ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

རྒྱ་ནག་གིས་འབར་མ་དང་རོ་ཧིན་རྒྱ་ཁ་ཆེ་ཚོར་བར་འདུམ་བྱ་ཐབས།


༄༅།། འབར་མའི་ནུབ་ཕྱོགས་སུ་འདམ་ཉོག་གི་ཐང་གཤོང་ཞིག་ཡོད་པ་དེར་སྒོ་དང་སྒེའུ་ཁུང་ཆུང་ཆུང་ཅན་གྱི་ཤིང་ཁང་མང་པོ་ཞིག་བསྒྲིགས་ཡོད་པ་ནི་ལོ་གཉིས་ཀྱི་སྔོན་དེར་འབར་མའི་གཞུང་དམག་གིས་ཕྱིར་ཕུད་བཏང་བའི་རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བ་རྣམས་གནས་སྡོད་བྱ་ཡུལ་ལ་རྒྱ་ནག་གིས་གྲ་སྒྲིག་བྱས་པ་ཞིག་ཡིན་ཞིང་། ༢༠༡༧་ལོར་འབར་མའི་དམག་གིས་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱས་ནས་མི་འབུམ་ཕྲག་མང་པོ་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལར་བྲོས་བྱོལ་དུ་སོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབར་མའི་དམག་གིས་རོ་ཧིན་རྒྱ་ཁ་ཆེ་ཚོར་མཐར་སྤྲོད་གཏོང་གི་ཡོད་པ་མི་རིགས་གཙང་སེལ་གྱི་ཀུན་སློང་ཞིག་རེད་ཅེས་སྐྱོན་བཙུགས། ད་ལྟ་ལོ་གཉིས་ཀྱི་རྗེས་སུའང་འབར་མའི་ར་ཁན་མངའ་སྡེའི་མོང་དྷོ་གྲོང་རྡལ་གྱི་ཉེ་འཁོར་དུ་ཤིང་ཁང་དེ་རྣམས་སྟོང་པར་ལུས་ཡོད་པར་བལྟས་ན་རྒྱ་ནག་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་འབར་མའི་གཞུང་དང་རོ་ཧིན་རྒྱ་ཁ་ཆེ་ཚོར་བར་འདུམ་བྱས་ནས་རྒྱལ་ཁབ་དེའི་ནང་འཁྲུག་གི་དཀའ་ངལ་སེལ་ཐབས་བྱས་པར་གྲུབ་འབྲས་མ་ཐོན་པའི་དཔང་རྟགས་སུ་མངོན།

དེང་སྐབས་རྒྱ་ནག་གིས་འབར་མའི་ནང་ཁུལ་གྱི་འགལ་ཟླ་སེལ་ཐབས་ལ་བར་འདུམ་བྱེད་ཀྱི་ཡོད་པ་འདིར་བལྟས་ཚེ། སྔོན་ཆད་རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མིན་པའི་ལངས་ཕྱོགས་ཤིག་བཟུར་བར་འགྱུར་བ་འགྲོ་བཞིན་པ་མཚོན་ཐུབ། ཐོག་མར་ཨུན་རྡུ་ནེ་ཤི་ཡ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོས་འབར་མའི་ནང་འཁྲུག་ལ་བར་འདུམ་བྱས་པར་གྲུབ་འབྲས་སྨིན་མེད་པ་ལྟར་ད་ལྟ་རྒྱ་ནག་གིས་འབར་མའི་གཞུང་དང་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་གཉིས་ལ་མི་མཐུན་པའི་འགལ་ཟླ་ཡོད་པར་བར་འདུམ་བྱས་ནས་དཀའ་ངལ་སེལ་ཐུབ་ཀྱི་མེད་ཅིང་། ལོ་གཉིས་ཀྱི་སྔོན་དེར་རོ་ཧིན་རྒྱ་ཁ་ཆེ་འབུམ་༧་ལྷག་བྷང་ག་ལར་བྲོས་བྱོལ་དུ་ཕྱིན་པ་རྣམས་རང་ཡུལ་དུ་ཕྱིར་ལོག་བྱེད་ཐུབ་རྒྱུའི་རེ་བ་ཉིན་རེ་བཞིན་ཇེ་ཆུང་དུ་སོང་། རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱེད་ཐུབ་རྒྱུ་ཡིན་མིན་གྱི་འགག་རྩ་ནི་བདེ་འཇགས་ཡོད་མེད་ལ་ཐུག་ཡོད་པ་སྟེ། འབར་མའི་གཞུང་གིས་རོ་ཧིན་རྒྱ་ཁ་ཆེ་ཚོ་རང་ཡུལ་དུ་ཕྱིར་ལོག་བྱེད་ན་བདེ་འཇགས་ཡོད་པའི་ཁོར་ཡུག་ཅིག་བསྐྲུན་ཡོད་ཟེར་གྱི་ཡོད་ཀྱང་བྷང་ག་ལའི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ར་ཁན་མངའ་སྡེའི་འཐབ་འཁྲུག་མཚམས་ཆད་མེད་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་འགན་ལེན་མེད་པས་རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བ་རྣམས་རང་ཡུལ་དུ་ཕྱིར་ལོག་བྱས་ན་བདེ་འཇགས་ལ་ཉེན་ཀ་རེད་ཅེས་གསལ་སྟོན་བྱས་འདུག

རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བ་ཚོས་ཀྱང་རང་གི་འགྲོ་བ་མིའི་ཐོབ་ཐང་དང་བདེ་འཇགས་ལ་འགན་ལེན་མེད་པར་འབར་མའི་ས་ཐོག་ཏུ་ཕྱིར་ལོག་བྱ་རྒྱུ་མིན། ཁོ་ཚོར་འབར་མའི་མངའ་འོག་ཏུ་སྤྱི་དམངས་བྱིངས་ཀྱི་ཐོབ་ཐང་དང་འགྲོ་སྐྱོད་སོགས་ཀྱི་རང་དབང་མི་འདུག་ཅེས་རྒྱུ་མཚན་བགྲངས། འདས་པའི་ལོ་གཉིས་ཀྱི་རིང་ལ་རྒྱ་ནག་གཞུང་གིས་འབར་མའི་གཞུང་དང་རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བའི་འགོ་ཁྲིད་ཚོར་བར་འདུམ་བྱས་ནས་ཚོགས་འདུ་ཐེངས་གསུམ་ཚོགས། རྒྱ་ནག་གི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཚོ་འབར་མ་དང་རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བའི་སྡོད་སྒར་ཁག་ལ་ལན་མང་བསྐྱོད། སྐྱབས་བཅོལ་བ་ཕྱིར་ལོག་བྱེད་མཁན་ཡོད་ན་གླང་འཐེན་ཤིང་རྟ་འཁོར་ལོ་གླས་ནས་སྐྱེལ་འདྲེན་བྱེད་ཆོག་པ་དང་སྐྱབས་བཅོལ་བ་ཚོར་དངུལ་སྒོར་རོགས་རམ་སྤྲོད་ཆོག་ཅེས་ཐབས་ཇུས་ཁག་ཅིག་ལག་ལེན་བསྟར། བྷང་ག་ལར་བྲོས་བྱོལ་དུ་ཕྱིན་པའི་ཁ་ཆེ་སྐྱབས་བཅོལ་བ་བརྒྱ་ཕྲག་འགའ་ཞིག་ལས་རང་ཡུལ་དུ་ཕྱིར་ལོག་བྱས་མེད་ཀྱང་རྒྱ་ནག་གཞུང་གིས་འབར་མའི་གཞུང་དང་རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བ་ཚོར་བར་འདུམ་གྱི་ལས་དོན་ཞིག་སྒྲུབ་ཀྱི་ཡོད་པར་གྲུབ་འབྲས་ཆེན་པོ་ཐོན་ཡོད་ཅེས་བསྒྲགས། གཟའ་པ་སངས་ཉིན་ཞིས་ཅིན་ཕིང་ཉི་མ་གཉིས་ལ་འབར་མར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སྐབས་སུའང་རྒྱ་ནག་གིས་མུ་མཐུད་དུ་བར་འདུམ་གྱི་འགན་འཁྲི་ལེན་འཆར་ཡོད། ར་ཁན་མངའ་སྡེའི་དཀའ་ངལ་དེ་མགོ་ཉོག་ཆེན་པོ་དང་ཐག་གཅོད་དཀའ་བའི་གནད་དོན་ཞིག་ཡིན་པ་ང་ཚོས་ཤེས་ཡོད་ཅེས་ཕྱོགས་གཉིས་ཀྱི་གསར་འགོད་གསལ་བསྒྲགས་དེར་བཀོད།

ཞིས་ཅིན་ཕིང་གིས་རྒྱལ་དོན་འཚམས་འདྲི་དེའི་དམིགས་ཡུལ་གཙོ་བོ་ནི་འབར་མའི་ར་ཁན་མངའ་སྡེའི་མཚོ་ནང་དུ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་རྒྱུ་དང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་རྒྱ་སྐྱེད་གཏོང་རྒྱུ་ཡིན་པར་མ་ཟད། ད་ཐེངས་ཀྱི་འཚམས་འདྲིའི་དུས་སུ་མིང་རྟགས་བཀོད་པའི་གྲོས་མཐུན་ཁོངས་སུ་རྒྱ་ནག་དང་འབར་མ་གཉིས་ཀྱི་ཚོང་ལས་ཡར་རྒྱས་དང་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན། ཕྱོགས་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་ཁག་འབར་མའི་གཞུང་གིས་མྱུར་དུ་ལག་ལེན་བསྟར་རྒྱུ་བཅས་བཀོད། འབར་མའི་ནུབ་ཕྱོགས་ནི་རྒྱ་གར་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་བར་དུ་ཆགས་ཡོད་པས་རྒྱ་ནག་གི་ནུབ་ཕྱོགས་ཞིང་ཆེན་ཁག་གི་ཚོང་ཟོག་རྣམས་འབར་མ་ནས་རྒྱ་གར་རྒྱ་མཚོ་དང་བྷང་ག་ལའི་མཚོ་ཁུག་བརྒྱུད་ནས་སྐྱེལ་འདྲེན་བྱེད་པར་ཚོང་ལམ་གལ་ཆེན་ཞིག་ཏུ་གྱུར། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ལོའོ་ཀྲའོ་ཧུས་ང་ཚོས་རྒྱ་ནག་དང་འབར་མ། བྷང་ག་ལའི་ཕྱི་སྲིད་བློན་ཆེན་རིམ་པའི་ཚོགས་འདུ་ཐེངས་གསུམ་བསྡུས་ཡོད། བྷང་ག་ལར་བྲོས་བྱོལ་དུ་ཕྱིན་པའི་རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱེད་པར་ང་ཚོས་འབད་བརྩོན་བྱས་པར་འབྲས་བུ་ཐོན་སོང་ཞེས་བཤད་མོད། འོན་ཀྱང་བྷང་ག་ལ་དང་འབར་མའི་ཕྱི་འབྲེལ་མི་སྣ་ཚོ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པའི་གཏམ་བཤད་དེར་མོས་མཐུན་མེད་པ་རེད།

ཉམས་ཞིབ་པ་ཚོས་རྒྱ་ནག་གིས་འབར་མའི་གཞུང་དང་ཁ་ཆེ་སྐྱབས་བཅོལ་བའི་གནད་དོན་ལ་བར་འདུམ་བྱེད་ཀྱི་ཡོད་པར་རྒྱུ་མཚན་ངེས་ཅན་ཞིག་འདུག དེ་ནི་འབར་མའི་ནུབ་ཕྱོགས་ཀྱི་ར་ཁན་མངའ་སྡེའི་ཆགས་ཡུལ་དེ་ཉིད་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས། ལྷག་པར་དུ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལས་སོགས་ལ་གནད་འགག་ཡོད་པ་དེར་ཐུག་འདུག རྒྱ་ནག་གིས་རོ་ཧིན་རྒྱ་ཁ་ཆེ་ཚོར་གདུང་སེམས་བསྐྱེད་ནས་གནད་དོན་དེ་ཐག་གཅོད་བྱ་ཐབས་བྱེད་ཀྱི་ཡོད་པའམ། ཡང་ན་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སེམས་ཁུར་བྱེད་ཀྱི་ཡོད་པ་ཞིག་མ་རེད། འབར་མའི་ར་ཁན་མངའ་སྡེར་ཞི་བདེ་བརྟན་ལྷིང་སླར་གསོ་བྱུང་ན་རྒྱ་ནག་གི་ཚོང་ལས་དང་འཛུགས་སྐྲུན་ལ་དགེ་མཚན་ཡོད་པར་དམིགས་འདུག་ཅེས་བཤད། དཔེར་ན་བྷང་ག་ལའི་ཕྱི་འབྲེལ་མི་སྣ་ཞིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བ་རྣམས་མགྱོགས་མྱུར་གྱིས་རང་ཡུལ་ལ་ཕྱིར་སློག་བྱ་ཐབས་བྱེད་ཀྱི་འདུག ཡིན་ནའང་ཁོ་ཚོས་འབར་མའི་གཞུང་གིས་རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱེད་ཐུབ་པའི་ཁོར་ཡུག་དང་ཆ་རྐྱེན་ཞིག་བསྐྲུན་དགོས་པའི་གནོན་ཤུགས་སྤྲོད་ཀྱི་མི་འདུག་ཅེས་བཤད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྣེ་ཚོས་རྒྱ་ནག་གིས་འབར་མ་དང་བྷང་ག་ལའི་གཞུང་ལ་རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བའི་གནད་དོན་མྱུར་དུ་ཐག་གཅོད་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་ཀྱང་འགྲོ་བ་མིའི་ཐོབ་ཐང་ལ་བསམ་བློ་གཏོང་གི་མི་འདུག རྒྱ་ནག་གི་བསམ་བློ་གཏོང་སྟངས་དེ་སྟབས་བདེ་དྲགས་པ་དང་ས་གནས་ས་ཐོག་གི་དངོས་ཡོད་གནས་སྟངས་ལ་བལྟ་མ་ཐུབ་པའི་སྐྱོན་རེད་ཅེས་དགག་པ་བརྒྱབ། ༢༠༡༧་ལོར་རོ་ཧིན་རྒྱ་ཁ་ཆེ་༧༣༠༠༠༠་ལྷག་རང་ཡུལ་ནས་བྷང་ག་ལར་སྐྱབས་བཅོལ་དུ་བྲོས། ད་དུང་ཡང་འབར་མའི་ས་ཐོག་ཏུ་ཁ་ཆེ་འབུམ་ཕྲག་འགའ་ཞིག་ཡོད་པ་རྣམས་སྡོད་སྒར་ཁག་དང་གྲོང་གསེབ་ཁག་ཏུ་ལོགས་སུ་བཀག་ནས་སྨན་བཅོས་དང་ཤེས་ཡོན་སློབ་སྦྱོང་སོགས་ཀྱི་མཐུན་རྐྱེན་མེད་ཅིང་། འབར་མའི་གཞུང་དམག་དང་ནང་པའི་ཡུལ་དམག་གཅིག་གིས་འཐབ་འཁྲུག་བརྒྱབ་ནས་སྐྱེ་བོ་སྟོང་ཕྲག་མང་པོ་རང་ཁྱིམ་ནས་བྲོས་བྱོལ་དུ་འགྲོ་དགོས་ཐུག་འདུག ཝ་ཤིང་ཊོན་གྱི་སི་ཊིམ་སན་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཡུན་སུན་ཞེས་པ་ཞིག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བར་འདུམ་བྱས་མ་ཐུབ་པ་ཞིག་རྒྱ་ནག་གིས་བར་འདུམ་བྱ་ཐབས་བྱེད་ཀྱི་འདུག དེའི་མཐར་ཐུག་གི་དམིགས་ཡུལ་ནི་ཆབ་སྲིད་དང་དཔལ་འབྱོར་གྱི་ཁེ་ཕན་ལ་ཐུག་ཡོད་པ་དང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བསམ་བློ་གཏན་ནས་གཏོང་གི་མི་འདུག དེར་བརྟེན་པེ་ཅིང་གི་བར་འདུམ་དེར་ནུས་པ་འཐོན་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད་དོ།།

XS
SM
MD
LG