ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་རྒྱ་གར་གྱི་དམག་མིའི་སྟེང་དུ་ཕྲ་རླབས་མཚོན་ཆ་བཀོལ་སྐད། 


༄༅།། ད་ལོ་རྒྱ་གར་གཞུང་གིས་ལ་དྭགས་ཀྱི་ས་མཚམས་སུ་དམག་སྡེ་༢༢་པའི་དམིགས་བསལ་གྱི་སྦྱོང་བརྡར་ཐོབ་པའི་བོད་དམག་བཏང་བ་དང་རྒྱ་དཀར་ནག་གི་གྲོས་མཐུན་ལྟར་མཐའ་མཚམས་སྲུང་དམག་གིས་མེ་མདའ་རྒྱག་ཆོག་གི་མེད་པ། སྤང་ཀོང་མཚོའི་ལྷོ་ཕྱོགས་ཀྱི་རི་རྩེ་གལ་ཆེན་གཉིས་རྒྱ་གར་གྱི་དམག་ཁོངས་སུ་ཡོད་པའི་བོད་དམག་གིས་བླངས་པ། རྒྱ་ནག་གིས་རྒྱ་གར་གླགས་མ་ཁེལ་བར་གཡོ་སྒྱུ་འཁྲབ་སྟེ་ཕྲ་རླབས་མཚོན་ཆ་བཀོལ་ནས་རྒྱ་གར་གྱི་དམག་ལ་གཏོར་རྒོལ་བྱས་ཡོད་པའི་གནས་ཚུལ་ཞིག་ཐོན། གལ་སྲིད་རྒྱ་ནག་གིས་རྒྱ་གར་གྱི་དམག་མིའི་སྟེང་དུ་ཕྲ་རླབས་མཚོན་ཆ་བཀོལ་ཡོད་པ་བདེན་པ་ཡིན་ན་མིའི་སྐྱི་ལྤགས་ཐམས་ཅད་འཚོས་པ་དང་རི་རྩེ་རྣམས་ལྕགས་ཐབ་ལྟར་གྱུར་ཏེ་འཚོ་གནས་མི་ཐུབ་པའི་ཉེན་ཚབས་ཆེན་པོ་རེད་ཅེས་རྒྱ་གར་དང་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་འདུག སྨན་སྦྱོར་ཚན་རིག་གི་གསར་འགོད་པ་ཚོས་མི་ཞིག་གི་སྟེང་དུ་ཕྲ་རླབས་མཚོན་ཆ་ཕོག་པ་ནི་གློག་གི་ཤེལ་རྡོག་ཚ་པོ་ཞིག་ལ་ལག་པ་འཆང་བ་དང་གཅིག་མཚུངས་རེད་ཅེས་བཀྲལ།།

དབྱིན་ཇིའི་ལོན་ཌོན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་རྒྱལ་སྤྱིའི་ཞིབ་འཇུག་མཁས་པ་སློབ་དཔོན་ཅིན་ཚན་རུང་ཞེས་པ་ཞིག་གིས་སློབ་ཕྲུག་ཚོར་ང་ཚོས་ཕྲ་རླབས་མཚོན་ཆ་བཀོལ་ནས་རྒྱ་གར་གྱི་དམག་རྣམས་སྐྱུག་ཏུ་བཅུག་པ་དང་ནད་མནར་བྱུང་དུ་བཅུག་སྟེ་དམག་ས་ནས་ཕྱིར་འཐེན་བྱ་དགོས་བྱུང་བ་རེད། ཕྲ་རླབས་མཚོན་ཆའི་དྲོད་ཚད་ནི་ང་ཚོས་ཐབ་མགོར་ཆུ་བཀལ་ནས་མེ་བཏང་ན་ཆུ་གདུས་ནས་ཁོལ་གྱི་ཡོད་པ་ལྟར་ཕྲ་རླབས་རྣམས་ཆུ་ནང་དུ་འཕོག་ན་ཆུ་རྣམས་གདུས་ནས་ཁོལ་གྱི་རེད། དབྱིན་ལེ་ཕྱེད་ཀ་ལྷག་གི་རྒྱང་ཁད་ཀྱི་མཚམས་སུ་མིའི་ལུས་སྟེང་དུ་ཕྲ་རླབས་འཕོག་ན་སྐྱི་ལྤགས་འོག་གི་བརླན་གཤེར་རྣམས་གདུས་ནས་སྐྱི་ལྤགས་འཚོས་པ་ལྟ་བུ་དང་ལུས་ཀྱི་རུས་པ་རྣམས་ལྕགས་ཐབ་ལྟ་བུ་ཞིག་ཏུ་གྱུར་ཏེ་ན་ཟུག་བཟོད་གླགས་བྲལ་ཞིག་མྱོང་གི་རེད། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་མེ་མདའ་གཅིག་ཀྱང་རྒྱག་མ་དགོས་པར་རྒྱ་གར་གྱི་དམག་རྣམས་ཕྱོགས་གཉིས་ཀྱི་དབང་སྒྱུར་ས་མཚམས་ཁག་ནས་མཐར་སྐྲོད་བཏང་བ་རེད་ཅེས་སློབ་ཁྲིད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཉམས་ཞིབ་པ་ཚོས་ཕྲ་རླབས་མཚོན་ཆས་མི་ལ་གཏན་དུ་གནོད་སྐྱོན་འཕོག་མི་སྲིད་ཀྱང་མིག་ལ་གནོད་སྐྱོན་འཕོག་སྲིད་པ་དང་ཕྱིས་སུ་སྐྲན་ནད་ཀྱི་རྒྱུ་རུ་འགྱུར་སྲིད་པའི་བློ་འཚབ་བྱེད་དགོས་པ་ཞིག་རེད་ཅེས་བཤད་འདུག རྒྱ་ནག་གི་སློབ་དཔོན་ཅིན་ཚན་རུང་གིས་ཕྲ་རླབས་མཚོན་ཆ་བཀོལ་སྤྱོད་བྱེད་ན་ཀུན་སྤྱོད་ལ་མཐུན་གྱི་ཡོད་མེད་གླེང་སློང་བྱས་མེད་ཀྱང་ཁོ་པས་རྒྱ་ནག་གིས་ཕྲ་རླབས་མཚོན་ཆ་བཀོལ་སྤྱོད་བྱས་ནས་རྒྱ་གར་གྱི་དམག་རྣམས་མཐར་སྐྲོད་བཏང་བ་རེད་ཅེས་བཤད་པ་བདེན་པ་ཡིན་ཚེ། འཛམ་གླིང་གི་དམག་འཁྲུག་ལོ་རྒྱུས་སུ་ཕྲ་རླབས་མཚོན་ཆ་བཀོལ་སྤྱོད་བྱས་ཡོད་པ་ཡོངས་གྲགས་སུ་ཤེས་རྟོགས་བྱུང་བ་ཐེངས་དང་པོ་ཡིན་ཞིང་། ལོན་ཌོན་དུས་བབ་ཀྱིས་ལོ་འདིའི་ཕྱི་ཟླ་༨་པའི་ཟླ་མཇུག་ཏུ་རྒྱ་ནག་གིས་བོད་དང་ལ་དྭགས་ཀྱི་ས་མཚམས་སུ་ཕྲ་རླབས་མཚོན་ཆ་མཁོ་འགྲེམ་བྱས་འདུག དེའི་སྔོན་གྱི་ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་གིས་གྷལ་ཝན་ལུང་གཤོང་དུ་རྡོ་དང་དབྱུག་པ་སོགས་ཀྱིས་དམར་འཛིང་བྱས་ནས་རྒྱ་གར་བའི་དམག་མི་༢༠་ཐམ་པར་འཆི་སྐྱོན་དང་མི་༧༠་ལྷག་ལ་རྨས་སྐྱོན་ཕོག་པ་རེད་ཅེས་གནས་ཚུལ་སྤེལ། ཅིན་ཚན་རུང་གིས་ཕྲ་རླབས་མཚོན་ཆ་བཀོལ་སྤྱོད་བྱས་ནས་སྐར་མ་བཅོ་ལྔའི་རྗེས་སུ་རི་རྩེའི་དམག་ས་བཟུང་ཡོད་པའི་རྒྱ་གར་གྱི་དམག་མི་རྣམས་སྐྱུག་འགོ་ཚུགས་ཏེ་ཡར་ལངས་མི་ཐུབ་པར་གྱུར། དེ་ནས་ཁོ་ཚོས་དམག་ས་བསྐྱུར་ནས་བྲོས་པ་དང་རྒྱ་ནག་གིས་དེ་ལྟར་དམག་ས་དེ་རྣམས་ཕྱིར་ལེན་བྱས་པ་རེད། རི་རྩེ་དེ་རྣམས་མཐོ་དྲགས་པ་དང་བོད་དམག་ལ་དམིགས་བསལ་གྱི་སྦྱོང་བརྡར་ཐོབ་ཡོད་པས་རྒྱ་ནག་གིས་ཕྲ་རླབས་མཚོན་ཆ་བཀོལ་རྒྱུའི་ཐག་གཅོད་བྱས་པ་རེད་ཅེས་བཤད།།

སྤང་ཀོང་མཚོ།
སྤང་ཀོང་མཚོ།

ཕྱི་ལོ་༢༠༠༧་ལོར་ཨ་མི་རི་ཀས་ཕྲ་རླབས་མཚོན་ཆ་ཨབ་གྷ་ཎི་སི་ཐན་གྱི་དམག་ས་ཁག་ཏུ་མཁོ་འགྲེམ་བྱས་ཀྱང་ནམ་ཡང་མཚོན་ཆ་དེ་བཀོལ་སྤྱོད་བྱེད་དུ་བཅུག་མེད་པར་མ་ཟད། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་མིའི་ཚེ་སྲོག་ལ་གནོད་པ་མེད་པའི་རང་བྱུང་ནུས་པའི་མཚོན་ཆ་འདི་རང་སྲུང་གི་མཚོན་ཆ་ཡག་པོ་ཞིག་རེད། དེང་སྐབས་མི་ཚོགས་ཆེན་པོ་བཀག་སྡོམ་དང་ངོ་རྒོལ་ཁྲོམ་སྐོར་བ་རྣམས་བཀག་སྡོམ་བྱེད་པའི་མཚོན་ཆ་ཁག་གི་གྲས་སུ་ཕྲ་རླབས་མཚོན་ཆ་འདིར་ནུས་པ་ཆེན་པོ་དང་རྒྱང་ཐག་རིང་པོར་སྙོབ་ཐུབ་པའི་དགེ་མཚན་འདུག་ཅེས་བསྒྲགས། ཨ་མི་རི་ཀས་རྒྱལ་སྤྱིའི་ཐོག་ཏུ་ངོ་རྒོལ་དང་སྐྱོན་བརྗོད། ཆབ་སྲིད་ཀྱི་ཤུགས་རྐྱེན་ངན་པ་ཞིག་ཐེབས་སྲིད་པའི་འཇིགས་སྣང་བཅས་ཀྱིས་ཨབ་གྷ་ཎི་སི་ཐན་གྱི་དམག་ས་ཁག་ཏུ་ཨ་རིའི་དམག་ལ་ཕྲ་རླབས་མཚོན་ཆ་བཀོལ་སྤྱོད་དུ་མ་བཅུག་པར་རྒྱལ་སྤྱིའི་ཁྲིམས་ལ་བརྩི་འཇོག་བྱས་པ་ཡིན་ཞེས་བསྒྲགས། དེང་སྐབས་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་རིམ་པས་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་གདོང་ཐུག་འབྱུང་ས་ཁག་ནས་ཕྱིར་འཐེན་བྱེད་དགོས་པའི་གྲོས་མོལ་ལན་མང་བྱེད་ཀྱི་ཡོད་པའི་སྐབས་འདིར་རྒྱ་ནག་གིས་ཕྲ་རླབས་མཚོན་ཆ་བཀོལ་སྤྱོད་བྱས་པ་རེད་ཅེས་གནས་ཚུལ་ཐོན། ཅིན་ཚན་རུང་གིས་རྒྱ་གར་གཞུང་གིས་དམིགས་བསལ་གྱི་སྦྱོང་བརྡར་ཐོབ་པའི་བོད་དམག་རྣམས་ས་མཚམས་སུ་བཏང་བ་རེད། ཁོ་ཚོས་ཕྱི་ཟླ་༨་པའི་ཚེས་༢༩་དགོང་མོར་རི་རྩེ་གཉིས་བླངས་པས་རྒྱ་ནག་གི་དབུས་དམག་དོན་ལྷན་ཁང་གིས་ནུབ་ཕྱོགས་དམག་དོན་བཀོད་འདོམས་ཁང་གི་ས་གནས་ཀྱི་དམག་དཔོན་ཚོར་རྒྱ་གར་ལ་ཅིའི་ཕྱིར་རི་རྩེ་དེ་དག་ལེན་དུ་བཅུག་པ་ཡིན་ཞེས་བཀའ་བཀྱོན་དྲག་པོ་བཏང་བ་རེད། རྒྱ་ནག་གི་ནུབ་ཕྱོགས་དམག་དོན་བཀོད་འདོམས་ཁང་གི་དམག་དཔོན་ཚོར་རི་རྩེ་དེ་དག་ཕྱིར་ལེན་བྱ་དགོས་པའི་གནོན་ཤུགས་ཆེན་པོ་ཐེབས་པས་ཕྲ་རླབས་མཚོན་ཆ་བཀོལ་རྒྱུའི་ཐག་བཅད་འདུག ཡིན་ནའང་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ལ་རྒྱ་གར་བའི་དམག་མིའི་ཐོག་ཏུ་མེ་མདའ་གཅིག་ཀྱང་རྒྱག་མི་ཆོག་པའི་བཀའ་བཏང་བ་རེད་ཅེས་བཤད།།

ཕྱི་ཟླ་༡༡་པའི་ཚེས་༡༨་ཉིན་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་གསར་འགོད་པ་ཚོར་རྒྱ་ནག་གིས་ཕྲ་རླབས་མཚོན་ཆ་བཀོལ་སྤྱོད་བྱས་པ་རེད་ཅེས་གནས་ཚུལ་ཁག་ཅིག་ཐོན་ཡོད་པ་ནི་གསར་འགྱུར་རྫུན་མ་རེད། རྒྱ་ནག་གིས་པེ་ཅིང་དུ་གནས་འཁོད་སློབ་དཔོན་ཞིག་བརྒྱུད་ནས་གསར་འགྱུར་རྫུན་མ་སྤེལ་ཏེ་རྒྱ་གར་ལ་ཕམ་ཁ་བྱུང་བ་རེད་ཅེས་འུར་སྒྲོགས་བྱེད་དུ་འཇུག་གི་འདུག འདི་ནི་རྒྱ་ནག་གིས་གསར་འགྱུར་རྫུན་མ་སྤེལ་ནས་མིའི་བློ་ཁ་སྒྱུར་བའི་འཐབ་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པའི་གྲས་ཤིག་རེད་ཅེས་དགག་པ་བརྒྱབ། རྒྱ་གར་གྱི་དམག་གིས་ཀྱང་རྒྱ་ནག་གིས་ཕྲ་རླབས་མཚོན་ཆ་བཀོལ་སྤྱོད་བྱས་པའི་གནས་ཚུལ་གང་ཡང་བྱུང་མ་སོང་། རྒྱ་གར་གྱི་དམག་གིས་སྔར་བཞིན་རི་རྩེ་དེ་དག་བཟུང་ཡོད། རྒྱ་ནག་གིས་རི་རྩེ་དེ་དག་ཕྱིར་ལེན་བྱས་ཟིན་ཡོད་ན་རྒྱ་གར་ལ་རི་རྩེ་དེ་དག་ནས་ཕྱིར་འཐེན་བྱ་དགོས་ཞེས་གྲོས་མོལ་སྐབས་སུ་ཨུ་ཚུགས་རྒྱག་དགོས་དོན་མེད། རྒྱ་གར་གྱི་དམག་དང་ལྕགས་ཁྲབ་འཁོར་ལོ། དམག་དོན་ཡོ་བྱད་རྣམས་རི་རྩེ་དེ་དག་ཏུ་བཞག་ཡོད། ང་ཚོ་རི་རྩེ་ནས་མར་བབས་མེད་ཅེས་ལན་བཏབ། ཉེ་ཆར་ཕྱི་ཟླ་༩་མགོ་སྟོད་དེར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་རྒྱ་གར་ལ་མཐའ་མཚམས་སྲུང་དམག་གིས་འཁྲུག་རྩོད་སློང་རྒྱུ་མཚམས་འཇོག་བྱ་དགོས། རྒྱ་གར་གྱིས་ཁྲིམས་འགལ་ཐོག་ཏུ་བཙན་བཟུང་བྱེད་ཡོད་པའི་ས་གནས་ཁག་ནས་ཕྱིར་འཐེན་བྱ་དགོས་ཞེས་དགོས་འདུན་བཏོན། རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་སློབ་དཔོན་ཅིན་ཚན་རུང་གིས་ཕྲ་རླབས་མཚོན་ཆ་བཀོལ་སྤྱོད་བྱས་པ་རེད་ཅེས་སློབ་ཁྲིད་བྱས་དོན་ཅི་ཡིན་ཤེས་རྟོགས་ཐུབ་དཀའ། ཁོ་པས་སློབ་ཁྲིད་སྐབས་སུ་སློབ་ཕྲུག་ཚོར་འུར་སྒྲོགས་བྱེད་ཀྱི་ཡོད་པ་ཡིན་ནམ། ཡང་ན་རྒྱ་ནག་གཞུང་གིས་མིའི་བློ་ཁ་སྒྱུར་ཐབས་ཀྱི་དྲིལ་བསྒྲགས་བྱེད་དུ་འཇུག་གི་ཡོད་པ་གཉིས་ཀྱི་གཅིག་ཡིན་སྲིད་ཅེས་བཤད། ཉེ་དུས་ཤིག་ནས་རྒྱ་ནག་གིས་རྒྱ་གར་གཅིག་པུ་མ་ཡིན་པར་ཁྱིམ་མཚེས་རྒྱལ་ཁབ་༢༠་ཐམ་པར་ས་མཚམས་ཀྱི་འཁྲུག་རྩོད་སློང་གི་ཡོད་པ་སྟེ། རྒྱ་ནག་གིས་འབྲུག་དང་བལ་ཡུལ། ལྷོ་རྒྱ་ནག་རྒྱ་མཚོའི་མཐའ་འཁོར་དུ་ཆགས་པའི་ཝྭི་ཏེ་ནམ་དང་ཧྥི་ལི་ཕིན་སོགས་རྒྱལ་ཁབ་མང་དག་ཅིག་ལ་མངའ་ཁོངས་ཀྱི་བདག་དབང་བརྩད་ནས་འབྲེལ་བ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད།།

XS
SM
MD
LG