ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བོད་ལ་གཏོང་འཆར།


༄༅།། ཕྱི་ལོ་༢༠༡༢་ཀྱི་ཟླ་བ་༦་ནང་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་བོད་པ་ན་གཞོན་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་བཟུང་། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བཀག་པ་དང་། ལོ་མང་གོང་ནས་ལྷ་སར་ཚོང་ལས་གཉེར་བཞིན་པའི་མདོ་ཁམས་རྣམས་ཀྱང་རང་གི་ས་གནས་སོ་སོར་ཕྱིར་སློག་བྱས་ཏེ། འདས་པའི་ལོ་ངོ་གཅིག་ཡས་མས་ཤིག་གི་རིང་དུ་མདོ་ཁམས་ཕྱོགས་ཀྱི་བོད་པ་ཚོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་རང་སྐྱོང་ལྗོངས་ལ་ཡོང་མི་ཆོག་པའི་བཀག་འགོག་བྱས་ཀྱང་། ད་ལྟ་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་རང་སྐྱོང་ལྗོངས་ལ་ཡོང་ཆོག་པའི་ཐག་གཅོད་བྱས་ཤིང་། རྒྱ་མི་རིགས་ཀྱིས་གཉེར་པའི་ལྷ་སའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཁག་གིས་རྒྱ་གཞུང་གི་ཐག་གཅོད་དེར་དགའ་བསུ་ཞུས་ཡོད་པ་རེད། དབྱིན་ཇིའི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་ཞིག་གི་རྒྱ་ནག་ཉམས་ཞིབ་པ་ཧེ་དྷར་ཆན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ད་སྔ་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་རང་སྐྱོང་ལྗོངས་ལ་སྡོད་ཆོག་པའི་ཐོངས་མཆན་གྱི་དུས་ཡུན་དང་། ཕྱི་རྒྱལ་གྱི་འགྲུལ་པ་ཚོས་བོད་རང་སྐྱོང་ལྗོངས་སུ་བརྩི་སྲུང་བྱེད་དགོས་པའི་སྒྲིག་ཁྲིམས་གསར་པ་ཅི་ཡིན་གསལ་བསྒྲགས་བྱས་མེད་རུང་། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་རང་སྐྱོང་ལྗོངས་ལ་ཡོང་ཆོག་པའི་ཐག་གཅོད་བྱས་པ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད། བོད་ལ་ལྟ་སྐོར་དུ་འགྲོ་འདོད་ཡོད་པའི་ཕྱི་རྒྱལ་བ་ཧ་ཅང་མང་པོ་ཡོད་པས། རྒྱ་ནག་གཞུང་གིས་ཕྱི་རྒྱལ་བ་ཚོ་བོད་རང་སྐྱོང་ལྗོངས་ལ་ཡོང་མི་ཆོག་པའི་བཀག་འགོག་བྱས་པ་བློ་ཕམ་གྱི་གནས་ཚུལ་ཞིག་རེད་ཅེས་བཤད་འདུག་ཅིང་། རྒྱ་ནག་གཞུང་གིས་རྟག་ཏུ་ཕྱི་ཟླ་༣་ཚེས་༡༠་སྟེ། ༡༩༥༩་ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་མང་གིས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་གྱེན་ལངས་བྱས་པའི་གསུམ་བཅུའི་དུས་དྲན་དང་། ཡང་༢༠༠༨་ལོར་མདོ་དབུས་ཁམས་གསུམ་གྱི་གངས་ཅན་པ་ཚོས་ཕྱོགས་ཡོངས་ནས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ཏེ། བོད་ཀྱི་དེང་རབས་ལོ་རྒྱུས་སུ་ས་བྱིའི་ཞི་རྒོལ་ཆེན་མོར་གྲགས་པའི་དུས་དྲན་གྱི་སྔ་རྗེས་སུ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་རང་སྐྱོང་ལྗོངས་ལ་གཏོང་གི་མེད་པ་དང་། གལ་ཏེ་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་རང་སྐྱོང་ལྗོངས་ལ་བཏང་བའི་དབང་དུ་བཏང་རུང་། ཁོ་ཚོས་རྒྱ་ནག་གཞུང་ལ་བོད་རང་སྐྱོང་ལྗོངས་སུ་བསྐྱོད་ཆོག་པའི་དམིགས་བསལ་གྱི་ཐོངས་མཆན་ཞུ་དགོས་པ་དང་། ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡུལ་སྐོར་ལམ་ཁྲིད་པ་དང་སྐད་སྒྱུར་གྱི་མཉམ་དུ་འགྲོ་དགོས་པས། བོད་རང་སྐྱོང་ལྗོངས་སུ་ཡོང་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་རང་མོས་ཀྱིས་ལྟ་སྐོར་ལ་འགྲོ་ཆོག་པའི་རང་དབང་གང་ཡང་མེད་པ་དང་། ད་དུང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ངེས་པར་དུ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཁག་བརྒྱུད་ནས་བོད་རང་སྐྱོང་ལྗོངས་ལ་ལྟ་སྐོར་དུ་བསྐྱོད་དགོས་པ་རེད། ཕྱི་ཟླ་༤་ཚེས་༡༧་ཉིན་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་ལྷ་ས་ནས་གནས་ཚུལ་སྤེལ་པ་ལྟར་ན། ཕྱི་ལོ་༢༠༡༣་གྱི་མགོ་སྟོད་ཟླ་བ་གསུམ་གྱི་ནང་དུ་བོད་རང་སྐྱོང་ལྗོངས་ལ་ཡུལ་སྐོར་སྤྲོ་འཆམ་པ་བརྒྱ་ཆ་༣༠་ཐམ་པ་དང་གྲངས་ཆུང་༥་མང་དུ་སོང་ཡོད་པ་དང་། དཔེར་ན་ཁ་སྔོན་ཕྱི་ཟླ་༡་ནས་ཕྱི་ཟླ་༣་པ་བར་དུ་བོད་རང་སྐྱོང་ལྗོངས་ལ་ཡུལ་སྐོར་སྤྲོ་འཆམ་པ་༣༥༩༩་ཡོང་སྟེ། བོད་རང་སྐྱོང་ལྗོངས་ལ་མི་དམངས་ཤོག་སྒོར་དུང་ཕྱུར་༣་བརྒལ་པའི་དཔལ་འབྱོར་ཡོང་འབབ་ཐོབ་ཡོད་ཅེས་བཤད་མོད། འོན་ཀྱང་ཡུལ་སྐོར་སྤྲོ་འཆམ་པ་དེ་དག་རྒྱ་ནག་གི་ཞིང་ཆེན་ཁག་ནས་ཡོང་བའི་རྒྱ་མི་རིགས་ཡིན་ཞིང་། རྒྱ་ནག་གཞུང་གིས་ལོ་འདིའི་མགོ་སྟོད་ཟླ་བ་གསུམ་གྱི་རིང་དེར་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་དང་མདོ་ཁམས་ཕྱོགས་ཀྱི་བོད་པ་ཚོ་བོད་རང་སྐྱོང་ལྗོངས་ལ་བཏང་མེད་པ་མ་ཟད། སྔ་ལོ་ལྷ་ལྡ་གཙུག་ལག་ཁང་གི་མདུན་དུ་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱུང་བའི་རྗེས་སུ་ལྷ་ས་དང་གཞིས་ཀ་རྩེ། སྟོད་མངའ་རིས་དང་ཀོང་པོ། བོད་རང་སྐྱོང་ལྗོངས་ཀྱི་ས་གནས་གང་སར་ལོ་མང་རིང་ཚོང་ལས་གཉེར་བཞིན་པའི་མདོ་ཁམས་ཕྱོགས་ཀྱི་བོད་པ་ཚོ་རང་གི་ས་གནས་སོ་སོར་ཕྱིར་སློག་བྱས་ཡོད་པས། ཁོ་ཚོ་བོད་རང་སྐྱོང་ལྗོངས་སུ་སྔར་བཞིན་ཚོང་ལས་གཉེར་མི་ཆོག་གི་ཡོད་མེད་གསལ་བོ་མེད་པ་དང་། དེང་སྐབས་མདོ་ཁམས་ཕྱོགས་ཀྱི་བོད་པ་ཞིག་ལྷ་སར་གནས་སྐོར་ལ་བསྐྱོད་དགོས་ཚེ། ལྷ་སའི་ཡུལ་མི་ལས་བྱེད་པ་ཞིག་གིས་འགན་ལེན་བྱས་པའི་ཡིག་ཆར་ལྷ་སའི་ལས་ཁུངས་འགའ་ཞིག་གིས་ཆོག་མཆན་མེད་པར་ལྷ་སར་འགྲོ་མི་ཆོག་ཅིང་། ལྷ་སའི་ཡུལ་མི་ལས་བྱེད་པ་གང་ཞིག་གིས་འགན་ལེན་མེད་པར་བོད་རང་སྐྱོང་ལྗོངས་ལ་གནས་སྐོར་དུ་སོང་བའི་མདོ་ཁམས་པ་ཚོ་མེ་འཁོར་འབབ་ཚིགས་ནས་འཛིན་བཟུང་བྱས་ཏེ། ཁོ་ཚོ་ཉི་མ་རེ་ཟུང་ལ་ཚལ་གུང་ཐང་གི་བཀག་ཉར་ཁང་དུ་ཉར་འཛིན་བྱས་པའི་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་གོར་མོ་གྲོང་ཁྱེར་བར་དུ་ཕྱིར་སློག་བྱེད་ཀྱི་ཡོད་པ་དང་། དེར་བརྟེན་ཉེ་དུས་ཤིག་ནས་མདོ་ཁམས་ཕྱོགས་ཀྱི་བོད་པ་ཚོའི་ངག་རྒྱུན་ལ་ལྷ་སར་འགྲོ་རྒྱུ་ནི་རྒྱ་གར་ལ་འགྲོ་རྒྱུ་ལས་ཀྱང་དཀའ་ངལ་ཆེ་བ་འདུག་ཅེས་བཤད་སྲོལ་ཞིག་དར་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG