ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གི་གཞུང་གཉེར་གསར་འགྱུར་བརྒྱུད་ལམ་གྱིས་བོད་ཀྱི་རྒྱལ་གླུ་བཏང་བ།


༄༅། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་བོད་ལ་རང་སྲིད་རང་སྐྱོང་ཡང་དག་པའི་གནས་བབས་དགོས་པའི་གྲོས་འཆར་བཏོན་པ་དེར་རྒྱ་ནག་གཞུང་གིས་ཡང་ནས་ཡང་དུ་འགག་ཆ་བྱས་ཡོད་ནའང་། རྒྱ་ནག་གཞུང་གི་བཏང་འཛིན་འོག་ཡོད་པའི་བརྙན་འཕྲིན་དང་རླུང་འཕྲིན་ཁང་གིས་གསར་དུ་འགོ་འབྱེད་བྱས་པའི་དྲྭ་གནས་ཀྱི་བརྙན་དཔར་གྱི་གླུ་གཞས་ནང་བོད་ཀྱི་རྒྱལ་གླུ་བཏང་ཡོད་པ་རེད། རྒྱལ་གླུ་དེ་ནི་འཛམ་གླིང་ཁྱོན་ལ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡོངས་ཁྱབ་ཀྱིས་གཏོང་གི་ཡོད་ནའང། འདས་པའི་ལོ་ལྔ་བཅུའི་རིང་བོད་ནང་རྒྱལ་གླུ་གཏོང་མི་ཆོག་པའི་བཀག་རྒྱ་ཡོད་པ་རེད།

བོད་ཀྱི་རྒྱལ་གླུ་ཡོད་པའི་བརྙན་དཔར་དེ་རྒྱ་ནག་གཞུང་གཉེར་གྱི་དྲྭ་གནས་ http://www.vtibet.com/tb/download/. ཀྱི་ APP ཨེཔ་ཕབ་ལེན་ལ་ཕེབས་ནས་བརྙེད་ཐུབ། ཨེཔ་ APP གསར་པ་དེ་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་འགོ་འབྱེད་བྱས་ཡོད་པ་དེའི་སྐབས་དཔར་མིང་ཤའོ་ལིང་གི་ལྷན་དུ་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྟ་ཞིབ་དང་སྦྲགས་ཆོག་མཆན་སྤྲད་པ་གཞུང་གཉེར་གསར་འགྱུར་བརྒྱུད་ལམ་ཐོག་བརྒྱུད་བསྒྲགས་བྱས་ཡོད་པ་རེད།

ད་ལམ་གྱི་གནས་ཚུལ་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་མཐོ་ཤོས་ཁྲེན་ཆོན་གོས་དམར་ཤོག་ཚོགས་པའི་གསར་དེབ་ཇུའི་ཧྲིའི་ནང་ཕྱིའི་དཔུང་ཤུགས་དང་ཏཱ་ལའི་རུ་ཚོགས་ཀྱི་སྒྲ་དང་གཟུགས་བོད་རང་སྐྱོང་ལྗོངས་ནང་གཏན་ནས་མཐོང་བ་དང་ཐོས་རྒྱུ་མེད་པར་བཟོ་རྒྱུའི་དམ་བཅའ་བྱས་པའི་དུས་ཚོད་ཛ་དྲག་གི་གནས་སྟངས་འདིར་བྱུང་བ་ཞིག་ཡིན་པ་རེད།

ཁྲེན་ཆོན་གོས་བོད་ནང་གསར་འགྱུར་དང་ཕྱིའི་གནས་ཚུལ་ལ་དམ་བསྒྲགས་བྱ་རྒྱུ་དེ་རལ་གྲི་གཤོམ་པའི་སྙིང་སྟོབས་ལ་འགྲེལ་བརྗོད་བྱས་ཡོད་པ་དེ་ནི་ཉེ་དུས་རྒྱ་ནག་གི་སྲིད་འཛིན་ཤི་ཅིན་པིན་གྱིས་ཁ་བྲལ་རིང་ལུགས་པའི་ལོགས་སྤྱོད་ཀྱི་དྲིལ་བསྒྲགས་བོད་ནང་འཁྱེར་མཁན་ཚོར་རྡུང་རྡེག་ཚ་ནན་གཏོང་དགོས་ཞེས་བཤད་པར་ཁ་བསྣོན་ཞིག་རེད།

བོད་རང་སྐྱོང་ལྗོངས་་རྒྱ་ནག་གི་འགོ་ཁྲིད་མཐོ་ཤོས་དེས་ཧ་ཅང་རྩུབ་དྲག་ཅན་གྱི་འགྲེལ་བརྗོད་བྱས་པ་དེ་བོད་ནང་གཏན་ནས་གཏོང་མི་ཆོག་པའི་བོད་ཀྱི་རྒྱལ་གླུ་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་བརྒྱུད་ལམ་ནང་ཐོན་པ་དེས་དེ་སྔོན་ཁ་པར་ནང་རྒྱ་ནག་གཞུང་གིས་ངོས་ལེན་མེད་པའི་བོད་གཞས་ཉར་པ་ཙམ་གྱིས་འཛིན་བཟུང་དང་བཙོན་འཇུག་གི་ཉེས་ཆད་འཕོག་མཁན་བོད་པ་ཚོར་ཐེ་ཚོམ་དང་འཇིགས་སྣང་ཡོང་གི་རེད།

སྤྱིར་བཏང་བོད་ནང་བོད་ཀྱི་རྒྱལ་གླུང་བཏང་བ་ནག་ཉེས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དྲྭ་གནས་དེར་ཞུགས་ཏེ་ཨེཔ་ APP ཕབ་ལེན་བྱེད་མཁན་བོད་མི་སྟོང་ཚོ་མང་པོར་ཁོང་ཚོའི་ཀམ་པུའུ་ཀྲར་དང་ལག་ཁྱེར་ཁ་པར་བཅས་ལ་ལྟ་ཞིབ་དང་དེ་གཞས་དེ་ཉན་པར་ཉེས་ཆད་འགེལ་གྱི་ཡོད་མེད་ལ་དྲི་བ་ཞིག་སེམས་ནང་ཡོང་ངེས་ཡིན།

ཉེ་བའི་དུས་སུ་བོད་ནང་གསར་འགྱུར་ལ་དམ་བསྒྲགས་ཡོད་བཞིན་པའི་ཁར་ད་དུང་གསར་འགྱུར་བསྡུ་ཆས་སྡེར་མ་གཞུང་བཞེས་བྱ་རྒྱུ་དང་དྲ་རྒྱའི་གནས་ཚུལ་ལ་ཞིབ་བཤེར། དེ་བཞིན་ཁ་པར་དང་དྲ་རྒྱ་བེད་སྤྱོད་བྱེད་མཁན་ཚོས་མིང་ངོ་མར་དེབ་སྐྱེལ་བྱེད་པ་སོགས་དམ་བསྒྲགས་ཆེ་རུ་གཏོང་རྒྱུའི་ལས་འཆར་གསལ་བསྒྲགས་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་དབང་འོག་དྲིལ་བསྒྲགས་བརྟན་པོ་དང་བཟང་པོ་ཞིག་ཡོང་བར་གཞུང་གཉེར་བོད་སྐད་ཀྱི་གསར་འགྱུར་གོང་འཕེལ་དང་བརྙན་འཕྲིན་དང་རླུང་འཕྲིན་སོགས་དུས་ཚོད་བཟང་ཤོས་ལ་བརྒྱུད་བསྒྲགས་བྱ་རྒྱུའི་འགན་ལེན་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་གྱི་ཐབས་ཤེས་པ་གསར་པ་དེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་རྒྱ་ནག་ཚོགས་མིར་ཞུགས་རྒྱུར་ཤུགས་རྐྱེན་བྱེད་ཀྱི་ཡོད་མེད་གསལ་པོ་མེད་ནའང་། རྒྱ་ནག་གི་འབད་བརྩོན་དེར་འཛམ་གླིང་རྒྱལ་ཁབ་མང་པོ་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་སོགས་ཀྱིས་རྒྱ་ནག་ལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་དེའི་ཚོགས་མི་ཆགས་རྒྱུའི་འོས་ཤོས་ལྡན་ཡོད་མེད་ལ་བགྲོ་གླེང་བྱ་རྒྱུར་ཤུགས་གནོན་བྱེད་ཀྱི་རེད།

༢༠༠༩ ལོ་ནས་བཟུང་ད་བར་བོད་ནང་བོད་མི་ ༡༢༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་བ་ནས་བཟུང་བོད་པ་དང་རྒྱ་ནག་གཞུང་གི་དབར་འཁོན་འཛིན་ཆེ་རུ་སོང་ནས་བོད་ཀྱི་མཐོ་སྒང་དུ་རྒྱ་ནག་གཞུང་གིས་སྔར་བས་དྲག་གནོན་ཆེ་བ་བྱེད་བཞིན་ཡོད།
XS
SM
MD
LG