ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

༧གོང་ས་མཆོག་སིངྒ་ལར་མགྲོན་འབོད་ཞུས་པར་རྒྱ་ནག་དོགས་འདྲོག 


༄༅།། སིངྒ་ལའི་ནང་པའི་དགེ་འདུན་པ་ཚོས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་སིངྒ་ལར་ཕེབས་དགོས་པའི་གསོལ་བ་བཏབ་ཅིང་། ༧གོང་ས་མཆོག་ས་སིངྒ་ལར་ཆིངས་སྒྱུར་གནང་རྒྱུ་ཡིན་མིན་གསལ་བསྒྲགས་མ་སྤེལ་གོང་ནས་རྒྱ་ནག་གིས་དེ་ལ་བཀག་འགོག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༢་པའི་ཚེས་༡་ཉིན་ཌིབ་ལོ་མེ་ཊི་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་ནས་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེན་པོ་བསྐྱངས་པའི་སྐབས་དེར་སིངྒ་ལའི་ནང་པའི་ཆོས་རྒྱུད་ཅིག་གི་དགེ་འདུན་པའི་སྡེ་དང་ཆོས་སྡེ་དེའི་བླ་ཆེན་ཚོར་མཇལ་འཕྲད་གནང་ཞིང་། སིངྒ་ལའི་ནང་པའི་ཆོས་རྒྱུད་དེའི་བླ་མ་གཙོ་བོས་༧གོང་ས་ཏཱ་ལའི་བླ་མ་མཆོག་སིངྒ་ལ་ཆིབས་སྒྱུར་གནང་རོགས་ཞེས་སྙན་སེང་ཞུས། དེ་ནས་རྒྱལ་ས་ཀོ་ལོམ་བྷོར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཧུ་ཝེ་འཕྲལ་དུ་སིངྒ་ལའི་ནང་པའི་དགོན་པ་དེར་བཅར་ནས་དགོན་པའི་བླ་ཆེན་ཁག་ལ་ཏཱ་ལའི་བླ་མ་ནི་གྲྭ་པ་དཀྱུས་མ་ཞིག་མིན་པ་དང་ཁ་བྲལ་རིང་ལུགས་པ་ཞིག་རེད། ཁོ་པ་ཆོས་འབག་གྱོན་པའི་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཡིན་པ་དང་ཏཱ་ལའི་བླ་མས་བོད་རྒྱ་ནག་གི་མངའ་འོག་ནས་ཁ་བྲལ་གཏོང་ཐབས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་རེད་ཅེས་འགོག་རྐྱེན་བཟོས་པའི་གནས་ཚུལ་ཐོན་འདུག

ཌིབ་ལོ་མེ་ཊི་དུས་དེབ་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་རྡ་རམ་ས་ལར་གཞིས་ཚུགས་པའི་བཙན་བྱོལ་བོད་གཞུང་གིས་ད་ལྟའི་གནས་སྐབས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་སིངྒ་ལར་ཕེབས་འཆར་མེད་ཅེས་གསལ་བཀྲོལ་བྱུང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་འཛམ་གླིང་རྒྱལ་ཁབ་གང་དུ་ཕེབས་ཀྱང་རྒྱ་ནག་གིས་ངོ་རྒོལ་དང་འགོག་རྐྱེན་བཟོ་རྒྱུ་ཆོས་ཉིད་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་༡༩༥༩་ནས་རྒྱ་གར་དུ་བཞུགས་ཡོད་ཀྱང་ཨ་རུ་ན་ཅལ་མངའ་སྡེར་ཕེབས་ན་རྒྱ་ནག་གིས་ངོ་རྒོལ་བྱ་རྒྱུར་ཐེམ་མེད། ༧གོང་ས་ཏཱ་ལའི་བླ་མ་གདན་འདྲེན་ཞུ་བའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་ཉེས་ཆད་བཅད། དཔེར་ན་༢༠༡༦་ལོའི་ཕྱི་ཟླ་༡༡་པའི་ནང་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་ཕེབས་ཀྱང་རྒྱ་ནག་གིས་སོག་ཡུལ་ལ་དཔལ་འབྱོར་དང་ཚོང་ལས་བཀག་ནས་དགྲ་ལན་བསློགས། ད་ལྟ་རྒྱ་ནག་གིས་སིངྒ་ལར་གནོན་ཤུགས་སྤྲད་ནས་༧གོང་ས་ཏཱ་ལའི་བླ་མ་གནད་འདྲེན་ཞུ་རྒྱུ་འགོག་གི་ཡོད་པ་གཅིག་པུ་ག་ལ་ཡིན། ༢༠༡༧་ལོར་རྒྱ་ནག་གཞུང་ཚབ་ཁང་གིས་སིངྒ་ལའི་སྐད་ཡིག་གི་ཚགས་པར་ཨི་རི་དྷ་ལན་ཀ་ཌི་པ་ཞེས་པ་དེའི་ནང་དུ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ཏེ། ༧གོང་ས་མཆོག་གི་མཛད་རྣམ་མུ་འགོད་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་གནོན་ཤུགས་སྤྲད། དེ་བཞིན་སིངྒ་ལའི་བོད་རྒྱུད་ནང་བསྟན་མཐུན་ཚོགས་ཀྱིས་༧གོང་ས་ཏཱ་ལའི་བླ་མའི་སྐུ་པར་འགྲེམ་སྟོན་ཞིག་ཚུགས་པར་རྒྱ་ནག་གཞུང་ཚབ་ཁང་གིས་ངོ་རྒོལ་བྱས་པའི་གནས་ཚུལ་སྤེལ་འདུག

ཌིབ་ལོ་མེ་ཊི་དུས་དེབ་ཀྱིས་བོད་གནས་བསྐྱར་ཞིབ་དུས་དེབ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་སིངྒ་ལར་ཆིབས་སྒྱུར་གནང་རྒྱུ་བཀག་འགོག་བྱས་པ་ཐེངས་དང་པོ་མིན་ཞིང་། ༢༠༡༥་ལོར་རྒྱ་ནག་གི་ཕྱོགས་གཏོགས་སིངྒ་ལའི་སྲིད་འཛིན་ལ་འོས་འདེམས་ཀྱི་ཕམ་ཉེས་བྱུང་སྟེ་སྲིད་གཞུང་གསར་པ་ཞིག་ཚུགས། སིངྒ་ལའི་ནང་པའི་དབུ་ཁྲིད་ཁག་ལྡི་ལི་གསར་པར་བཅར་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་སིངྒ་ལར་ཕེབས་དགོས་ཞེས་གསོལ་བ་བཏབ། སིངྒ་ལའི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཞིག་གིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་ལ་དགེ་འདུན་པ་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུ་ཆོག་གི་རེད། ཡིན་ནའང་སིངྒ་ལའི་གཞུང་གིས་ཐོངས་མཆན་འབུལ་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ། ༧གོང་ས་ཏཱ་ལའི་བླ་མ་ཧ་ཅང་གི་རྩ་ཆེན་པོ་ཡིན་པ་ལྟར་རྒྱ་ནག་དང་སིངྒ་ལའི་འབྲེལ་བ་ནི་དེ་བས་ཀྱང་གནད་འགག་ཆེན་པོ་རེད་ཅེས་གསར་འགོད་པའི་དྲི་བར་ལན་གླན། བོད་པའི་མཐོ་རིམ་ལས་སྣེ་ཞིག་གིས་༧གོང་ས་མཆོག་སིངྒ་ལར་ཕེབས་འདོད་ཡོད་ཀྱང་གནས་ཚང་རྒྱལ་ཁབ་དེར་དཀའ་ངལ་དང་སྟབས་མ་བདེ་བ་འབྱུང་དུ་འཇུག་འདོད་མེད་པ་རེད་ཅེས་བཀྲལ།།

Chargé d'affaires Hu Wei called on Malwathu Mahanayake: (twitter Photo: Chinese Embassy in Sri Lank)
Chargé d'affaires Hu Wei called on Malwathu Mahanayake: (twitter Photo: Chinese Embassy in Sri Lank)

སིངྒ་ལའི་གཞུང་གིས་རྒྱ་ནག་ནས་ཨ་སྒོར་དུང་ཕྱུར་མང་པོ་བུ་ལོན་བསྐྱིས་ནས་དོམ་འོག་ཏུ་ལྷུང་སྟེ་རྒྱལ་ཁབ་དེའི་དཔལ་འབྱོར་དང་ཚོང་ལས། འཛུགས་སྐྲུན་སོགས་རྒྱ་ནག་ལ་མ་བརྟེན་ཐབས་མེད་དུ་གྱུར། དེང་སྐབས་སིངྒ་ལའི་དཔལ་འབྱོར་ཉམས་ཏེ་རྒྱ་ནག་གི་རོགས་སྐྱོར་མེད་པར་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་ཀྱང་སིངྒ་ལའི་དཔལ་འབྱོར་སླར་གསོ་ཆེད་དུ་ཨ་སྒོར་དུང་ཕྱུར་༢༩་བསྐྱི་དཀའ། ད་ལྟའི་གནས་སྟངས་འོག་ཏུ་སིངྒ་ལའི་གཞུང་གིས་རྒྱ་ནག་ལ་ཕོག་ཐུག་བཏང་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱལ་ཁབ་དེར་ཕེབས་ཆོག་པའི་ཐོངས་མཆན་འབུལ་རྒྱུ་ཁག་པོ་ཡིན་ཤས་ཆེ། རྒྱ་ནག་གཞུང་ཚབ་ཁང་དོགས་འདྲོག་མ་བླངས་པར་སིངྒ་ལའི་ཕྱི་སྲིད་ལྷན་ཁང་ལ་ཁ་པར་ཞིག་བཏང་ཡང་དོན་དག་འགྲུབ་ཐུབ། ཅིའི་ཕྱིར་ཞེ་ན་རྒྱ་ནག་ལ་ཕོག་ཐུག་བཏང་ན་སིངྒ་ལར་མཇུག་འབྲས་ཅི་ཞིག་སྨིན་རྒྱུ་ཡིན་མིན་རྒྱལ་ཁབ་དེའི་སྲིད་གཞུང་གིས་ཤེས་གསལ་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱལ་སྤྱིའི་ཐོག་ཏུ་སྙན་གྲགས་ཆེ་དྲགས་པ་དང་རྒྱ་ནག་རྣམ་རྟོག་ཚ་དྲགས་པ་སྨོས་ཅི་དགོས། དེས་ན་རྒྱ་ནག་དོགས་འདྲོག་ལངས་ཏེ་གོ་སྐབས་ཕྲ་མོ་ཞིག་ཀྱང་འཆོར་དུ་འཇུག་གི་མེད་པ་དང་གཞུང་ཚབ་པ་ཧུ་ཝེ་བྲེལ་མྱུར་གྱིས་ཀན་ཌི་དགོན་པར་བསྐྱོད་ནས་བླ་མ་ཚོར་ཐུག་འཕྲད་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཆིབས་སྒྱུར་འགོག་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་དང་པོའི་ཚེས་༢༥་ཉིན་ཀོ་ལོམ་བྷོ་གྷ་ཛེ་ཊི་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། སིངྒ་ལའི་ནང་པའི་དབུ་ཁྲིད་བླ་ཆེན་མཆོག་ལ་༧གོང་ས་ཏཱ་ལའི་བླ་མ་གདན་འདྲེན་ཞུ་འདོད་ཡོད་པར་མ་ཟད། ༧གོང་ས་ཏཱ་ལའི་བླ་མ་མཆོག་སིངྒ་ལར་ཕེབས་ཏེ་མི་ཚོགས་རྒྱ་ཆེན་པོ་འདུས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཚོང་ལས་སླར་གསོ་འབྱུང་རྒྱུར་ཕན་ཐོགས་ཐུབ་པའི་ཐུགས་རེ་བཅངས། ཁོ་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་རྡོ་རྗེ་གདན་ལ་ཕེབས་ན་མི་ཚོགས་ཆེན་པོ་འདུ་ཡི་འདུག གལ་སྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་སིངྒ་ལར་ཆིབས་སྒྱུར་བསྐྱངས་ན་འཛམ་གླིང་ཡུལ་གྲུ་གང་ས་ནས་ཡུལ་སྐོར་སྤྲོ་འཆམ་པ་དང་དད་ལྡན་ཆོས་ཞུ་བ་རྣམས་སིངྒ་ལར་འདུས་ཏེ་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་དང་ཡུལ་ལུང་ལ་བྱིན་གྱིས་བརླབ་ཐུབ་པའི་ཡིད་ཆེས་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གནས་བརྟན་སྡེ་པའི་ལུགས་ལ་འབྲེལ་བ་མེད་ཀྱང་སིངྒ་ལའི་མི་མང་ཚང་མས་༧གོང་ས་མཆོག་གི་དྲུང་ནས་གསུང་ཆོས་ཞུ་རྒྱུ་དང་ཆིབས་སྒྱུར་དེ་ཆབ་སྲིད་ལ་འབྲེལ་བ་མེད་པའི་ངོས་འཛིན་བྱེད་ཀྱི་འདུག ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་གི་ནང་པའི་དབུ་ཁྲིད་གྲགས་ཅན་ཞིག་ཡིན་པའི་ཆ་ནས་གོ་ལའི་ཁྱོན་དུ་ནང་ཆོས་དར་སྤེལ་གྱི་མཛད་རྗེས་ཆེན་པོ་འཇོག་གི་ཡོད་པ་དང་༡༩༨༩་ལོར་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG