ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་ལ་དམ་དྲག 


༄༅།། རྒྱ་ནག་གཞུང་གིས་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་ཁེ་ལས་སྒྲིག་འཛུགས་མིན་པའི་ཐོ་འགོད་བྱ་དགོས་ཞེས་སྒྲིག་ཁྲིམས་གསར་པ་ཞིག་གཏན་ལ་ཕབ། ཕྱི་ཟླ་༧་པའི་ཚེས་༢༦་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་གི་མ་རྐང་རྣམས་ཁྲོམ་རའི་ནང་དུ་བཙོངས་ཏེ་ཁེ་ལས་དེ་དག་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་ཐུབ་པ་ཞིག་ཏུ་གྱུར། གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གིས་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་འཛུགས་ཆོག་པའི་ཆོག་མཆན་གསར་པ་འགོད་རྒྱུ་མིན། སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་བཙུགས་ཟིན་པ་རྣམས་ཁེ་ལས་སྒྲིག་འཛུགས་མིན་པའི་ཐོ་འགོད་བྱ་དགོས། དེའི་རྒྱུ་མཚན་ནི་སློབ་ཁྲིད་ཀྱི་ལས་རིགས་དེ་མ་རྩ་འཛུགས་འཇོག་གི་ཚོང་ལས་ཀྱིས་ཁ་ལོ་སྒྱུར་གྱི་འདུག་ཅེས་རྒྱུ་མཚན་བགྲངས། ༢༠༡༨་ལོར་རྒྱ་ནག་གི་སྒེར་གཉེར་ཤེས་ཡོན་སློབ་གསོའི་ལས་རིགས་དེ་ཉིད་ཨ་སྒོར་ཐེར་འབུམ་༢༦༠་ཐམ་པའི་ཚོང་ལས་ཤིག་ཡིན་ཞིང་། རྒྱ་ནག་གི་སྔོན་འགྲོའི་སློབ་གྲྭ་ནས་སློབ་ཆེན་བར་དུ་འགྲན་སྡུར་ཆེ་དྲགས་ཏེ་ཕ་མ་ཚོས་ལོ་ལྟར་ཨ་སྒོར་ཁྲི་ཚོ་མང་པོ་འགྲོ་གྲོན་བཏང་ནས་རང་གི་བུ་ཕྲུག་ལ་སློབ་གྲྭ་གྲོལ་བའི་རྗེས་སུ་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་ཏུ་སློབ་སྦྱོང་འཐོལ་པ་སྤྲོད་ཀྱི་ཡོད་པ་རེད།།

རྒྱ་ནག་གཞུང་གིས་སློབ་ཕྲུག་དང་ཕ་མ། དགེ་རྒན་བཅས་ལ་གནོན་ཤུགས་ཆུང་དུ་གཏོང་ཐབས་སུ་གཟའ་མཇུག་དང་གུང་སེང་གི་དུས་སུ་ཕྲུ་གུ་ཚོར་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་ཏུ་སློབ་ཁྲིད་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་ཀྱང་ཨ་སྒོར་ཐེར་འབུམ་མང་པོའི་ཚོང་ལས་དེར་གནོད་སྐྱོན་ཆེན་པོ་ཞིག་ཕོག ཧོང་ཀོང་གི་ཁྲོམ་རའི་ནང་དུ་རྒྱ་ནག་གི་ཤར་ཕྱོགས་ཤེས་ཡོན་སློབ་གྲྭ་གསར་པ་དང་འཕྲུལ་རིག་ཚན་ཁག་གི་མ་རྐང་བརྒྱ་ཆ་༤༠་ཐམ་པ་ཆག རྒྱ་ནག་གི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་གིས་ཨ་རིའི་ཁྲོམ་རའི་ནང་དུ་མ་རྩ་བཙུགས་ཡོད་པ་དེ་དག་གི་མ་རྐང་བརྒྱ་ཆ་༥༤་ཆག བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་གི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་དེ་དག་གི་མ་རྐང་བརྒྱ་ཆ་༤༡་ཆག རྒྱ་ནག་གི་ཀུ་སློབ་འཕྲུལ་རིག་མ་རྩ་ཚད་ཡོད་བཟོ་ཚོང་ཁང་གི་མ་རྐང་བརྒྱ་ཆ་༣༥་ཆག་པ་དང་རྒྱ་ནག་གི་གཡའ་ཤིང་ལོ་མའི་ཤེས་ཡོན་སློབ་གསོའི་ལམ་ལུགས་བཟོ་ཚོང་ཁང་གི་མ་རྐང་བརྒྱ་ཆ་༡༦་ཆག ཨ་རིའི་ནེའུ་ཡོཀ་མ་རྐང་ཁྲོམ་རར་མ་རྩ་བཙུགས་ཡོད་པའི་ཊལ་ཤེས་ཡོན་སྡེ་ཚོགས་ཀྱི་མ་རྐང་བརྒྱ་ཆ་༧༡་ཆག ཨ་རིའི་ཇཱེ་ཕི་མོར་གྷན་དངུལ་ཁང་གིས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་སྒྲིག་ཁྲིམས་གསར་པ་དེ་དག་གིས་མ་རྐང་ཁྲོམ་རར་མ་རྩ་བཙུགས་ཡོད་པའི་ཤེས་ཡོན་སློབ་གསོའི་ཚོང་ལས་ཁག་མ་རྩ་བརྡིབ་ཏུ་འཇུག་རྒྱུའི་ཉེན་ཁ་ཆེ། རྒྱ་ནག་གི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་དེ་དག་གིས་བཅོས་སྒྲིག་ཅི་ཙམ་བྱ་དགོས་མིན་གསལ་པོ་མི་འདུག ང་ཚོས་བལྟས་ནས་རྒྱ་ནག་གི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་ཕོད་པ་ཞིག་མ་རེད་ཅེས་དཔྱད་ཞིབ་ཀྱི་གནས་ཚུལ་ཞིག་སྤེལ་འདུག

ནུབ་ཕྱོགས་ཀྱི་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་ལ་དམ་དྲག་བྱེད་ཀྱི་ཡོད་པ་ནི་རྒྱ་ནག་གི་སྒེར་གཉེར་འཁྲུལ་རིག་དང་བཟོ་ཚོང་ལས་ཁང་ཆེ་ཁག་ལ་དམ་དྲག་བྱེད་ཀྱི་ཡོད་པ་དང་གཅིག་མཚུངས་རེད། རྒྱ་ནག་གཞུང་གིས་སྒེར་གཉེར་བཟོ་ཚོང་ལས་ཁང་ཁག་ལ་ཨ་སྒོར་དུང་ཕྱུར་མང་པོའི་ཉེས་ཆད་ལྕི་མོ་བཅད་ནས་བཟོ་ཚོང་ལས་ཁང་དེ་རྣམས་སྲིད་གཞུང་གིས་ཁེར་སྡོམ་བྱེད་ཀྱིས་འདུག ད་ནས་རྒྱ་ནག་གི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་ཀྱང་སྲིད་གཞུང་གི་ཁེར་སྡོམ་འོག་ཏུ་འཇུག་ཐབས་བྱེད་ཀྱི་འདུག་ཅེས་བསྟན། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་གིས་སློབ་ཕྲུག་ཚོར་སློབ་ཚན་འཁྲིད་རྒྱུ་མང་དྲགས་པ་དང་རང་སྦྱོང་མང་དྲགས་པ། སློབ་ཡོན་མཐོ་དྲགས་ནས་སྲིད་གཞུང་གིས་དེ་ལ་བརྟག་དཔྱད་བྱ་རྒྱུ་འགོ་ཚུགས། རྒྱ་ནག་གི་ན་གཞོན་བཟའ་ཚང་ཚོར་ཕྲུ་གུ་སྐྱེ་འདོད་མེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་བུ་ཕྲུག་གི་ཤེས་ཡོན་སློབ་གསོའི་འགྲོ་གྲོན་ཆེ་དྲགས་ཏེ་བུ་ཕྲུག་གསོ་ཐུབ་ཀྱི་མི་འདུག་ཅེས་བཤད། ད་ལོ་ནས་རྒྱ་ནག་གཞུང་གིས་བཟའ་ཚང་རེར་ཕྲུ་གུ་གསུམ་རེ་སྐྱེ་ཆོག་པའི་ཐག་གཅོད་བྱས་ཀྱང་ཕྲུ་གུ་མང་བ་སྐྱེ་འདོད་ཡོད་པའི་ཕ་མ་ཧ་ཅང་ཉུང་ཉུང་ཡིན་ཞིང་། ཨ་རིའི་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གི་ཉམས་ཞིབ་པ་ཁེ་སི་ཊི་རོ་པཱང་གིས་རྒྱ་ནག་གཞུང་གིས་སྒྲིག་ཁྲིམས་གསར་པ་ཞིག་གཏན་ལ་ཕབ་ནས་རྒྱ་ནག་གི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་གི་མ་རྐང་རྣམས་བཙོངས་ཏེ་ཁེ་སང་མེད་པར་འགྱུར་གྱི་འདུག འདས་པའི་ལོ་ཤས་རིང་རྒྱ་ནག་གི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་མ་རྩ་བཙུགས་ནས་ཚོང་ལས་གཉེར་ས་ཡག་པོ་ཞིག་རེད། ད་ནས་མ་རྩ་འཛུགས་མཁན་ཚོས་རྒྱ་ནག་གི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་ལ་མ་རྩ་བཙུགས་ནས་སྔར་བཞིན་ཚོང་ལས་གཉེར་ཐུབ་རྒྱུ་ཡིན་མིན་ངེས་གཏན་མི་འདུག་ཅེས་བསྟན།།

སྤོས་ཤེལ་རིའི་མ་རྩ་ཚད་ཡོད་བཟོ་ཚོང་ཁང་གི་ཉམས་ཞིབ་པ་ཇཱེཀ་སན་ཝང་གིས་རྒྱ་ནག་གཞུང་གིས་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་གི་ཚོང་ལས་ལ་དམ་དྲག་བྱ་རྒྱུ་རེད་བསམས་མ་སོང་། དམ་དྲག་དེས་རྒྱ་ནག་གི་མ་རྐང་ཁྲོམ་རར་ཕྱོགས་ཡོངས་ནས་ཤུགས་རྐྱེན་ངན་པ་ཞིག་ཐེབས་སོང་ཞེས་བཀྲལ། གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གིས་གསལ་བསྒྲགས་སྤེལ་བའི་སྒྲིག་ཁྲིམས་གསར་པ་དེར་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་འཛུགས་མཁན་བཟོ་ཚོང་ལས་ཁང་ཁག་ལ་ཕྱི་རྒྱལ་ནས་མ་རྩ་འཛུགས་མི་ཆོག ཕྱི་རྒྱལ་གྱི་མ་རྩ་བཙུགས་ཡོད་པའི་བཟོ་ཚོང་ལས་ཁང་རྣམས་ཕྱི་རྒྱལ་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གི་གྲས་སུ་བརྩི་རྒྱུ་ཡིན། སྒྲིག་ཁྲིམས་དེར་འགལ་འཛོལ་བྱུང་ཡོད་པའི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་གིས་འཕྲལ་དུ་བཅོས་སྒྲིག་གི་གོམ་སྟབས་སྤོ་དགོས་ཞེས་བསྒྲགས། ཉམས་ཞིབ་པ་ཚོས་རྒྱ་ནག་གི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་གིས་རང་གི་སློབ་ཚན་ལ་འགྱུར་བ་གཏོང་དགོས་པ་དང་ཚོང་ལས་ཀྱི་ཁ་ཕྱོགས་མྱུར་དུ་བསྒྱུར་དགོས་ཀྱི་འདུག ད་ལྟ་རྒྱ་ནག་གཞུང་གིས་གསལ་བསྒྲགས་སྤེལ་བ་རྣམས་འགོ་བཙུགས་པ་ཞིག་ཡིན་སྲིད། དེའི་རྗེས་སུ་དམ་དྲག་གི་སྒྲིག་ཁྲིམས་ཧ་ཅང་མང་པོ་ཞིག་མུ་མཐུད་དུ་གསལ་བསྒྲགས་སྤེལ་སྲིད་ཅེས་ཉེན་བརྡ་བཏང་འདུག

རྒྱ་ནག་གི་ཚེ་ཤིན་ནོར་སྲིད་གསར་འགྱུར་དྲྭ་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་པེ་ཅིང་དང་ཧྲང་ཧེ། གཞན་ཡང་དེ་མིན་གྱི་གྲོང་ཁྱེར་ཁག་ནས་མགོ་བརྩམས་ཏེ་རྒྱ་ནག་རྒྱལ་ཡོངས་ཀྱི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་ལ་དམ་དྲག་བྱེད་འགོ་ཚུགས་ཟིན་འདུག རྒྱ་ནག་གི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་གིས་ཕྱི་རྒྱལ་གྱི་ཁྲོམ་རའི་ནང་དུ་མ་རྩ་བཙུགས་ནས་ཁེ་སང་ལེན་མི་ཆོག ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་ཆོག་གི་མི་འདུག་ཅེས་གནས་ཚུལ་སྤེལ། རྒྱ་ནག་གཞུང་གིས་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་གིས་ཨ་མི་རི་ཀ་དང་ཡུ་རོབ། ཨོ་གླིང་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སློབ་ཆེན་ཁག་གི་སློབ་ཚན་རྣམས་སློབ་ཁྲིད། ཕྱིས་སུ་རྒྱ་ནག་གི་སློབ་ཕྲུག་དེ་རྣམས་ཕྱི་རྒྱལ་གྱི་སློབ་ཆེན་ཁག་འགྲིམ་པའི་དུས་སུ་དཀའ་ངལ་མེད་པ་དང་རྒྱལ་གྱི་སློབ་ཆེན་ཁག་ལ་རྒྱུགས་འཕྲོད་ཐུབ་པའི་ཆེད་དུ་ཡིན་པར་མ་ཟད། རྒྱ་ནག་གི་ཕ་མ་ཚོས་ཀྱང་ཨ་སྒོར་ས་ཡ་མང་པོ་འགྲོ་གྲོན་བཏང་ནས་རང་གི་བུ་ཕྲུག་རྣམས་ཕྱི་རྒྱལ་གྱི་སློབ་ཆེན་ཁག་ལ་ཚུད་ཐབས་སུ་འབད། པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་གི་སློབ་ཕྲུག་ཚོར་དམར་ཤོག་གི་ལྟ་གྲུབ་སློབ་ཁྲིད་བྱ་རྒྱུ། སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་བརྒྱུད་ནས་རྒྱ་ནག་ལ་ནུབ་ཕྱོགས་ཀྱི་དམངས་གཙོ་དང་རང་དབང་གི་ལྟ་གྲུབ་རྣམས་ཁྱབ་སྤེལ་གཏོང་གི་ཡོད་པའི་དོགས་པ་བྱས་ནས་སྔོན་འགོག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG