡོད་པ་དེའི་ཁོངས་ནས་འཐུས་མི་༣༠་ཐམ་པས་སྲིད་བློན་ཨོ་ལི་དམར་ཤོག་ཚོགས་པའི་ཚོགས་གཙོ་དང་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས་ཞེས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། སྲིད་བློན་ཨོ་ལིར་ངོ་རྒོལ་བྱེད་མཁན་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཀྱི་འཐུས་མི་༣༠་ཐམ་པའི་གྲས་སུ་སྲིད་བློན་ཟུར་པ་པུ་ཤི་པ་ཀ་མལ་དྷལ་དང་ཇཱ་ལ་ན་ཐ་ཁཱ་ནལ། བྷམ་དེ་བ་གྷོ་ཏམ་སོགས་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་འདུས། ད་ལྟའི་བལ་ཡུལ་གྱི་དམར་ཤོག་གཞུང་འཛིན་ཚོགས་པ་ནི་སྲིད་བློན་ཨོ་ལིའི་དམར་ཤོག་ཚོགས་པ་དང་པུ་ཤི་པ་ཀ་མལ་དྷལ་གྱིས་འགོ་ཁྲིད་པའི་དམར་ཤོག་ཚོགས་པ་གཉིས་ཟུང་དུ་འབྲེལ་ནས་བཙུགས་པའི་མཉམ་སྐྱོང་སྲིད་གཞུང་ཞིག་ཡིན་པར་མ་ཟད། ཤར་མ་ཨོ་ལི་དང་པུ་ཤི་པ་ཀ་མལ་དྷལ་གཉིས་ཀྱིས་གཞུང་འཛིན་ཚོགས་པའི་ཚོགས་གཙོ་དང་སྲིད་བློན་གྱི་གོ་གནས་གཉིས་རེས་མོས་སུ་འཛིན་རྒྱུའི་གྲོས་མཐུན་བྱུང་རུང་ཤར་མ་ཨོ་ལིས་སྲིད་དབང་ཆ་བགོ་བྱེད་ཀྱི་མེད་པས་བལ་ཡུལ་གྱི་གཞུང་འཛིན་ཚོགས་པར་ནང་ཁུལ་དུ་འགལ་ཟླ་ལངས།།

བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོས་བཤད་པ་ལྟར་ན། རྒྱ་ནག་གི་གཞུང་ཚབ་པ་ཧུག་ཡན་ཆིས་སྲིད་བློན་ཨོ་ལིར་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་གཞན་ཚོར་ཁེར་ཐུག་བརྒྱབ་ནས་གྲོས་མོལ་བྱེད་འགོ་ཚུགས་སོང་། རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་ཡ་གྱལ་དེའི་འགོ་ཁྲིད་པུ་ཤི་པ་ཀ་མལ་དྷལ་ལའང་ཐུག་འཕྲད་བྱ་རྒྱུའི་འབད་བརྩོན་བྱས་ཀྱང་ཀ་མལ་དྷལ་གྱིས་རྒྱ་ནག་གི་གཞུང་ཚབ་པར་ཐུག་འཕྲད་བྱེད་ཀྱི་མི་འདུག་ཅེས་བཤད། ཉམས་ཞིབ་པ་ཚོས་རྒྱ་ནག་གི་གཞུང་ཚབ་པས་ཤུགས་སྣོན་རྒྱག་ས་གཙོ་བོ་ནི་བལ་ཡུལ་གྱི་དམར་ཤོག་ཚོགས་པ་གཉིས་ཀ་སྔར་བཞིན་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་སྲིད་དབང་འཛིན་རྒྱུ། བལ་ཡུལ་གྱི་དམར་ཤོག་ཚོགས་པ་ཁ་འཐོར་སོང་བ་དང་བལ་ཡུལ་ལ་ཆབ་སྲིད་བརྟན་ལྷིང་མེད་པར་གྱུར་ན་རྒྱ་ནག་ལ་བློ་འཚབ་ཆེན་པོ་ཡོད་ཅེས་སྐུལ་ལྕག་གཏོང་གི་ཡོད་པ་གོ་ཐོས་བྱུང་། གལ་སྲིད་ཤར་མ་ཨོ་ལིས་འགོ་ཁྲིད་པའི་བལ་ཡུལ་གྱི་དམར་ཤོག་ཚོགས་པ་དང་པུ་ཤི་པ་ཀ་མལ་དྷལ་གྱིས་འགོ་ཁྲིད་པའི་བལ་ཡུལ་གྱི་དམར་ཤོག་ཚོགས་པ་གཉིས་ཁ་འཐོར་སོང་ན་དམར་ཤོག་ཚོགས་པ་དེ་དག་ལ་རང་ངོས་ནས་སྲིད་གཞུང་འཛིན་ཐུབ་པའི་གྲོས་ཚོགས་འཐུས་མིའི་གདང་གྲངས་འདང་ངེས་མེད། དེས་ན་བལ་ཡུལ་གྱི་དམར་ཤོག་ཚོགས་པ་གཉིས་ཀྱིས་ཕྱོགས་འགལ་ཀོང་རེ་སི་ཚོགས་པ་དང་དེ་མིན་གྱི་ས་གནས་ཁག་གི་སྲིད་དོན་ཚོགས་པ་དེ་ཚོར་མཉམ་འབྲེལ་བྱས་ནས་སྲིད་གཞུང་འཛིན་དགོས། བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པའི་འཕྲོ་ནས་ཀོང་རེ་སི་ཚོགས་པ་དང་ས་གནས་ཀྱི་སྲིད་དོན་ཚོགས་པ་ཁག་ལ་གྲོས་ཚོགས་འཐུས་མི་མང་བ་ཡོད་པ་རེད།།

བལ་ཡུལ་གྱི་ཕྱི་སྲིད་ཉམས་ཞིབ་པ་ལོཀ་ར་ཇ་བྷ་རལ་གྱིས་རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་གྱི་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཐུབ་ཀྱི་ཡོད་པ་ནི་ང་ཚོའི་འགོ་ཁྲིད་ཚོར་འཇོན་ཐང་མེད་པ་དང་རང་ཚུགས་མེད་པའི་སྐྱོན་རེད། སྔོན་ཆད་རྒྱ་གར་གྱི་གཞུང་ཚབ་པས་བལ་ཡུལ་གྱི་ནང་སྲིད་ལ་ཐེ་གཏོགས་བྱས་མྱོང་། ད་ལྟ་རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་འདུག སྔོན་ཆད་རྒྱ་གར་གྱི་གཞུང་ཚབ་པས་ཐེ་གཏོགས་བྱས་ན་ང་ཚོས་རྒྱ་གར་གཞུང་གིས་བལ་ཡུལ་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་འདུག་ཅེས་ཐེར་འདོན་བྱས་ནས་སྐྱོན་བརྗོད་བྱེད་ཕོད། ང་ཚོས་རྒྱ་ནག་ལས་ཀྱང་རྒྱ་གར་ལ་དོགས་ཟོན་ཆེན་པོ་བྱས་པ་རེད། སྔོན་ཆད་བལ་ཡུལ་གྱིས་རྒྱ་གར་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱེད་ཕོད་པ་ལྟར་ད་ལྟ་རྒྱ་ནག་ལའང་ངོ་རྒོལ་དང་སྐྱོན་བརྗོད་བྱེད་ཕོད་དགོས། ད་སྔ་བལ་ཡུལ་གྱི་གསར་འགྱུར་ལས་ཁང་ཁག་གཅིག་པུས་རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་ཐེར་འདོན་དང་དེ་ལ་སྐྱོན་བརྗོད་བྱེད་ཀྱི་འདུག བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་ཁག་དང་ཆབ་སྲིད་ཀྱི་འགོ་ཁྲིད་ཁག བལ་ཡུལ་གྱི་ཤེས་ཡོན་ཅན་ཚོས་རྒྱ་ནག་གིས་བལ་ཡུལ་གྱི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་འཛེམ་ཟོན་མེད་པར་ངོ་རྒོལ་བྱེད་ཕོད་ཀྱི་མི་འདུག་ཅེས་བཤད། བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོས་སྐྱོན་འཛུགས་དེར་ངོས་ལེན་མེད། བལ་ཡུལ་ནི་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པས་རང་གི་ལས་དོན་རྣམས་རང་གིས་ཐག་གཅོད་བྱེད་ཐུབ། རྒྱལ་ཁབ་གཞན་ཞིག་ལ་བལ་ཡུལ་གྱི་ནང་སྲིད་ལས་དོན་ཐོག་ཏུ་ཐེ་གཏོགས་བྱེད་དུ་འཇུག་གི་འདུག་ཅེས་གནས་ཚུལ་སྤེལ་གྱི་ཡོད་པར་ངོ་རྒོལ་ཡོད་ཅེས་དགག་པ་བརྒྱབ།།

ན་ནིང་ཕྱི་ཟླ་༡༠་པར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་བལ་ཡུལ་ལ་འཚམས་འདྲིར་མ་སླེབས་པའི་ཟླ་བ་གཅིག་གི་སྔོན་ནས་བལ་ཡུལ་གྱི་དམར་ཤོག་ཚོགས་པས་ཞིས་ཅིན་ཕིང་གི་དགོངས་པར་སློབ་སྦྱོང་བྱ་རྒྱུ་འགོ་ཚུགས། བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་གདན་འདྲེན་ཞུས་ནས་གཏམ་བཤད་དང་བསམ་བློ་བརྗེ་རེས། བལ་ཡུལ་གྱི་དམར་ཤོག་ཚོགས་པའི་ཚོགས་མི་༢༠༠་ལྷག་ལ་ཞིས་ཅིན་ཕིང་གི་དགོངས་པར་སློབ་སྦྱོང་བྱེད་དུ་བཅུག དེང་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་དང་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་དྲྭ་ལམ་འབྲེལ་བ་དང་གྲོས་མོལ། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱས་པར་བལ་ཡུལ་གཞུང་གིས་རྒྱབ་སྐྱོར་བྱས་འདུག ཉེ་ཆར་ཧི་མ་ལ་ཡའི་ཚགས་པར་ལ་རྒྱ་ནག་གི་གཞུང་ཚབ་པ་ནི་བལ་ཡུལ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་པུར་ན་ཅནྡྲ་ཐ་པའི་ལས་ཁུངས་ནས་སྲིད་བློན་ཨོ་ལིའི་ལས་ཁུངས། སྲིད་འཛིན་བྷན་དྷ་རིའི་ལས་ཁུངས་སོགས་བལ་ཡུལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཐོག་ཏུ་མི་ཐར་ས་གཅིག་ཀྱང་མི་འདུག སྲིད་བློན་ཨོ་ལིས་བལ་ཡུལ་གྱི་ས་ཁྲ་གསར་པ་ཞིག་དཔར་འགྲེམ་བྱས་ནས་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་རྩོད་གཞིར་གྱུར་པའི་ས་གནས་ཁག་ཅིག་བལ་ཡུལ་གྱི་ས་ཁྲ་གསར་པའི་ནང་དུ་བཀོད་པ་དེའི་རྒྱབ་ཏུ་རྒྱ་ནག་གི་གཞུང་ཚབ་པ་ཡོད་པ་ར་འཕྲོད་ཅེས་གནས་ཚུལ་སྤེལ། བལ་ཡུལ་གྱི་ཉམས་ཞིབ་པ་ཚོས་ཀྱང་ང་ཚོའི་ཕྱི་འབྲེལ་སྲིད་ཇུས་རྣམས་རྒྱ་ནག་གི་གཞུང་ཚབ་པ་ཧུག་ཡན་ཆི་ཞེས་པའི་རྒྱ་མོ་མཛེས་མ་དེས་ཁ་ལོ་སྒྱུར་གྱི་འདུག དེང་སྐབས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་དུ་རྒྱ་ནག་གི་གཞུང་ཚབ་པ་ཧུག་ཡན་ཆི་ལས་ལྷག་པའི་ཤུགས་རྐྱེན་ཆེ་བའི་མི་ཞིག་མི་འདུག་ཅེས་ཡོངས་གྲགས་སུ་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG