ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་དྲྭ་ལམ་དུ་རྒྱ་གར་ལ་ནད་དུག་ཁྱབ་བཞིན་པར་འཕྱ་སྨོད།


༄༅།། རྒྱ་ནག་དམར་ཤོག་ཚོགས་པར་འབྲེལ་བ་ཡོད་པའི་ཝེ་པོ་དྲྭ་ཚིགས་སུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཐེངས་གཉིས་པ་ཁྱབ་སྟེ་མི་མང་འབུམ་ཕྲག་མང་པོར་ནད་མནར་དང་མི་སྟོང་ཕྲག་མང་པོར་འཆི་སྐྱོན་འབྱུང་གི་ཡོད་པར་འཕྱ་སྨོད་ཀྱི་མཆན་འགྲེལ་བྲིས། ཝེ་པོ་དྲྭ་ཚིགས་སུ་རྒྱ་ནག་གིས་བར་སྣང་ཁམས་སུ་མེ་ཤུགས་འཕུར་མདེལ་བཏང་ནས་མེ་འབར་གྱི་ཡོད་པ་ཞིག་དང་རྒྱ་གར་གྱི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་གིས་འདས་གྲངས་སུ་གྱུར་པའི་མིའི་བེམ་པོ་རྣམས་མེར་སྲེག་གཏོང་གི་ཡོད་པའི་འདྲ་པར་གཉིས་མཉམ་དུ་བཀོད། དེའི་འོག་ཏུ་རྒྱ་ནག་གིས་མེ་སྦར་བ་དང་རྒྱ་གར་གྱིས་མེ་སྦར་གཉིས་འདྲ་ས་མེད། རྒྱ་གར་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་མིའི་གྲངས་འབོར་༤༠༠༠༠༠་ཟིན་གྱི་འདུག་ཅེས་རྒྱ་ནག་གིས་མེ་སྦར་བ་ནི་ཚན་རིག་ལག་རྩལ་ཡར་རྒྱས་ཕྱིན་ཏེ་བར་སྣང་ཁམས་སུ་མེ་ཤུགས་འཕེལ་བཏང་ནས་མེ་འབར་བ་རེད། རྒྱ་གར་གྱིས་མེ་སྦར་བ་ནི་ཏོག་དབྱིབས་ནད་དུག་གིས་མི་ཤི་བའི་ཕུང་པོ་རྣམས་མེར་སྲེག་གཏོང་གི་ཡོད་པ་རེད་ཅེས་བཀྲལ་ནས་རྒྱ་གར་ལ་ནད་ཡམས་ཀྱི་དཀའ་ངལ་ཆེས་ཆེར་འཕྲད་བཞིན་པའི་སྐབས་འདིར་འཕྱ་སྨོད་བྱས་ཤིང་། དེར་བརྟེན་རྒྱ་ནག་དམར་ཤོག་ཚོགས་པར་འབྲེལ་བ་ཡོད་པའི་ཝེ་པོ་དྲྭ་ཚིགས་སུ་བཀོད་པའི་མཆན་འགྲེལ་དེར་རྒྱལ་སྤྱིའི་ཐོག་ཏུ་ཁ་རྡུང་དྲག་པོ་ཕོག རྒྱལ་སྤྱིའི་ཁ་རྡུང་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཝེ་པོ་དྲྭ་ཚིགས་སུ་རྒྱ་གར་ལ་ཁྱད་གསོད་ཀྱི་མཆན་འགྲེལ་བཀོད་པ་རྣམས་ནག་སུབ་བྱེད་དུ་བཅུག དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ལ་འཕྱ་སྨོད་ཀྱི་མཆན་འགྲེལ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་དང་ཁྲིམས་ལུགས་ལྷན་ཁང་གིས་ཝེ་པོ་དྲྭ་ལམ་དུ་སྤེལ་འདུག རྒྱ་གཞུང་གི་ཁྲིམས་ལུགས་ལག་བསྟར་ལྷན་ཁང་གི་དྲྭ་ཚིགས་དེར་རྗེས་འབྲང་བ་ས་ཡ་མང་པོ་འདུག་ཅེས་བསྒྲགས།།

༢༠༡༩་ཡི་ལོ་མཇུག་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་ཁྱབ་ཀྱང་རྒྱ་ནག་གཞུང་གིས་དུས་ཡུན་བདུན་ཕྲག་གཅིག་ལྷག་ལ་སྦས་གསང་བྱས། མཐར་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་དུག་འཛམ་གླིང་ཡོངས་ལ་ཁྱབ་སྟེ་མི་གྲངས་དུང་ཕྱུར་༡་དང་ཕྱེད་ཀ་ལྷག་ལ་ནད་དུག་འགོས། མི་གྲངས་ས་ཡ་༣་དང་འབུམ་༢་ལྷག་ལ་འཆི་སྐྱོན་བྱུང་བ་དང་ད་དུང་ཡང་རྒྱ་གར་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ། ཏུར་ཀི་སོགས་རྒྱལ་ཁབ་མང་དག་ཅིག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཚབས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ད་ལྟའི་བར་དུ་རྒྱ་གར་གཅིག་པུར་མི་གྲངས་ས་ཡ་༢༠་ལྷག་ལ་ནད་དུག་འགོས་པ་དང་མི་འབུམ་༢་ཁྲི་ཚོ་༢་ལྷག་ལ་འཆི་སྐྱོན་བྱུང་བ། འདས་པའི་ཉིན་༡༢་ཀྱི་རིང་དེར་རྒྱ་གར་རྒྱལ་ཡོངས་སུ་ཆ་མཉམ་ཉི་མ་རེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་འབུམ་ཕྲག་༣་རེ་བྱུང་། འཛམ་གླིང་རྒྱལ་ཁབ་༥༠་ཡས་མས་ཤིག་གིས་རྒྱ་གར་ལ་སྨན་དང་འཚོ་རླུང་། ནད་བརྟག་འཕྲུལ་ཆས་དང་དབུགས་གཏོང་འཕྲུལ་ཆས་སོགས་རོགས་རམ་སྤྲད། ལྷག་པར་དུ་ཨ་མི་རི་ཀས་རྒྱ་གར་ལ་ཨ་སྒོར་དུང་ཕྱུར་གཅིག་གིས་རོགས་སྐྱོར་བྱས་ནས་སྨན་ཁབ་དང་སྨན་ཁབ་བཟོ་སྤྱད་ཀྱི་རྒྱུ་ཆ་རྣམས་རྒྱ་གར་ལ་མཁོ་སྤྲོད་བྱས་ནས་རྒྱབ་སྐྱོར་ཀྱི་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་འགྱེལ་བའི་སྟེང་དུ་རྡོག་བརྫིས་ཞེས་པའི་དཔེ་ལྟར་རྒྱ་གར་ལ་དཀའ་ངལ་ཆེ་བའི་དུས་འདིར་ཁྱད་གསོད་དང་འཕྱོ་སྨོད། རྒྱ་གར་གཞུང་དམངས་གཉིས་ཀྱི་ཞེ་ལ་ཕོག་གང་ཐུབ་ཀྱི་སྤྱོད་པ་ངན་པ་ཞིག་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་བའི་དུས་ཆེན་སྐབས་སུ་རྒྱ་ནག་གཞུང་གིས་བདུན་ཕྲག་གཅིག་ལ་གུང་སེང་བཏང་སྟེ་མི་སྟོང་ཕྲག་མང་པོ་རྒྱ་ནག་ལྕགས་རིའི་སྟེང་དུ་ལྟད་མོར་འགྲོ་བའི་འདྲ་པར་བཀྲམ། རྒྱ་ནག་གི་མེ་ཤུགས་འཕུར་མདེལ་གྱི་འཁྲིས་སུ་རྒྱ་གར་གྱིས་བེམ་པོ་སྲེག་གི་ཡོད་པའི་འདྲ་པར་ཞིག་བཀོད་པ་ནི་ཧ་ཅང་གི་ཐ་ཤལ་དང་མ་རབས་ཀྱི་སྤྱོད་པ་ཞིག་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པར་མ་ཟད། དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་གནས་འཁོད་གསར་འགོད་པ་མེང་ཡུའི་ཏུང་ཞེས་པ་ཞིག་གིས་རྒྱ་ནག་གི་ཝེ་པོ་དྲྭ་ཚིགས་སུ་འདྲ་པར་དང་མཆན་འགྲེལ་དེ་འདྲ་ཞིག་སྤེལ་དུ་བཅུག་པར་ང་ཧང་སང་སོང་། དེང་སྐབས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་དཀའ་ངལ་འཕྲད་བཞིན་པར་འཕྱ་སྨོད་བྱས་པ་ནི་ཡག་པོ་ཞིག་མ་རེད་བསམ་གྱི་འདུག་ཅེས་བྲིས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཉམས་ཞིབ་པ་ཝང་ཡ་ཆུས་ཀྱང་ཝེ་པོ་དྲྭ་ཚིགས་སུ་འདྲ་པར་དང་མཆན་འགྲེལ་དེ་འདྲ་ཞིག་འགོད་དུ་བཅུག་པ་ནི་ཡིད་མི་ཆེས་པ་ཞིག་རེད་ཅེས་འཕྲིན་ཐུང་ཞིག་སྤེལ། རྒྱ་ནག་གི་ཐེན་ཅིན་གྲོང་ཁྱེར་སོགས་ས་གནས་ཁག་ཅིག་གི་ཉེན་རྟོག་ལས་ཁུངས་ཁག་དང་ཁྲིམས་ཁང་ཁག་གིས་རྒྱ་ནག་གིས་ཝེ་པོ་དྲྭ་ཚུགས་སུ་བཀོད་པའི་འདྲ་པར་དང་མཆན་འགྲེལ་རྣམས་བརྒྱུད་བསྐུར་བྱས་འདུག ན་ནིང་ཕྱི་ཟླ་༦་པ་ནས་རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་སོང་། རྒྱ་དཀར་ནག་གི་མི་དམངས་གཉིས་ཀས་མི་རིགས་རིང་ལུགས་ཀྱི་ལ་ཞེན་བཅངས་ནས་ཕན་ཚུན་དགའ་མོས་མེད་མོད། འོན་ཀྱང་རྒྱ་ནག་གི་དྲྭ་དམངས་མང་དག་ཅིག་གིས་གཞུང་གི་དྲྭ་ཚིགས་སུ་མཆན་འགྲེལ་དེ་འདྲ་ཞིག་འགོད་དུ་བཅུག་པ་ནི་ཧང་སང་དགོས་པ་ཞིག་རེད། ང་ཚོས་ཅིའི་ཕྱིར་གཞན་གྱི་སྡུག་བསྔལ་ལ་ཁྱད་གསོད་བྱས་ནས་རང་གི་སྤོབས་ཉམས་ངོམ་དགོས་པ་རེད་ཅེས་བྲིས། མཆན་འགོད་པ་གཞན་ཞིག་གིས་གསར་འགྱུར་ཞིབ་བཤེར་པ་ཚོས་མཆན་འགྲེལ་དེ་ཅིའི་ཕྱིར་དྲྭ་ལམ་ལ་འགོད་དུ་བཅུག་པ་རེད། འདི་ནི་འགྲོ་བ་མིའི་ཚེ་སྲོག་ལ་བརྩི་མཐོང་གཏན་ནས་མ་བྱས་པ་ཞིག་རེད་ཅེས་བྲིས་། མི་གཞན་ཞིག་གིས་མཆན་འགྲེལ་དེ་ཧ་ཅང་གི་འོས་འཚམས་མིན་པ་དང་རྒྱ་ནག་གིས་ངེས་པར་དུ་རྒྱ་གར་ལ་གདུང་སེམས་མཉམ་སྐྱེད་བྱ་དགོས་ཞེས་བྲིས།།

རྒྱ་ནག་གི་གོ་ལའི་དུས་བབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧུ་ཞིས་ཅིན་གྱིས་མི་ཆོས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་རྒྱ་གར་མི་དམངས་ལ་གདུང་སེམས་མཉམ་སྐྱེད་བྱ་དགོས་ཞེས་རྒྱ་ནག་གི་སྤྱི་ཚོགས་དང་ཀུན་སྤྱོད་གཉིས་ཁྱད་དུ་འཕགས་པ་ཞིག་ཡིན་པའི་རྣམ་པ་བསྟན། རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་རྒྱ་གར་གྱི་སྲིད་བློན་མོ་དྷི་ལ་འཕྲིན་ཡིག་ཅིག་བསྐུར་ནས་རྒྱ་གར་གཞུང་དམངས་གཉིས་ཀར་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་དཀའ་ངལ་འཕྲད་ཡོད་པར་སེམས་གསོ། རྒྱ་ནག་གིས་རྒྱ་གར་ལ་མཉམ་འབྲེལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་དགོས་ངེས་ཀྱི་རོགས་སྐྱོར་འཕར་མ་སྤྲོད་ཆོག་ཅེས་བཀོད། ཡིན་ནའང་ཕྱི་ཉིན་དེར་རྒྱ་ནག་གི་ཝེ་པོ་དྲྭ་ཚིགས་སུ་རྒྱ་གར་ལ་ཁྱད་གསོད་ཀྱི་མཆན་འགྲེལ་བཀོད་པས་ཞིས་ཅིན་ཕིང་གིས་སྲིད་བློན་མོ་དྷིར་སེམས་གསོའི་འཕྲིན་ཡིག་བསྐུར་པ་དང་དམར་ཤོག་ཚོགས་པའི་དྲྭ་ཚིགས་སུ་རྒྱ་གར་ལ་འཕྱ་སྨོད་ཀྱི་མཆན་འགྲེལ་བཀོད་པ་གཉིས་གོ་ལྡོག་ཏུ་གྱུར། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་དཀའ་ངལ་ཆེ་བའི་དུས་འདིར་རྒྱ་ནག་མི་དམངས་དང་རྒྱ་ནག་སྲིད་གཞུང་གིས་རྒྱ་གར་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པར་དོ་སྣང་བྱེད་ཐུབ་པའི་རེ་བ་ཡོད་ཅེས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་ལྟ་སྟངས་ཧ་ཅང་ངན་པོ་ཞིག་འབྱུང་གི་ཡོད་པ་སྒྱུར་ཐབས་སུ་འབད།།

རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་གྱི་གསར་འགོད་པས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པར་ཝེ་པོ་དྲྭ་ཚིགས་སུ་རྒྱ་གར་ལ་ཁྱད་གསོད་ཀྱི་མཆན་འགྲེལ་བཀོད་དགོས་དོན་ཅི་ཡིན་ཞེས་དྲིས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཁྱོད་ཀྱིས་གླེང་བའི་ཝེ་པོ་དྲྭ་ཚིགས་ཀྱི་འདྲ་པར་དེ་དྲྭ་ལམ་དུ་རྙེད་ཀྱི་མི་འདུག ང་ཚོས་ནན་བརྗོད་བྱ་དགོས་པ་ཞིག་ནི་རྒྱ་གར་ལ་ནད་ཡམས་ཁྱབ་བཞིན་པར་རྒྱ་ནག་གིས་དོ་སྣང་བྱེད་ཀྱི་ཡོད། རྒྱ་ནག་གིས་གང་ཐུབ་ཀྱིས་རྒྱ་གར་ལ་རོགས་སྐྱོར་བྱེད་ཀྱི་ཡོད་པ་དང་མ་འོངས་པའི་ཉིན་ཤས་རྗེས་སུ་ནད་ཡོམས་བཀག་སྡོམ་ལ་མཁོ་པའི་མཐུན་རྐྱེན་མང་ཙམ་རྒྱ་ནག་གིས་རྒྱ་གར་ལ་གཏོང་འཆར་ཡོད། གཞུང་འབྲེལ་མ་ཡིན་པའི་བརྒྱུད་ལམ་ཁག་ནས་རྒྱ་གར་ལ་ཞལ་འདེབས་དང་རོགས་སྐྱོར་ཆེན་པོ་བྱས་ཡོད། རོགས་སྐྱོར་འདི་དག་གིས་རྒྱ་ནག་གཞུང་དང་མི་དམངས་ཀྱིས་རྒྱ་གར་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པ་མཚོན་ཐུབ་ཅེས་ལན་བཏབ། རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་རྒྱ་གར་ལ་ཁྱད་གསོད་དང་འཕྱ་སྨོད་བྱས་པ་ཐེངས་དང་པོ་མིན་ཞིང་། ༢༠༡༧་ལོར་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་བོད་ཀྱི་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་སུ་རྒྱ་གར་དང་རྒྱ་ནག་གི་དམག་མི་རྣམས་གདོང་ཐུག་བྱུང་། རྒྱ་གར་གྱི་སིག་རྒྱ་བོ་དམག་མི་ཞིག་གིས་དབྱིན་སྐད་བཤད་སྟངས་དང་བྱད་གཟུགས་ཀྱི་རྣམ་འགྱུར་སོགས་ལ་འཕྱ་སྨོད་བྱས་པ་དང་རྒྱ་གར་གྱི་སྡིག་ཉེས་༧་བསགས་ཡོད། ད་ནི་རྒྱ་གར་གྱིས་རང་གི་སྡིག་ཉེས་༧་ངོས་ལེན་བྱེད་པའི་དུས་ལ་བབས་ཡོད་ཅེས་དབྱིན་ཡིག་ཏུ་བྲིས་ནས་དུས་ཡུན་སྐར་མ་གསུམ་གྱི་བརྙན་འཕྲིན་ཞིག་ཀྱང་བཀྲམ་མྱོང་ཡོད་པ་རེད།།

XS
SM
MD
LG