ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གཞུང་གིས་བོད་ཀྱི་རྒྱལ་གཅེས་པའི་བུ་ཕྲུག་རྣམས་མཐོ་རྒྱུཊ་སྤྲད་རྒྱུར་འགོག་རྐྱེན།


རྒྱ་ནག་གཞུང་གིས་བོད་ནང་གི་གཞིས་ལུས་བོད་མི་ཚོའི་བོད་རྒྱའི་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་སྤེལ་མཁན་གྱི་བྱིས་པ་ཚོར་མཐོ་རྒྱུགས་ལ་ཞུགས་མི་ཆོག་པར་བྱས་ནས་དཀའ་ངལ་སྤྲོད་ཀྱི་ཡོད་པའི་སྐོར། མིང་དངོས་སུ་བརྗོད་འདོད་མེད་མཁན་གྱི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན། དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་རིམ་པ་མང་པོ་ཞིག་བྱས་དང་བྱེད་བཞིན་ཡོད་པ་དང་། དམིགས་གསལ་བོད་ནང་གི་མཚོ་སྔོན་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན། ཀན་སུའུ་ཞིང་ཆེན་བོད་ལྗོངས་ལྷ་ས་སོགས་སུ་བོད་ཀྱི་བྱིས་པ་ཚོའི་སློབ་གྲྭ་ཆུང་འབྲིང་ནས་རིམ་བཞིན་སློབ་གྲྭར་འགྲིམས་ཏེ། མཐར་སློབ་གྲྭ་ཆེན་མོར་འགྲོ་ཆེད་མཐོ་རྒྱུགས་ལ་ཞུགས་དགོས་པ་དང་མཐོ་རྒྱུགས་མ་སྤྲད་པའི་སྔོན་ལ་ཆ་རྐྱེན་གསར་པ་ཞིག་རྒྱ་ནག་གཞུང་གིས་བཟོས་ཡོད་པ་དང་། ཆ་རྐྱེན་དེ་ནི་སློབ་མ་སོ་སོའི་ས་གནས་ཀྱི་རྫོང་གཞུང་སྒྲུབ་ལས་ཁུངས་ནས་ངོས་སྦྱོར་ཡི་གེ་ཞིག་ལེན་དགོས་ཀྱིན་ཡོད་ཅིང་། ཡི་གེ་དེ་མེད་པ་ཡིན་ན་མཐོ་རྒྱུགས་ལ་ཞུགས་མི་ཆོག་པ་དེ་འདྲ་རེད་འདུག།

དེར་བརྟེན་མཐོ་རྒྱུུགས་སྤྲོད་མཁན་གྱི་བོད་ཀྱི་བྱིས་པ་ཚོ་ས་གནས་རྫོང་གཞུང་སྒྲུབ་ལས་ཁུངས་ལ་སོང་ནས་ངོས་སྦྱོར་ཡི་གེ་དེ་ལེན་པའི་སྐབས་སུ་ཐོག་མར་དེ་སྔ་ཕྱི་ལོ་ཉིས་སྟོང་བརྒྱད་སོགས་སུ་བོད་རྒྱའི་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་རིགས་སྤེལ་བའི་ནང་མཉམ་ཞུགས་བྱས་ཡོད་མེད་དང་། ཡང་ན་མཐོ་རྒྱུགས་ལ་ཞུགས་མཁན་གྱི་ནང་མི་ཉེ་འབྲེལ་སུ་འདྲ་ཞིག་གིས་ས་བྱི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་སོགས་བྱས་ཡོད་མེད་ལ་གློག་ཀླད་ནང་བརྟག་དཔྱད་བྱེད་ཀྱིན་འདུག།

གལ་སྲིད་མཐོ་རྒྱུགས་ལ་ཞུགས་མཁན་གྱི་བྱིས་པའི་ཉེ་འབྲེལ་སོགས་མི་སུ་འདྲ་ཞིག་ས་བྱི་ཞི་རྒོལ་སོགས་སུ་མཉམ་ཞུགས་བྱས་ཡོད་ཚེ་བྱིས་པ་དེར་ངོས་སྦྱོར་ཡི་གེ་དེ་སྤྲོད་ཀྱི་མི་འདུག། རྫོང་གཞུང་སྒྲུབ་ཁང་ནས་ངོས་སྦྱོར་ཡི་གེ་དེ་མེད་པ་ཡིན་ན་མཐོ་སློབ་ལ་རྒྱུགས་སྤྲོད་མི་ཆོག་པ་དེ་རེད་ཅེས་དང་། བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་གྱི་རིགས་ལ་བོད་ནང་ས་ཆ་ལ་ལར་ཉེས་ཆད་དེ་གཅིག་མཚུངས་རེད་འདུག།

ཡང་ས་ཆ་འགའ་ཤས་ཤིག་ལ་ཉེས་ཆད་གཅོད་བཞིན་པའི་གནས་སྟངས་གཅིག་མཚུངས་རེད་མི་འདུག། གཞི་རྩའི་ཆ་ནས་ཉིས་སྟོང་བརྒྱད་ཀྱི་ལོར་བོད་དོན་ཆེད་ཞི་རྒོལ་བྱས་མཁན་གྱི་ཉེ་འབྲེལ་བྱིས་པ་ཚོར་མཐོ་རྒྱུགས་ལ་ཞུགས་མི་ཆོག་པའི་དཀའ་ངལ་སྤྲོད་བཞིན་པ་ནི་གནས་སྟངས་གཅིག་མཚུངས་རེད་འདུག།

དེ་མིན་བོད་རྒྱའི་ཆབ་སྲིད་དང་འབྲེལ་བའི་ཉེས་འགལ་ཁྲིམས་ཆད་བཅད་མྱོང་མཁན་གྱི་ནང་མི་ཉེ་འབྲེལ་ཚོར་ད་རག་བར་དུ་རྒྱ་ནག་གཞུང་གིས་རྣམ་གྲངས་དང་ཡང་ན་སྐྱོབ་གསོའི་རོགས་དངུལ་སོགས་གང་ཡང་སྤྲོད་ཀྱི་མེད་པར་མ་ཟད། ད་དུང་མུ་འཐད་ནས་འགྲོ་འདུག་སོགས་ལ་ལྟ་རྟོག་ནན་མོ་བྱེད་པའམ། ཡང་ན་ས་གནས་ཉེན་རྟོག་ལས་ཁུངས་སུ་ཡང་ཡང་འབོད་འགུག་བྱེད་པ་སོགས་དཀའ་ངལ་ཚད་མེད་སྤྲོད་བཞིན་ཡོད་པ་རེད་ཅེས་བརྗོད་བྱུང་། དེ་དང་ཆབས་ཅིག་བོད་ནང་གི་གཞིས་ཀ་རྩེ་ཕྱོགས་སུ་དེ་སྔར་རྒྱ་གར་དུ་བྲོས་བྱོལ་དུ་འགྲོ་མཁན་གྱི་ནང་མི་ལ་ཕྱི་བསྐྱོད་ལག་ཁྱེར་ཡི་གེ་མི་སྤྲོད་པར་མ་ཟད་ནང་མི་ཚོའི་ངོས་ནས་དྲ་ལམ་བརྒྱུད་ནས་རྒྱ་བལ་འབྲུག་གསུམ་སོགས་སུ་ཡོད་མཁན་གྱི་ནང་མིའི་བར་ཁ་བརྡ་ཙམ་ཡང་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་དང་། སྐབས་རེར་ཁ་པར་ནང་སྔོགས་གཤེར་སོགས་བྱེད་བཞིན་པ་ཁུངས་ལྡན་གནས་ཚུལ་འབྱོར་སོང་།

XS
SM
MD
LG