ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

འཛམ་ཐང་ཕྱོགས་སུ་༧གོང་ས་མཆོག་གི་སྐུ་པར་ཡོད་མེད་སྔོག་བཤེར།


 Dalai Lama at the Longwu monastery in Tongren Qinghai
Dalai Lama at the Longwu monastery in Tongren Qinghai

༄༅།། ཟླ་བ་འདིར་བོད་ནང་གི་འཛམ་ཐང་ཕྱོགས་སུ་རྒྱ་ནག་གཞུང་གིས་བོད་པའི་ཁྱིམ་ཚང་ཁག་ཏུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་ཡོད་མེད་སྔོག་བཤེར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་མིང་དངོས་སུ་བརྗོད་འདོད་མེད་མཁན་བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན། ཕྱི་ཟླ་༣་པའི་ནང་རྒྱ་ནག་གཞུང་གིས་ལོ་ལྟར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པས་རྔ་བ་ཁུལ། འཛམ་ཐང་རྫོང་ཁོངས་ཀྱི་ནམ་ཟླ་ཡུལ་ཚོའི་སྲིབ་མདའ་ཚང་དང་བྱ་ཡུལ་ཚང་། ཨ་རྒྱ་ཚང་དང་ནམ་ཟླ་ཚང་། འཛི་སྟོད་དང་འཛི་སྨད་བཅས་གྲོང་སྡེ་ཚང་མའི་ནང་དུ་ཕྱི་ཟླ་༣་པའི་ཚེས་༧་ནས་བཟུང་། ཁྱིམ་ཚང་རེ་རེ་བཞིན་གཅིག་ཀྱང་མ་ལུས་པར་རྒྱ་གཞུང་གི་དམག་མི་དང་ལས་བྱེད་པ་བསླེབས་ནས་རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་པར་སྒྲིག་གཤོམ་བྱེད་ཡོད་མེད་རྟོག་ཞིབ་དང་སྔོག་བཤེར་ཐེངས་ཁ་ཤས་བྱས་པ་རེད། གྲོང་སྡེ་ནང་དུ་རྒྱ་གཞུང་གི་ལས་བྱེད་པ་ཡོད་པའི་ཁྱིམ་ཚང་ཁག་ལ་ཉིན་རེར་སྔོག་བཤེར་ཐེངས་འགའ་ཤས་བྱས་སོང་། ཡིན་ནའང་རྒྱལ་བའི་སྐུ་པར་སྒྲིག་གཤོམ་བྱས་ནས་ནག་ཉེས་བཙུགས་ཡོད་པ་ར་སྤྲོད་བྱུང་བའི་གནས་ཚུལ་མི་འདུག རྒྱུ་རྐྱེན་ཅི་ཡིན་གསལ་བཤད་མེད་པར་འཛམ་ཐང་རྫོང་ཁོངས་ནས་མི་ཁ་ཤས་འཛིན་བཟུང་བྱུང་སོང་ཞེས་བཤད་འདུག

གསར་འགྱུར་མཁོ་སྤྲོད་པའི་མུ་མཐུད་དུ་བརྗོད་དོན་ལྟར་ན། ཁ་པར་ནང་དུ་ཕན་ཚུན་རྒྱལ་བ་རིན་པོ་ཆེའི་སྐུ་པར་བརྒྱུད་བསྐུར་བྱས་ནས་མི་ཁག་ཅིག་འཛིན་བཟུང་བྱུང་ཞིང་། དེ་མིན་ཕྱི་ཟླ་༣་པའི་ཚེས་༡༡་ཉིན་བོད་པ་གནས་མཇལ་བ་ཁག་ཅིག་སི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་སུ་ཡོད་པའི་དཔལ་ཡུལ་ཡ་ཆེན་ཆོས་སྒར་གཙོས་དགོན་པ་ཁག་ཏུ་གནས་སྐོར་དང་མཆོད་མཇལ་དུ་སོང་བ་རྣམས་རྒྱ་གཞུང་གི་ཉེན་རྟོག་པས་བཀག སྐབས་དེར་རྒྱ་གཞུང་གི་ཉེན་རྟོག་པ་༣༡༤་སྐབས་སུ་ས་གནས་གང་དུའང་འགྲོ་མི་ཆོག དགོན་པ་ཁག་ལ་མཆོད་མཇལ་དུ་འགྲོ་མི་ཆོག་པའི་བཀག་འགོག་བྱས་སོང་། དེང་སྐབས་ས་གནས་དེ་གར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་གསར་རྙིང་གང་འདྲ་ཞིག་ཡིན་རུང་མཆོད་གཤོམ་ནང་དུ་སྒྲིག་མི་ཆོག་པ་དང་དྲྭ་ལམ་བརྒྱུད་ནས་བོད་ཕྱི་ལོགས་སུ་འབྲེལ་བ་བྱེད་མི་ཆོག་པའི་དམ་དྲག་ཆེན་པོ་བྱེད་ཀྱི་འདུག ཕན་ཚུན་འདྲ་པར་བརྒྱུད་བསྐུར་བྱས་ཀྱང་རྒྱ་གཞུང་གིས་འཛིན་བཟུང་བྱེད་ཀྱི་འདུག བོད་པ་ཚོར་སྨྲ་བརྗོད་རང་དབང་དང་རང་གི་རྩ་བའི་བླ་མར་དད་པ་བྱེད་ཆོག་པའི་རང་དབང་ཡང་མི་འདུག རྒྱ་ནག་གི་དབང་བསྒྱུར་འོག་ཏུ་བོད་པ་ཚོས་དམ་དྲག་གི་དཀའ་ངལ་ཆེན་པོ་མྱོང་གི་ཡོད་པ་རེད་ཅེས་བཀྲལ།།

ད་དུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ས་ཡོངས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱས་དང་བྱེད་མུས་ཡིན་ཞིང་། རྒྱལ་ས་ལྷ་སར་གནས་འཁོད་བོད་པ་ཞིག་གིས་༣༡༤་ཉིན་མོའི་སྔ་རྗེས་སུ་ཁྲོམ་གཟིགས་སྒང་དང་བར་སྐོར་གྱི་ཚོང་ཁང་ཚང་མ་སྒོ་རྒྱག་ཏུ་བཅུག་སྟེ་ཐང་ཁྲོམ་སྟོན་མཁན་གཅིག་ཀྱང་ཡོང་མི་ཆོག་པའི་བཀག་འགོག་བྱས་པ་རེད། ཉིན་འདི་གར་ཁྲོམ་གཟིགས་སྒང་དང་བར་སྐོར་སོགས་སྔར་རྒྱུན་བཞིན་སྒོ་ཕྱེ་ཡོད་ཀྱང་མི་མང་འདུ་འཛོམས་ལ་དམག་མིས་དམ་དྲག་ཆེན་པོ་བྱེད་ཀྱིན་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱས་འདུག་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོག་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG