ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་དང་རྒྱ་ནག་གི་རྒྱལ་ཡོངས་བདེ་འཇགས་བཅའ་ཁྲིམས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཧོང་ཀོང་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་ཟླ་བ་༥་ཙམ་འགྲོ་བཞིན་ཡོད་ཅིང་། གཟའ་འཁོར་འདིར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་སྲིད་བློན་གཞོན་པ་ཧན་ཀྲིང་སོགས་དབུས་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོས་ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་ལ་ཐུག་འཕྲད་ཀྱིས་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་འགོ་ཁྲིད་ཚོ་དང་ས་གནས་དེའི་སྲིད་གཞུང་ལ་རྒྱབ་སྐྱོར་ཡོད། ཧོང་ཀོང་གི་འགོ་ཁྲིད་ཚོས་མངའ་ཁུལ་དེར་དྲག་ཟིང་ལངས་ཡོད་པ་ཞོད་འཇགས་གཏོང་དགོས། རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དྲག་ཟིང་ལ་བཟོད་སྒོམ་བྱེད་མི་ཐུབ་ཅེས་ནན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན། རྒྱ་ནག་གི་ཆིང་ཧྭ་སློབ་གྲྭ་ཆེན་མོའི་ཧོང་ཀོང་དང་ཨོ་མེན་ཉམས་ཞིབ་ལྟེ་གནས་ཀྱི་འགན་འཛིན་ཝང་ཀྲེན་མཱིན་གྱིས་བཤད་པ་ལྟར་ན། ཧོང་ཀོང་གི་འགོ་ཁྲིད་ཚོས་རང་གི་ས་གནས་དེར་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས། ཧོང་ཀོང་ས་གནས་གཞུང་གིས་རང་གི་ས་ཁུལ་དེར་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་མ་ཐུབ་ན་དེ་ལ་བཟོད་གླགས་དཀའ་བའི་མཇུག་འབྲས་ཤིག་སྨིན་སྲིད། ད་སྔ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཏན་འབེབས་བྱ་དགོས་པའི་བཙན་བཀའ་མ་བཏང་བར་ཧོང་ཀོང་ས་གནས་གཞུང་ལ་རང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཏན་འབེབས་བྱེད་དུ་འཇུག་ཐུབ་པའི་རེ་བ་འཆང་འདུག རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་༤་པའི་ཐོག་ཏུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་གཙིགས་སུ་འཛིན་དགོས་པའི་ཐག་གཅོད་བྱུང་སོང་ཞེས་བཤད།

ཆིང་ཧྭ་སློབ་གྲྭ་ཆེན་མོའི་ཧོང་ཀོང་དང་ཨོ་མེན་ཉམས་ཞིབ་ལྟེ་གནས་ཀྱི་འགན་འཛིན་ཝང་ཀྲེན་མཱིན་ནི་རྒྱ་ནག་དམར་ཤོག་ཚོགས་པས་ཧོང་ཀོང་ལ་འཛིན་པའི་སྲིད་ཇུས་ཀྱི་སློབ་སྟོན་པ་ཞིག་ཡིན་ཞིང་། ཁོང་གིས་ཧོང་ཀོང་གི་སྤྱི་ཁྱབ་དང་པོ་ཏུང་ཅན་ཧྭ་ནས་བཟུང་། ད་ལྟའི་སྤྱི་ཁྱབ་ཁེ་རི་ལམ་བར་དུ་ལོ་༢༠་ལྷག་ལ་ཧོང་ཀོང་གི་སྤྱི་ཁྱབ་རིམ་པ་ཞིག་གིས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་ཁུལ་དེར་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཏན་འབེབས་བྱེད་ཐུབ་མ་སོང་། བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་འགོ་ཁྲིད་ཚོའི་ལས་འགན་ཡིན་ཞེས་བཤད། ༢༠༠༣་ལོར་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་སུ་འཁོད་པའི་ཁྲིམས་ཡིག་དོན་ཚན་༢༣་པ་ལག་ལེན་བསྟར་དགོས་པའི་གྲོས་གཞི་བཏོན་རུང་ཧོང་ཀོང་མི་དམངས་ཀྱིས་དེ་ལ་ངོ་རྒོལ་བྱས་ནས་ཁྲིམས་ཡིག་དོན་ཚན་༢༣་པ་ལག་ལེན་བསྟར་ཐབས་མ་བྱུང་། ཁྲིམས་ཡིག་དོན་ཚན་༢༣་པ་ནི་རྒྱལ་ཁབ་ཁ་བྲལ་དང་གྱེན་ལོག དབུས་གཞུང་ལ་ངོ་རྒོལ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པ་སོགས་ལ་ཁྲིམས་གཅོད་བྱ་དགོས་པའི་ཁྲིམས་ཤིག་ཡིན་ཞིང་། ཁ་སང་གཟའ་ལྷག་པའི་ཉིན་ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱིས་ང་ཚོའི་དཀའ་ངལ་འདི་མིག་སྔའི་ངོ་རྒོལ་ཙམ་གྱི་དཀའ་ངལ་ཞིག་མ་རེད། ཧོང་ཀོང་གི་དཀའ་ངལ་འདི་དཀའ་ངལ་ཆེན་པོ་ཞིག་རེད་ཅེས་གསར་འགོད་པ་ཚོར་བཤད་འདུག

ཉེ་ཆར་ཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༩་པའི་ཚང་འཛོམས་གྲོས་ཚོགས་ཐེངས་༤་པའི་ཐོག་ཏུ་ཧོང་ཀོང་གི་གནད་དོན་གླེང་སློང་བྱུང་ཡོད་པ་སྟེ། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཕལ་མོ་ཆེས་ཧོང་ཀོང་ཚུད་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས། རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཧོང་ཀོང་དམིགས་བསལ་ས་ཁུལ་ལའང་ཁྱབ་ཐབས་བྱ་དགོས་ཞེས་བསམ་འཆར་བཤད། བདུན་ཕྲག་སྔོན་མའི་ཚོགས་ཆེན་ཐོག་ཏུ་ཧོང་ཀོང་ས་གནས་གཞུང་གིས་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཏན་འབེབས་བྱེད་ཐུབ་ཀྱི་མེད་པར་རྒྱ་ནག་གི་འགོ་ཁྲིད་ཚོས་བཟོད་སྒོམ་བྱེད་ཐུབ་ཀྱི་མེད་པའི་རྣམ་འགྱུར་བསྟན་ཡོད་པར་མ་ཟད། ཁོ་ཚོས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ཐད་ཀར་ཧོང་ཀོང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཏན་འབེབས་བྱེད་དུ་འཇུག་དགོས། འདས་པའི་ཟླ་བ་མང་པོར་ཧོང་ཀོང་གི་ཟིང་འཁྲུག་མཚམས་ཆད་ཐུབ་ཀྱི་མེད་པའི་འབྱུང་རྩ་ནི་མངའ་ཁུལ་དེར་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཏན་འབེབས་བྱས་ཐུབ་མེད་པའི་སྐྱོན་རེད་ཅེས་གླེང་། ལོ་བཅུའི་ཡར་སྔོན་དུ་ཨོ་མེན་དམིགས་བསལ་ཁུལ་གྱིས་རང་ངོས་ནས་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཏན་འབེབས་བྱས་ཀྱང་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་རྒྱུ་དེར་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་བྱུང་ནས་ལག་ལེན་བསྟར་ཐུབ་མེད་ཅིང་། ཆིང་ཧྭ་སློབ་གྲྭ་ཆེན་མོའི་ཧོང་ཀོང་དང་ཨོ་མེན་ཉམས་ཞིབ་ཁང་གི་འགན་འཛིན་ཝང་ཀྲེན་མཱིན་གྱིས་ཧོང་ཀོང་ས་གནས་གཞུང་གིས་རྒྱལ་སྤྱིའི་ཐོག་ཏུ་མིག་དཔེ་བལྟས་ནས་ཉམས་མྱོང་ལེན་རྒྱུ་མང་པོ་ཞིག་འདུག ཧོང་ཀོང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་ཡོད་པ་དང་རྒྱུན་ལྡན་གྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ཀྱི་ཚོང་ལས་གཉེར་ཐུབ། ཨ་མི་རི་ཀ་དང་དབྱིན་ཇི། སིངྒ་པུར་སོགས་ཀྱིས་ཀྱང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལག་ལེན་བསྟར་གྱི་འདུག་ཅེས་བཤད།

ད་ལྟ་ཧོང་ཀོང་ལ་ངོ་རྒོལ་ལས་འགུལ་ལངས་ནས་ཟླ་བ་༥་ཙམ་འགྲོ་བཞིན་པའི་སྐབས་འདིར་ཁྲིམས་ཡིག་དོན་ཚན་༢༣་པ་ལག་ལེན་བསྟར་ཐུབ་རྒྱུ་ཁག་པོ་ཡིན་མོད། ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱིས་ཐེངས་གཉིས་ལ་ཧོང་ཀོང་ས་གནས་གཞུང་ལ་ཁྲིམས་ཡིག་དོན་ཚན་༢༣་པ་ལག་ལེན་བསྟར་དགོས་པའི་ལས་འགན་ཡོད། ཁྲིམས་ཡིག་དེ་ལག་ལེན་བསྟར་ཐུབ་པའི་ཁོར་ཡུག་བཟང་པོ་ཞིག་རྙེད་ན་ང་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ལག་ལེན་བསྟར་ངེས་ཡིན་ཞེས་བཤད་མྱོང་ཡོད། རྒྱ་ནག་གི་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཁྲིམས་ལུགས་སློབ་དཔོན་ཟུར་པ་ཞིག་གིས་ཀྱང་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་དེའི་ཁྲིམས་ཡིག་དོན་ཚན་༢༣་པ་ལག་ལེན་བསྟར་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད་ཅེས་ཝང་ཀྲེན་མཱིན་གྱི་ལྟ་ཚུལ་དང་མཐུན་པའི་གླེང་སློང་བྱས་འདུག ཁོང་གིས་ཧོང་ཀོང་བ་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྩིས་སྤྲོད་བཅའ་ཁྲིམས་ནི་གཙོ་ཆེ་བ་མི་མང་དཀྱུས་མ་ཚོར་ཐད་ཀར་འབྲེལ་བ་ཡོད་པ་དང་ཁྲིམས་ཡིག་དོན་ཚན་༢༣་པ་ནི་མི་མང་ལ་ཐད་ཀར་འབྲེལ་བ་ཆགས་ཀྱི་མི་འདུག ཧོང་ཀོང་ལ་རྩིས་སྤྲོད་བཅའ་ཁྲིམས་གཏན་འབེབས་བྱས་མ་ཐུབ་ཀྱང་ཁྲིམས་ཡིག་དོན་ཚན་༢༣་པ་ལག་ལེན་བསྟར་མི་ཐུབ་པའི་ངེས་པ་མེད་ཅེས་བཤད། ཝང་ཀྲེན་མཱིན་གྱིས་ཧོང་ཀོང་ལ་རྟག་ཏུ་ཞི་བའི་ངོ་རྒོལ་འབྱུང་གི་ཡོད། ད་ལོ་དྲག་ཟིང་ལངས་པ་འདི་རྣམས་སྔོན་ཆད་མཐོང་ཐོས་དཀོན་པ་ཞིག་རེད་ཅེས་བཤད། གསར་འགོད་པས་ཝང་ཀྲེན་མཱིན་ལ་ཧོང་ཀོང་ས་གནས་གཞུང་གིས་བཅའ་ཁྲིམས་གཏན་འབེབས་དང་ལག་ལེན་བསྟར་མ་ཐུབ་ན་རྒྱ་ནག་དབུས་གཞུང་གིས་ཅི་ཞིག་བྱ་རྒྱུ་རེད་དམ་ཞེས་དྲིས། ཁོང་གིས་གསར་འགོད་པའི་དྲི་བར་ཐད་ཀར་ལན་མ་བཏབ་པར་ཧོང་ཀོང་ནི་ནད་པ་ལྟར་གྱུར་ཡོད་པ་ཀུན་གྱིས་མཐོང་གསལ་རེད། གལ་སྲིད་སུ་གཅིག་གིས་ཀྱང་སྨན་བཅོས་མ་བྱས་ན་ཧོང་ཀོང་ཚར་སོང་བ་རེད་ཅེས་ལན་འདེབས་བྱས་འདུག

XS
SM
MD
LG