ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རིའི་མཚོན་ཆ་བཟོ་ཚོང་ཁང་ལ་རྒྱ་ནག་གིས་ཉེས་ཆད་གཅོད་རྒྱུ་ཡིན་ཟེར། 


ཨ་རིའི་ལོ་ཁི་མར་ཊིན་བཟོ་ཚོང་ལས་ཁང་གི་F-35B རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ།
ཨ་རིའི་ལོ་ཁི་མར་ཊིན་བཟོ་ཚོང་ལས་ཁང་གི་F-35B རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ།

༄༅།། དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ལོ་ཁི་མར་ཊིན་མཚོན་ཆ་བཟོ་ཚོང་ཁང་གིས་ཐེ་ཝན་ལ་མཆོན་ཆ་འཚོང་གི་ཡོད་པར་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་ལྷན་ཚོགས་ཐོག་ཏུ་བཤད་པ་ལྟར་ན། ཨ་མི་རི་ཀས་ཐེ་ཝན་ལ་དེང་རབས་ཅན་གྱི་མཚོན་ཆ་འཚོང་གི་ཡོད་པར་རྒྱ་ནག་གིས་ངོ་རྒོལ་དྲག་པོ་བྱ་རྒྱུ་ཡིན། ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་མཚམས་འཇོག་བྱ་དགོས། དེ་ལྟར་བྱུང་ན་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་ཟླ་འབྱུང་གི་ཡོད་པ་སྡུག་ཏུ་མི་འགྲོ་བའི་ཕན་ཐོགས་ཡོད། ཨ་རིའི་ལོ་ཁི་མར་ཊིན་མཚོན་ཆ་བཟོ་ཚོང་ཁང་ལ་རྒྱ་ནག་གིས་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བསྒྲགས། ཡིན་ནའང་ཀྲའོ་ལི་ཅན་གྱིས་ཨ་རིའི་ལོ་ཁི་མར་ཊིན་མཚོན་ཆ་བཟོ་ཚོང་ཁང་ལ་རྒྱ་ནག་གིས་ཉེས་ཆད་ཅི་ཞིག་གཅོད་རྒྱུ་ཡིན་མིན་གསལ་པོར་བཀྲལ་མེད་ཅིང་། རྒྱ་ནག་གིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་དེར་ཉེས་ཆད་གཅོད་རྒྱུའི་ཁྱབ་བསྒྲགས་བྱས་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་བ་བཟང་པོ་མེད་པར་སླར་ཡང་འགལ་རྐྱེན་གསར་པ་ཞིག་བསླངས།།

ཐེ་ཝན་གྱི་དབུས་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་གླིང་དེའི་བདེ་འཇགས་སྲུང་སྐྱོབ་ཀྱི་དགོས་མཁོ་ལྟར་ཐེ་ཝན་གཞུང་གིས་རེ་བ་བཏོན་པ་ལྟར་བདུན་ཕྲག་སྔོན་མར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཐེ་ཝན་ལ་ཨ་སྒོར་༦༢༠༠༠༠༠༠༠་གི་རྒྱལ་གཅེས་མེ་ཤུགས་འཕུར་མདེལ་འགོག་སྲུང་མཚོན་ཆ་དང་ས་ཐོག་ནས་མཁའ་དབྱིངས་སུ་འཕེན་རྒྱུའི་འཕུར་མདེལ་རྣམས་བཙོང་རྒྱུའི་ཆོག་མཆན་བཀོད་སོང་ཞེས་བསྒྲགས། ད་ལོ་ཨ་རིའི་གཞུང་གིས་ཐེ་ཝན་ལ་ཆེས་ཡར་ཐོན་གྱི་མཚོ་འོག་འཕུར་མདེལ་༡༨་དང་ཨ་རིའི་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༦༠་ལྷག ཨ་མི་རི་ཀའི་ལྕགས་ཁྲབ་འཁོར་ལོ་གསར་པ་རྣམས་བཙོང་རྒྱུའི་ཐག་བཅད། གཅིག་བྱས་ན་ཨ་མི་རི་ཀས་ཐེ་ཝན་ལ་ཕྲག་འཕེན་འཕུར་མདེལ་བཙོང་སྲིད་པའི་རེ་བ་ཆེ། ཉེ་དུས་ཤིག་ནས་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོང་རྒྱུ་ཤུགས་ཆེ་རུ་བཏང་བ་གཅིག་པུ་མིན་པར་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡོད་པ་སྟེ། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ལས་ཁུར་ཐེངས་གཉིས་པ་བཞེས་པའི་ཁྲི་སྟོན་མཛད་སྒོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་གསུང་འཕྲིན་ཞིག་བསྐུར་ཏེ་སྲིད་འཛིན་ཚེ་དབྱིན་ཝེན་ལ་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུ་རྒྱུ་ཡིན། ཐེ་ཝན་གྱི་དམངས་གཙོའི་འཕེལ་རྒྱས་ནི་འཛམ་གླིང་ཡོངས་ཀྱི་མིག་དཔེར་འོས་པ་ཞིག་ཏུ་གྱུར་འདུག ཐེ་ཝན་ལ་ཕྱི་ལོགས་ཀྱི་གནོན་ཤུགས་ཆེན་པོ་ཡོད་ཀྱང་རང་གི་མི་དམངས་ལ་གདམ་ཀ་དང་ལས་དོན་ཐག་གཅོད་ཀྱི་གོ་སྐབས་སྤྲད་སོང་ཞེས་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ལ་བསྔགས་བརྗོད་ཞུས་པར་མ་ཟད། ཨ་མི་རི་ཀས་ཐེ་ཝན་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་ཟུར་ཉན་པའི་གནས་བབ་ཡོད་པ་སླར་གསོ་བྱ་དགོས་ཞེས་རྒྱབ་སྐྱོར་བྱས་ཤིང་། འདས་པའི་ལོ་༤༠་ལྷག་ལ་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་མཚོན་ཆ་བཙོངས།།

ཕྱི་ཟླ་༧་ཚེས་༡༤་ཉིན་རྒྱ་ནག་གི་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆའི་ཉམས་ཞིབ་མཁས་པ་དབྱང་ཁྲེང་ཅུན་གྱིས་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་འཚོང་གི་ཡོད་པ་ནི་མཚོན་དོན་ཙམ་རེད། ཨ་རིའི་མཚོན་ཆ་དེ་ཚོས་ཐེ་ཝན་ལ་ཁ་བྲལ་གྱི་རེ་སྟོང་ཞིག་མ་གཏོགས་མཚོ་གླིང་དེའི་བདེ་འཇགས་སྲུང་སྐྱོབ་ལ་ཕན་ཐོགས་མེད་ཅེས་བཤད། གཟའ་འཁོར་སྔོན་མར་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་ཀྱང་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་འཚོང་གི་ཡོད་པར་བལྟས་ཚེ། ཨ་རིའི་གཞུང་ལ་རྒྱ་ནག་བཀག་སྐྱིལ་བྱ་འདོད་ཡོད་པ་ཧ་ཅང་གསལ་པོ་རེད། ང་ཚོས་ཨ་རིའི་གཞུང་གིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱ་དགོས་པའི་ནན་བརྗོད་བྱེད་ཀྱི་ཡོད། རྒྱ་ནག་དང་ཨ་མི་རི་ཀས་སྤྱི་བསྒྲགས་དོན་ཚན་གསུམ་ལ་མིང་རྟགས་བཀོད་པ་དེར་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་འཛམ་གླིང་འདིར་རྒྱ་ནག་གཅིག་ལས་མེད་པ། ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་ཀ་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་རྩ་དོན་ལ་ཨ་མི་རི་ཀས་ཁས་ལེན་བྱས་ཡོད་པར་བརྩི་འཇོག་ཚུལ་བཞིན་བྱ་དགོས། ཨ་མི་རི་ཀ་དང་ཐེ་ཝན་གཉིས་ཀྱིས་རྒྱ་ནག་དང་ཨ་རིའི་འབྲེལ་བར་འགལ་ཟླ་མི་སློང་བ་དང་ཐེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་བྱེད་ཀྱི་ཡོད་པར་གཡོལ་ཐབས་བྱ་དགོས་ཞེས་གནས་ཚུལ་སྤེལ།།

༢༠༡༩་ལོའི་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་སྙན་ཐོ་དེར་རྒྱ་ནག་གི་སྐམ་མཚོ་གནམ་གསུམ་གྱི་དྲག་པོའི་དཔུང་སྡེ་ཁག་ཡར་རྒྱས་བཏང་སྟེ་དེང་རབས་ཅན་ལ་སྒྱུར་གྱི་འདུག སྔོན་ཆད་རྒྱ་ནག་ལས་ཀྱང་ཐེ་ཝན་ལ་མཚོན་ཆའི་སྟོབས་ཤུགས་ཆེ་བ་ཡོད་ཀྱང་ཉེ་བའི་ལོ་ཤས་ཤིག་ནས་གནས་སྟངས་དེར་འགྱུར་བ་ཐེབས་ཀྱི་འདུག གལ་སྲིད་ཐེ་ཝན་མཚོ་འགག་ལ་དམག་འཁྲུག་ཅིག་ལངས་ན་ཐེ་ཝན་གྱི་དམག་གི་སྟོབས་ཤུགས་དེས་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་རེད་ཅེས་ཉེན་བརྡ་བཏང་ཞིང་། སྤྱིར་ཐེ་ཝན་གྱི་རྒྱལ་སྲུང་མཚོན་ཆ་ཕལ་མོ་ཆེ་ཨ་མི་རི་ཀ་ནས་ནང་འདྲེན་དང་ཐེ་ཝན་གྱི་དམག་ལ་ཨ་མི་རི་ཀས་སྦྱོང་བརྡར་སྤྲོད་ཀྱི་ཡོད་མོད། འོན་ཀྱང་ད་ལོ་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་གཞུང་གིས་ཀྱང་ཐེ་ཝན་ལ་དམག་གྲུའི་ཐོག་ཏུ་འཛུགས་རྒྱུའི་མཚོན་ཆ་བཙོངས། ༡༩༩༢་དང་༡༩༩༤་ལོར་ཧྥ་རན་སིའི་གཞུང་གིས་ཐེ་ཝན་ལ་འཐབ་འཛིང་གནམ་གྲུ་༦༦་དང་དམག་གྲུ་༦་བཙོངས། ད་ལྟ་ཐེ་ཝན་གྱིས་ཧྥ་རན་སིའི་མཚོན་ཆ་བཟོ་ཚོང་ལས་ཁང་དེར་ཧྥ་རན་སིའི་དམག་གྲུ་དང་འཐབ་འཛིང་གནམ་གྲུ་དེ་ཚོར་བཟོ་བཅོས་དང་ལྷུ་ལག་གསར་སྒྲིག་བྱེད་དུ་འཇུག་གི་ཡོད་པར་རྒྱ་ནག་གིས་ངོ་རྒོལ་བྱས་འདུག ཧྥ་རན་སིའི་གཞུང་གིས་ང་ཚོས་ལོ་མང་སྔོན་དུ་ཐེ་ཝན་ལ་འཐབ་འཛིང་གནམ་གྲུ་དང་དམག་གྲུ་བཙོངས་ཡོད་པ་དེ་ཚོར་བཟོ་བཅོས་དང་ལྷུ་ལག་གསར་སྒྲིག་བྱེད་ཀྱི་ཡོད། ང་ཚོས་མིང་རྟགས་བཀོད་པའི་ཚོང་ལས་གྱི་གན་རྒྱ་དེར་དམག་གྲུ་དང་འཐབ་འཛིང་གནམ་གྲུ་དེ་ཚོར་བཟོ་བཅོས་དང་ལྷུ་ལག་གསར་སྒྲིག་བྱ་དགོས་ཞེས་བཀོད་ཡོད་པས་ང་ཚོས་རང་གི་ཚོང་ལས་ཀྱི་ལས་འགན་སྒྲུབ་ཀྱི་ཡོད། འདི་ནི་རྒྱ་ནག་གཅིག་གི་རྩ་དོན་ལ་འབྲེལ་བ་མེད་པ་དང་ཧྥ་རན་སིའི་གཞུང་གིས་ཐེ་ཝན་ལ་མཚོན་ཆ་གསར་པ་བཙོངས་མེད་ཅེས་རྒྱ་ནག་གི་སྐྱོན་བརྗོད་ལ་དགག་པ་བརྒྱབ། ཧྥ་རན་སིའི་དམག་གྲུ་དང་འཐབ་འཛིང་གནམ་གྲུ་དེ་ཚོར་བཟོ་བཅོས་བརྒྱབ་ནས་ལྷུ་ལག་གསར་སྒྲིག་བྱས་ན་སྔོན་གྱི་ལས་རྟགས་ལ་འགྱུར་བ་ཐེབས་ཀྱི་མེད་ཀྱང་དམག་གྲུ་དང་འཐབ་འཛིང་གནམ་གྲུ་དེ་དག་གི་འཐབ་རྒོལ་ནུས་པ་ལྡབ་འགའ་ཞིག་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་རེད།།

རྒྱ་ནག་གཞུང་གིས་ཨ་རིའི་ལོ་ཁི་མར་ཊི་བཟོ་ཚོང་ཁང་ལ་ཉེས་ཆད་གཅོད་རྒྱུ་ཡིན་ཟེར་པ་དེས་བཟོ་ཚོང་ཁང་དེའི་ཚོང་ལས་ལ་ཕན་གནོད་ཀྱི་ཤུགས་རྐྱེན་ཅི་ཙམ་ཐེབས་རྒྱུ་ཡིན་མིན་བཤད། རྒྱ་ནག་གཞུང་གིས་རང་གི་བཟོ་ཚོང་ལས་ཁང་ཁག་ལ་ལོ་ཁི་མར་ཊིན་བཟོ་ཚོང་ཁང་གི་ཨེབ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུར་མཁོ་བའི་ལྷུ་ལག་རྣམས་ཕྱིར་ཚོང་བྱེད་མི་ཆོག་པའི་བཀག་སྡོམ་བྱ་སྲིད་ཅེས་ཉེན་བརྡ་བཏང་འདུག ཡིན་ནའང་ལོ་ཁི་མར་ཊིན་བཟོ་ཚོང་ཁང་གིས་ང་ཚོའི་ཨེབ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཁག་གི་ལྷུ་ལག་ཅིག་རྒྱ་ནག་ནས་ལེན་གྱི་ཡོད་པ་ཤེས་ཀྱི་མེད་ཅེས་ལན་བཏབ། མདོ་དོན་ཨ་མི་རི་ཀས་འཛམ་གླིང་ཡོངས་སུ་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་བཀག་སྡོམ་བྱས་ནས་མདུན་ལམ་མེད་པར་གཏོང་གི་ཡོད་པ་དང་། རྒྱ་ནག་གི་འཕྲུལ་ལས་བཟོ་ཚོང་ལས་ཁང་གཞན་ཁག་ལའང་ཨ་མི་རི་ཀས་དམ་དྲག་བྱ་རྒྱུ་འགོ་ཚུགས་ཀྱི་ཡོད་པས་རྒྱ་ནག་གིས་ཨ་མི་རི་ཀར་ལན་པ་སློག་རྒྱུ་ཡིན་ཞེས་རྫིག་རྫིག་བྱེད་ཀྱི་ཡོད་པ་ཞིག་ཡིན་ཤས་ཆེ། ཨ་རིའི་ལོ་ཁི་མར་ཊིན་བཟོ་ཚོང་ལས་ཁང་གི་ཨེབ་༣༥་དང་ཨེབ་༢༢་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཟོ་སྟངས་ཀྱི་འཕྲུལ་རིག་ལག་རྩལ་རྣམས་ཧ་ཅང་གི་གསང་བ་ཞིག་ཡིན་པས་རྒྱ་ནག་ལ་ནམ་ཡང་མཉམ་འབྲེལ་བྱ་མི་སྲིད། རྒྱ་ནག་གིས་ལོ་ཁི་མར་ཊིན་བཟོ་ཚོང་ཁང་གི་འཐབ་འཛིང་གནམ་གྲུ་བཟོ་སྟངས་དང་ཇུས་འགོད་ཀྱི་གསང་བའི་ཡིག་ཆ་རྣམས་རྐུ་འཁྱེར་བྱེད་པའམ། ཡང་ན་གཞན་ལ་དངུལ་སྒོར་སྤྲད་ནས་ཉོ་ཐབས་བྱེད་བཞིན་འདུག རྒྱ་ནག་གི་ཇཱེ་༢༠་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེ་ཨ་རིའི་ཨེབ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེའི་དཔེ་རིས་ལ་བལྟས་ནས་བཟོ་སྐྲུན་བྱས་པའི་རྟགས་མཚན་གསལ་པོ་འདུག་ཅེས་དམག་དོན་ཉམས་ཞིབ་པ་ཚོས་རྩོམ་ཡིག་མང་པོ་ཞིག་སྤེལ་ཡོད་པ་རེད།།

XS
SM
MD
LG