ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་དང་ཧོང་ཀོང་ལ་ཏོག་དབྱིབས་ནད་དུག་ཁྱབ་ཚད་ཤུགས་ཇེ་ཆེ། 


༄༅།། གཟའ་ཟླ་བའི་ཉིན་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༥༢༦་ཐོན། མི་༣༡༢་ལ་ནད་རྟགས་ཐོན་པའི་གནས་ཚུལ་ཐོན་པ་ནི་ལོ་གཉིས་ཀྱི་སྔོན་དེར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ད་ལྟའི་བར་དུ་རྒྱ་ནག་ལ་བྱུང་མྱོང་མེད་པའི་ཉིན་རེའི་ཏོག་དབྱིབས་ནད་དུག་འགོས་པ་དང་ནད་རྟགས་ཐོན་པའི་མིའི་གྲངས་འབོར་ཆེས་མང་ཤོས་སུ་གྱུར། ཕྱི་ཟླ་༣་པའི་ཚེས་༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྲང་ཧེ་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་རྒྱུ་ཉུང་ཉུང་ཡིན་རུང་གཟའ་ཟླ་བའི་ཉིན་ནད་པ་གསར་པ་༥༠་ཐོན་པ་དང་ཆིང་ཏའོ་ས་གནས་སུ་ནད་པ་གསར་པ་༡༦༣་ཐོན། ཆིང་ཏའོ་ས་གནས་ཀྱི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཕལ་ཆེ་བ་མཐོ་འབྲིང་ཞིག་གི་སློབ་ཕྲུག་རྣམས་ཡིན་ཞིང་། མཉམ་འབྲེལ་གསར་ཁང་གིས་ཀོང་ཏུང་ཞིང་ཆེན་ནང་དུ་ནད་པ་གསར་པ་༦༩་ཐོན་པ་དང་ཅི་ལིན་ཞིང་ཆེན་ནང་དུ་ནད་པ་གསར་པ་༥༤་ཐོན། དེ་བཞིན་རྒྱ་ནག་ཤར་ཕྱོགས་ཀྱི་ཧྲན་ཏུང་ཞིང་ཆེན་ནང་དུ་ནད་པ་གསར་པ་༤༦་ཐོན་འདུག་ཅེས་གནས་ཚུལ་སྤེལ། ཕྱི་ཟླ་༣་པའི་ཚེས་༥་ཉིན་སྲིད་བློན་ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་རེའི་ཚོགས་འདུའི་ཐོག་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཐབས་ཇུས་རྣམས་རྟག་ཏུ་ཇེ་ལེགས་སུ་གཏོང་དགོས་ཞེས་བཤད། འོན་ཀྱང་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ཁུངས་མི་འཁྱོལ་བ་ཞིག་ལག་ལེན་བསྟར་གྱི་ཡོད་པར་འགྱུར་བཅོས་གཏོང་རྒྱུ་ཡིན་མིན་ལ་གསལ་ཁ་མ་ཐོན།།

དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འདས་པའི་ཉིན་བཞིའི་རིང་ཧོང་ཀོང་ས་གནས་སུ་ཉིན་ལྟར་མི་༡༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་འབྱུང་གི་ཡོད་ཅིང་། ནད་པ་འཆི་སྐྱོན་བྱུང་བ་དེ་དག་གི་མང་ཆེ་བ་ནི་རྒན་རྒོན་དང་རྒན་གསོ་ཁང་གི་བགྲེས་སོང་རྣམས་ཡིན་འདུག ཉམས་ཞིབ་པ་ཚོས་ཕྱི་ཟླ་༣་པའི་ཟླ་དཀྱིལ་བར་དུ་ཧོང་ཀོང་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ངར་སྒང་ལ་སླེབས་ཐུབ་རྒྱུ་མིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། བདུན་ཕྲག་སྔོན་མའི་གཟའ་པ་སངས་ནས་ཉི་མ་གསུམ་ལ་བསྟུར་མར་ཧོང་ཀོང་རྒྱལ་ཡོངས་སུ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ཁྲི་ཚོ་༥་ལྷག་ཐོན། དེ་རིང་གཟའ་ཟླ་བའི་ཉིན་ནད་པ་གསར་པ་༥༢༥༢༣་ཐོན་པ་དང་མི་༡༣༦་ལ་འཆི་སྐྱོན་ཕོག འདས་པོ་དེ་རྣམས་ལོ་ན་༢༩་ནས་ལོ་༡༠༢་བར་དུ་ཡིན་འདུག ཕྱི་ཟླ་༢་པའི་ཚེས་༢༥་ནས་ཕྱི་ཟླ་༣་པའི་ཚེས་༤་བར་དུ་ཧོང་ཀོང་བ་༡༠༨༦་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་ཕོག ཧོང་ཀོང་གི་བགྲེས་སོང་ལྟ་སྐྱོང་ཁང་གི་སྨན་པ་ལམ་ཆིང་ཆོ་ཞེས་པ་ཞིག་གིས་གསར་འགོད་པར་ཧོང་ཀོང་གི་རྒན་གསོ་ཁང་བརྒྱ་ཆ་༩༠་ལྷག་གི་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་སོང་སྟེ་མི་ལ་ནད་མནར་དང་འཆི་སྐྱོན་བྱུང་བའི་གྲངས་འབོར་ནི་གཞུང་གིས་ཕྱིར་བསྒྲགས་བྱས་པ་ལས་ཀྱང་ལྡབ་འགའ་ཞིག་མང་བ་ཡོད་ཤས་ཆེ། རྒན་གསོ་ཁང་འགའ་ཤས་ཀྱི་མི་ཚང་མར་ཏོག་དབྱིབས་ནད་དུག་འགོས་འདུག་ཅེས་བཤད། ཧོང་ཀོང་ལ་ཕྱི་ཟླ་༡༢་པ་ནས་ནད་རླབས་ལྔ་པ་དེ་འཕྱུར་མགོ་བརྩམས་ཀྱང་མི་མང་བརྒྱ་ཆ་༩༠་ཐམ་པར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དང་པོ་ལས་རྒྱག་མ་ཐུབ། ལོ་ན་༧༠་ནས་༨༠་བར་དང་དེའི་ཡན་ཆད་ཀྱི་རྒན་རྒོན་གསུམ་ཆའི་གཉིས་ལྷག་ལ་སྨན་ཁབ་དང་པོ་མ་གཏོགས་རྒྱག་ཐུབ་མེད་པའི་གནས་ཚུལ་ཐོན་འདུག་

རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་ལེང་ཝན་ནེན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཧོང་ཀོང་གི་ལས་དོན་ཨང་དང་པོ་ནི་ནད་དུག་འགོ་ཁྱབ་འགྲོ་བཞིན་པ་སྔོན་འགོག་བྱ་རྒྱུ་དེ་མ་རེད། ཁོ་ཚོས་ཧོང་ཀོང་གི་རྒན་གསོ་ཁང་དེ་དག་གི་ནང་དུ་རྒན་རྒོན་ཚོར་འཆི་སྐྱོན་འཕོག་གི་ཡོད་པ་འགོག་ཐབས་བྱ་དགོས། ཧོང་ཀོང་ལ་ཏོག་དབྱིབས་ནད་དུག་འགོས་ནས་མི་༨༠༠་ཡས་མས་ཤིག་ལ་འཆི་སྐྱོན་བྱུང་བ་དེ་དག་གི་གྲས་ཀྱི་མི་བརྒྱ་ཆ་༩༤་ལྷག་ལོ་ན་༦༠་ཡན་ཆད་དང་རྒན་གསོ་ཁང་གི་རྒན་རྒོན་རྣམས་རེད། ང་ཚོས་སྨན་ཁང་ཞིག་ལོགས་སུ་བཀོད་སྒྲིག་བྱས་ནས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚབས་ཆེན་ཚོར་སྨན་པ་དང་སྨན་ཞབས་པ། སྨན་བཅོས་ཀྱི་མཐུན་རྐྱེན་གང་ལེགས་སྦྱར་ནས་ལྟ་རྟོག་བྱ་དགོས། རྒན་རྒོན་ཚོར་འགོག་ཁབ་རྒྱག་རྒྱུ་དེར་ཤུགས་སྣོན་རྒྱག་དགོས་ཀྱི་འདུག གལ་ཏེ་མི་ལ་འཆི་སྐྱོབ་འབྱུང་གི་འགོག་ཡོད་པ་འགོག་ཐུབ་ན་མི་དམངས་རྣམས་བློ་སེམས་བག་ཕེབས་སུ་གནས་དཀའ། ཧོང་ཀོང་ས་གནས་གཞུང་གིས་ཝུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་ལས་དོན་སྒྲུབ་ཕྱོགས་དེར་མིག་དཔེ་བལྟས་ནས་སློབ་སྦྱོང་བྱ་དགོས། ཧོང་ཀོང་གི་འགོ་ཁྲིད་ཚོ་དང་འབྲེལ་ཡོད་ནད་འགོག་ཚན་པ་ཁག་གིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་རྒྱུ་གནད་འགག་ཆེན་པོ་ཡིན་ཞེས་བསྟན། ཧོང་ཀོང་གི་བགྲེས་སོང་ལྟ་སྐྱོང་ཁང་གི་སྨན་པ་ལམ་ཆིང་ཆོ་ཡིས་སྟབས་མ་ལེགས་པ་ཞིག་ལ་རྒན་རྒོན་ཚོར་འཆི་སྐྱོན་འཕོག་རྒྱུ་ཇེ་མང་རེད། ང་ཚོར་སྨན་ཁང་ནང་དུ་ཉལ་ས་ནས་ཟུར་འགོག་ཁང་དང་སྨན་བཅོས་སོགས་རྒན་རྒོན་རྣམས་མྱུར་སྐྱོབ་ཐུབ་པའི་མཐུན་རྐྱེན་མེད། རྒན་གསོ་ཁང་དེ་དག་གི་ནད་པ་རྣམས་སྨན་ཁང་དུ་ཚུད་པར་ཉི་མ་འགའ་རེ་སྒུག་དགོས་ཀྱི་འདུག ང་ཚོའི་རྒན་རྒོན་ཚོར་འོས་ཤིང་འཚམས་པའི་སྨན་བཅོས་ཐོབ་ཀྱི་མེད་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་རེད་ཅེས་བཤད།།

རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་མྱུར་དུ་བཟོ་དགོས་པ་དང་ཕྱི་རྒྱལ་ནས་འགྲུལ་པ་དང་དངོས་ཟོག་འབྱོར་གྱི་ཡོད་པའི་གྲོང་ཁྱེར་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་རྒྱུ་སྔོན་འགོག་ནན་པོ་བྱ་དགོས་ཞེས་བཤད། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ནད་པ་ཉུང་ཤས་ལས་མེད་ཀྱང་ས་ཁུལ་ཡོངས་རྫོགས་དང་གྲོང་ཁྱེར་ཧྲིལ་པོར་སྒོ་རྒྱ་བསྡམས་ནས་ཟུར་འགོག་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་གི་འགོ་ཚོས་ཏོག་དབྱིབས་ནད་དུག་ཚབས་ཆེན་ཞིག་ཁྱབ་གདལ་མ་ཕྱིན་པ་ནི་གཞུང་གི་ནད་འགོག་གི་སྲིད་ཇུས་ཡང་དག་པ་ཞིག་ཡིན་པ་དང་མི་དམངས་བརྒྱ་ཆ་༨༠་ལྷག་ལ་སྨན་ཁབ་བརྒྱབ་པའི་གྲུབ་འབྲས་ཡིན་ཞེས་བསྒྲགས། ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གི་ནད་འགོག་སྲིད་ཇུས་དེ་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་ཆེ་བ་དང་མི་དམངས་ཀྱི་ལུས་ཁམས་སུ་རང་བཞིན་གྱི་ནད་འགོག་ཟུངས་ཤུགས་གྲུབ་ཏུ་མ་བཅུག་པ་རེད་ཅེས་སྐྱོན་བཙུགས། ཉེ་དུས་ཤིག་པེ་ཅིང་ལ་ནད་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་མ་ཐོན་པར་རྒྱུན་ལྡན་དུ་འགྱུར་གྱི་ཡོད་ཀྱང་མི་ཚོས་སྔར་བཞིན་ཚོང་ཁང་ནང་ལོགས་དང་ཟ་ཁང་སོགས་ཀྱི་ནང་དུ་ཁ་རས་གྱོན་དགོས་ཤིང་། ཉེ་ཆར་ཕྱི་ཟླ་༡་པོ་ནས་པེ་ཅིང་གི་ཡེ་ཤུའི་ལྷ་ཁང་ཁག་དང་ནང་པའི་ལྷ་ཁང་ཁག ཁ་ཆེའི་ལྷ་ཁང་ཁག་སྒོ་བརྒྱབ་པ་རྣམས་དུས་ནམ་ཞིག་བསྐྱར་དུ་སྒོ་འབྱེད་རྒྱུ་ཡིན་མིན་གྱི་དུས་ཚོད་ངེས་གཏན་བྲལ། ཞིས་ཅིན་ཕིང་གིས་ཆོས་ལུགས་ཐམས་ཅད་རྒྱ་ནག་ཅན་དུ་བསྒྱུར་དགོས། ལྷ་ཁང་ཁག་གི་བཀོད་པར་ཕྱིའི་རྒྱལ་ཁབ་ཁག་གི་ཤུགས་རྐྱེན་ཐེབས་ཡོད་པ་རྣམས་མེད་པར་གཏོང་དགོས་ཞེས་བཀའ་བཏང་བའི་རྗེས་སུ་ལྷ་ཁང་ཁག་ལ་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

འདི་ཙམ་ན་ཕྱི་ཟླ་༣་པའི་ཚེས་༧་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་བར་དུ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་འགོས་ནས་མི་ས་ཡ་༦་ལྷག་ལ་འཆི་སྐྱོན་ཕོག ཨ་རིའི་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོའི་གཞི་གྲངས་སུ་གཟའ་ཟླ་བའི་ཉིན་དགུང་བར་དུ་མི་༥༩༩༩༡༥༨་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་། འདས་པའི་ལོ་གཉིས་ཀྱི་རིང་དུ་ཞི་བདེ་རྒྱ་མཚོའི་ནང་དུ་ཆགས་པའི་ཐག་རིང་གི་གླིང་ཕྲན་ཁག་ལ་ཏོག་དབྱིབས་ནད་དུག་ཁྱབ་ཐུབ་མེད་ཀྱང་ཉེ་དུས་ཤིག་ནས་གླིང་ཕྲན་དེ་དག་གི་ནང་དུའང་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་འགོ་ཚུགས་ཡོད་པའི་གནས་ཚུལ་ཐོན། མི་འབོར་ས་ཡ་༧་དང་ཕྱེད་ཀ་ལས་མེད་པའི་ཧོང་ཀོང་ས་གནས་ནི་དེང་སྐབས་འཛམ་གླིང་འདིར་ཏོག་དབྱིབས་ནད་དུག་འགོས་ནས་མི་ལ་འཆི་སྐྱོན་འབྱུང་ཡུལ་ཚབས་ཆེ་ཤོས་དེ་རེད། ཤར་ཡུ་རོབ་ཀྱི་རྒྱལ་ཁབ་པོ་ལན་ཌི་དང་ཧང་གྷ་རི། རོ་མེ་ཎི་ཡ་བཅས་ལ་ཡུཀ་རེན་གྱི་སྐྱོབ་བཅོལ་བ་ས་ཡ་༡་ལྷག་འབྱོར། རྒྱལ་ཁབ་དེ་དག་གི་མི་དམངས་ལ་ནད་འགོག་སྨན་ཁབ་ཤུགས་ཆེན་པོ་ཞིག་རྒྱག་ཐུབ་མེད་པས་མི་ལ་འཆི་སྐྱོན་ཕོག་པའི་གྲངས་ཚད་མཐོན་པོ་རེད། ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་འབེལ་པོ་ཡོད་པ་དང་ནད་འགོག་གི་མཐུན་རྐྱེན་འཛོམས་ཀྱང་ཨ་རི་བ་ས་ཡ་༡་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་ཕོག་འདུག་ཅེས་གནས་ཚུལ་སྤེལ། སིངྒ་པུར་གྱི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཏི་ཀི་པང་གིས་མི་ལ་འཆི་སྐྱོན་འཕོག་གི་ཡོད་པའི་མང་ཆེ་བ་ནི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་མ་བརྒྱབ་པ་རྣམས་རེད། ད་ལྟ་ཧོང་ཀོང་ལ་ཅི་ཞིག་འབྱུང་གི་ཡོད་པ་དེ་ནས་ཤེས་རྟོགས་ཐུབ། ཧོང་ཀོང་གི་འཆི་སྐྱོན་བྱུང་བ་རྣམས་སྨན་ཁབ་མ་བརྒྱབ་པ་རྣམས་ཡིན་པ་དང་མངའ་ཁུལ་དེའི་འཕྲོད་བསྟེན་ལམ་ལུགས་ཀྱང་སྦོ་ལུག་རྒྱུའི་མཚམས་སུ་སླེབས་འདུག་ཅེས་བཤད་འདུག

XS
SM
MD
LG