ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཐེ་ཝན་གྱི་སྲུང་སྐྱོབ་མཁའ་དབྱིངས་སུ་རྒྱ་ནག་གི་གནམ་གྲུ་༥༦་དཔུང་འཛུལ།


༄༅།། ཐེ་ཝན་གཞུང་གིས་གཟའ་ཟླ་བའི་ཉིན་གྱི་དགོང་མོར་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་༣༦་དང་རྡུལ་ཕྲན་མདེལ་འཕེན་གནམ་གྲུ་༡༢། དམག་གི་གནམ་གྲུ་གཞན་པ་༤། འཐབ་འཛིང་གནམ་གྲུ་༤་བཅས་ཁྱོན་བསྡོམས་དམག་འཐབ་གནམ་གྲུ་༥༦་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་བྱས་སོང་ཞེས་གསལ་བསྒྲགས་སྤེལ་འདུག དེ་རིང་ཕྱི་ཟླ་༡༠་པའི་ཚེས་༥་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ཆུག་ཁྲུའི་ཀྲེང་གིས་མཚོ་འགག་ཕྱོགས་གཉིས་ཀྱི་བདེ་འཇགས་ལ་ཟིང་འཁྲུག་བསླངས་ནས་ཞི་བདེ་བརྟན་ལྷིང་མེད་པར་གཏོང་མཁན་ནི་རྒྱ་ནག་རེད། ང་ཚོས་རྒྱ་ནག་གི་འཇིགས་སྐུལ་ལ་ནམ་ཡང་མགོ་སྒུར་རྒྱུ་མིན། རྒྱ་ནག་གིས་མཚོ་འགག་ཕྱོགས་གཉིས་ཀྱི་གནས་ཐོབ་དང་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་བྱེད་ཀྱི་འདུག པེ་ཅིང་གི་དབང་འཛིན་པ་ཚོས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་གནམ་གྲུ་བཏང་ནས་དཔུང་འཛུལ་བྱེད་ཀྱི་ཡོད་པ་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཞེས་དགོས་འདུན་བཏོན། ཕྱི་ཟླ་༡༠་པའི་ཚེས་༡་ཉིན་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྐབས་སུ་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་རྒྱ་ནག་གི་གནམ་གྲུ་༣༨་དང་ཕྱི་ཉིན་དེར་གནམ་གྲུ་༣༩་དཔུང་འཛུལ། འདས་པའི་ཉིན་བཞིའི་རིང་ལ་ཁྱོན་བསྡོམས་རྒྱ་ནག་གི་དམག་འཐབ་གནམ་གྲུ་༡༥༠་ཡས་མས་ཤིག་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་བྱས་ཤིང་། ད་ལྟ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ཆེན་པོ་ཞིག་ལངས་ཏེ་ཨ་མི་རི་ཀ་དང་ཉི་ཧོང་སོགས་ཀྱང་རྒྱ་ནག་དང་ཐེ་ཝན་གྱི་དམག་འཁྲུག་དེར་ཞོར་འདྲུད་ཐེབས་སྲིད་པའི་འཇིགས་སྣང་ཡོང་གི་ཡོད་པ་རེད།།

ཁ་སང་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གིས་ཐེ་ཝན་ལ་འཁྲུག་རྩོད་སློང་གི་ཡོད་པར་བློ་འཚབ་ཆེན་པོ་ཡོད། རྒྱ་ནག་གིས་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་ཡོད་པ་དང་མངའ་ཁུལ་དེའི་བདེ་འཇགས་ལ་འཁྲུག་རྐྱེན་སློང་བ། ཐ་ན་རྩིས་ལོག་ཐེབས་ནས་དམག་འཁྲུག་གི་ཉེན་ཁ་ཡང་འབྱུང་སྲིད། ང་ཚོས་རྒྱ་ནག་གཞུང་གིས་དམག་དོན་དང་ཕྱི་འབྲེལ། དཔལ་འབྱོར་དང་ཚོང་ལས་བཅས་ཀྱིས་ཐེ་ཝན་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པ་མཚམས་འཇོག་བྱེད་དགོས་པའི་ནན་བརྗོད་བྱ་རྒྱུ་ཡིན་ཞེས་གསར་འགོད་ལྷན་ཚོགས་བསྐོངས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་ཧྭ་ཁྲུན་དབྱིང་གིས་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་འཚོང་གི་ཡོད་པ་དང་ཨ་རིའི་དམག་གྲུ་རྣམས་ཐེ་ཝན་མཚོ་འགག་ཏུ་དཔུང་སྐྱོད། ཨ་མི་རི་ཀས་རང་གི་ནོར་འཁྲུལ་ཁག་ལ་ཡོ་བསྲང་དང་རྒྱ་ནག་གཅིག་གི་རྩ་དོན་ཁ་ཞེ་གཉིས་མེད་ཀྱིས་རྒྱུན་འཁྱོངས་བྱ་དགོས། ཨ་མི་རི་ཀས་ཐེ་ཝན་རང་བཙན་ལ་ངན་སྐུལ་དང་འགན་འཁྲི་མི་ལེན་པའི་འཁྲུག་རྩོད་སློང་རྒྱུ་མཚམས་འཇོག་བྱ་དགོས་ཞེས་དགག་པ་བརྒྱབ། ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་སྔོན་མར་དབྱིན་ཇིའི་དམག་གྲུ་ཆེན་པོ་ཞིག་ཐེ་ཝན་མཚོ་འགག་བརྒྱུད་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་ལ་བསྐྱོད་པའི་གཞུག་ཏུ་རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དམག་འཐབ་གནམ་གྲུ་བཏང་ནས་དཔུང་འཛུལ་བྱ་རྒྱུ་མང་དུ་སོང་། ཨ་རིའི་དམག་དོན་མི་སྣ་ཚོས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་ཉག་ཅིག་རེད་ཅེས་གླེང་། ཐེ་པེ་གྲོང་ཁྱེར་གྱི་ནོ་ཊིང་ཧམ་སློབ་གྲྭ་ཆེན་མོའི་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་མེ་ཁེལ་ཁོལ་གྱིས་གཟའ་ཟླ་བས་ཉིན་རྒྱ་ནག་གི་དམག་འཐབ་གནམ་གྲུ་༥༦་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་བཏང་བ་ནི་ཨ་རིའི་ཉེན་བརྡ་དེ་ཚོར་རྒྱ་ནག་གིས་མཉན་རྒྱུ་མིན། མཚོ་འགག་ཕྱོགས་གཉིས་ཀྱི་མངའ་ཁོངས་སུ་ཨ་མི་རི་ཀར་ཐེ་ཇུས་བྱེད་ཆོག་པའི་དབང་ཚད་མེད་ཟེར་བའི་གོ་རྒྱུ་གཏོང་གི་ཡོད་པ་མཚོན་ཐུབ་ཅེས་བསྟན།།

སྲིད་འཛིན་ཚེ་དབྱིན་ཝེན་གྱིས་དམག་སྦྱོང་ལ་གཟིགས་ཞིབ། ༢༠༢༡།༩།༡༤
སྲིད་འཛིན་ཚེ་དབྱིན་ཝེན་གྱིས་དམག་སྦྱོང་ལ་གཟིགས་ཞིབ། ༢༠༢༡།༩།༡༤

ཕྱི་ཟླ་༡༠་པའི་ཚེས་༥་ཉིན་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རྒྱ་ནག་གི་འཇིགས་སྐུལ་ལ་མགོ་སྒུར་རྒྱུ་མིན་པའི་རྣམ་འགྱུར་བསྟན། ཁོང་གིས་ང་ཚོར་ཉིན་ལྟར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དཔུང་འཛུལ་གྱི་ཉེན་ཁ་འཕྲད་བཞིན་ཡོད་ཀྱང་མཚོ་འགག་ཕྱོགས་གཉིས་ཀྱི་གནས་ཐོབ་ལ་འཛིན་པའི་ལངས་ཕྱོགས་དེར་འགྱུར་བ་མེད། ཐེ་ཝན་གྱིས་གནོན་ཤུགས་དང་འཁྲུག་སློང་རིང་ལུགས་པ་ཚོར་མགོ་སྒུར་རྒྱུ་མིན་ཞེས་ཨ་རིའི་ཕྱི་འབྲེལ་དུས་དེབ་ནང་དུ་རྩོམ་ཡིག་བྲིས། ད་སྔ་ཐེ་ཝན་གྱིས་འཕུར་མདེལ་གཅིག་ཀྱང་མ་འཕངས་པར་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཏང་ནས་རྒྱ་ནག་གི་དཔུང་འཛུལ་གནམ་གྲུ་རྣམས་མཐར་སྐྲོད་གཏོང་གི་ཡོད་ཀྱང་མཐའ་མཇུག་མི་གསོད་ཁྲག་སྦྱོར་གྱི་དམག་འཁྲུག་ཅིག་ལ་འགྱུར་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ་ཞེས་གནས་ཚུལ་སྤེལ། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་ཨ་མི་རི་ཀས་བར་འགོག་མ་བྱས་ཚེ། སྲིད་འཛིན་བྷ་ཌན་གྱིས་རང་གི་ལས་གནས་ནས་དགོངས་པ་ཞུ་དགོས་ཐུག་རྒྱུ་དང་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་ཡང་དགོངས་པ་མི་ཞུ་ཐུ་མེད་དུ་འགྱུར་སྲིད། ཐེ་ཝན་རྒྱ་ནག་ལ་ཤོར་བའི་རྗེས་སུ་ཨ་མི་རི་ཀར་རྒྱལ་སྤྱིའི་ཐོག་ཏུ་ཆེ་མཐོང་དང་ཡིད་ཆེས། ཚན་རིག་ལག་རྩལ་དང་དམག་དོན་གྱི་ལྟེ་གནས། ཚོང་ལམ་སོགས་མེད་པར་གྱུར་ཏེ་ཕྱོགས་གང་ཐད་དུ་ཆག་སྒོ་ཆེན་པོ་ཞིག་འབྱུང་རྒྱུ་ཡིན་པས་ཨ་རིའི་བདེ་འཇགས་དང་དཔལ་འབྱོར། འཛམ་གླིང་གི་དཔལ་འབྱོར་དང་ཚོང་ལས་བཅས་ལ་གནོད་སྐྱོན་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཐེབས་སྲིད། རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དམག་འཐབ་གནམ་གྲུ་བཏང་ནས་དཔུང་འཛུལ་བྱེད་ཀྱི་ཡོད་པར་ཨ་མི་རི་ཀས་ངེས་པར་དུ་འགོག་ཐབས་བྱ་དགོས། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཨ་མི་རི་ཀ་དཔུང་སྟོབས་ཆེན་པོ་ཡིན། ཨ་རིས་འོས་འཚམས་ཀྱི་དུས་སྐབས་ཤིག་ལ་རྒྱ་ནག་གི་དཔུང་འཛུལ་དེ་ཚོར་ལན་པ་སློག་དགོས་ཞེས་བསམ་བློ་གཏོང་གི་ཡོད་པ་ནོར་འཁྲུལ་ཡིན་སྲིད་ཅེས་གནས་ཚུལ་སྤེལ་འདུག

ནུབ་ཕྱོགས་ཀྱི་དམག་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གི་གནམ་གྲུ་མང་དག་ཅིག་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་བྱས་པའི་སྐབས་དེར་དམག་འཁྲུག་རྒྱག་རྒྱུའི་རྟགས་མཚན་གང་ཡང་བསྟན་མ་སོང་། རྒྱ་ནག་གི་གནམ་དམག་ལ་སྦྱོང་བརྡར་དང་ཐེ་ཝན་མི་དམངས་ལ་བསམ་བློའི་འཇིགས་སྐུལ། ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་པའི་གཞུག་ཏུ་རྒྱ་ནག་ལ་ཕྱི་ནང་གཉིས་སུ་དཀའ་ངལ་སྣ་མང་ཞིག་འཕྲད་བཞིན་པའི་དུས་འདིར་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་ཐེ་ཝན་གྱི་ཐོག་ཏུ་དཔུང་སྟོབས་ངོམ་ནས་ཕྱི་ནང་གཉིས་ལ་བརྡ་ཞིག་གཏོང་གི་འདུག་ཅེས་བཤད། ཨ་རི་གསར་པའི་ཞིབ་འཇུག་ཁང་གི་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་ཉམས་ཞིབ་པ་སི་ཊོ་ཁེ་སི་ཞེས་པ་ཞིག་གིས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་རྒྱ་ནག་གི་དམག་འཐབ་གནམ་གྲུ་གཏོང་གི་ཡོད་པ་དེ་གཟབ་ནན་གྱིས་བཀོད་སྒྲིག་བྱས་པ་ཞིག་རེད། འདི་ལ་ཆབ་སྲིད་དང་དམག་དོན་གཉིས་ཀྱི་མཚོན་དོན་ཞིག་འདུག ཐོག་མར་རྒྱ་ནག་གིས་ཐེ་ཝན་གཞུང་ལ་འཇིགས་སྐུལ་བྱ་རྒྱུ་དང་རྒྱ་ནག་ལ་ཐེ་ཝན་མཚོ་གླིང་གི་བདག་དབང་ཡོད་ཅེས་རྩོད་ཐབས་ཤིག་རེད། གཉིས་པ་དེར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དང་རྒྱབ་གནོན་དཔུང་སྡེར་མཚན་མོ་སོགས་ཡུལ་དུས་མ་འདྲ་བའི་སྐབས་སུ་སྦྱོང་བརྡར་འཐོབ་ཐབས་ཤིག་རེད། གསུམ་པ་དེར་ཐེ་ཝན་གཞུང་ལ་འཐབ་འཛིང་གནམ་གྲུ་བཏང་ནས་རྒྱ་ནག་གི་དཔུང་འཛུལ་གནམ་གྲུ་དེ་རྣམས་ཕྱིར་ཟློག་བྱེད་དུ་བཅུག་སྟེ་དཀའ་ངལ་སྤྲོད་རྒྱུ། རྒྱ་ནག་གིས་ལོ་དང་ཟླ་བར་བསྟུད་ནས་ཐེ་ཝན་གྱི་གནམ་དམག་གི་སྟོབས་ཤུགས་ཟད་དུ་འཇུག་ཐབས་ཞིག་རེད་ཅེས་བཀྲལ། ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གིས་ཨ་རི་དང་ཉི་ཧོང་། དབྱིན་ཇི་སོགས་ཀྱིས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་ངོ་རྒོལ་བྱ་ཐབས་དང་རྒྱ་ནག་མི་དམངས་རྣམས་རྡོག་རྩལ་གཅིག་ཏུ་བསྒྲིལ་ཐབས་ཤིག་རེད་ཅེས་བཤད།།

ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་དང་ཐེ་ཝན་གྱི་མཁའ་དབྱིངས་མངའ་ཁོངས་གཉིས་ལ་ཁྱད་པར་ཡོད་པ་སྟེ། ཐེ་ཝན་གྱི་མཁའ་དབྱིངས་མངའ་ཁོངས་ནི་མཚོ་གླིང་དེར་གཏོགས་བའི་བར་སྣང་ཁམས་ལ་གོ་དགོས་ཤིང་། ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་ཀྱི་ནང་དུ་རྒྱ་ནག་གི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་ཀྱང་རྒྱ་ཆེན་པོ་ཞིག་ཚུད་ཡོད་པས་ཐེ་ཝན་དང་རྒྱ་ནག་གཉིས་ཀས་མཚོ་ཕྱོགས་གཉིས་ཀྱི་བར་དཀྱིལ་གྱི་བར་སྣང་ཁམས་ལ་རྟགས་ཐིག་འཐེན་ནས་རང་རང་གི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་ཡིན་ཞེས་རྩོད་ཀྱི་ཡོད་མོད། འོན་ཀྱང་ལོ་གཉིས་ཀྱི་སྔོན་ནས་རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དམག་གི་གནམ་གྲུ་བཏང་ནས་འཇིགས་སྐུལ་དང་དམག་སྦྱོང་། ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་དུས་དང་རྣམ་པ་ཀུན་ཏུ་འཐབ་འཛིང་གནམ་གྲུ་བཏང་ནས་རྒྱ་ནག་གི་དཔུང་འཛུལ་གནམ་གྲུ་རྣམས་ཕར་ཟློག ཞིས་ཅིན་ཕིང་གི་དབང་སྒྱུར་འོག་ཏུ་རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་སྔོན་ཆད་བྱུང་མྱོང་མེད་པའི་གནམ་གྲུ་དཔུང་འཛུལ་བྱ་རྒྱུ་མང་དུ་བཏང་ཞིང་། ན་ནིང་གཅིག་པུར་རྒྱ་ནག་གི་དམག་འཐབ་གནམ་གྲུ་རྣམས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་ཐེངས་༣༨༠་ལྷག་བྱས་པར་མ་ཟད། ༢༠༢༡་ལོའི་ཟླ་བ་བཅུའི་རིང་དུ་རྒྱ་ནག་གི་དམག་འཐབ་གནམ་གྲུ་རྣམས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་ཐེངས་༦༠༠་ལྷག་བྱས་ཟིན་ཡོད་ཅིང་། བདུན་ཕྲག་སྔོན་མར་རྒྱ་ནག་གིས་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར་ཐེ་ཝན་ཞི་བདེ་རྒྱ་མཚོའི་ཚོང་ལས་མཐུན་ཚོགས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ་བའི་རྗེས་སུ་རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དམག་འཐབ་གནམ་གྲུ་གཏོང་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG