ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༧/༡༧

རྒྱ་ནག་གི་ཚད་ལྡན་ས་ཁྲ་གསར་པ་དང་རྒྱ་དཀར་ནག་གི་རྩོད་གཞི། 


༄༅།། འདས་པའི་ཉིན་ཤས་རིང་རོ་ཡེ་ཊར་སི་དང་མཉམ་འབྲེལ་གསར་ཁང་སོགས་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་ཟླ་བའི་ཉིན་རྒྱ་ནག་གིས་ཚད་ལྡན་ས་ཁྲ་གསར་པ་ཞེས་པའི་ས་ཁྲ་ཞིག་བཏོན། ས་ཁྲ་དེའི་ནང་དུ་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་གཟེ་ལ་དང་སེངྒེ་རྫོང་། སྟང་ལུང་རྫོང་དང་ཝ་མོ་རི། མདེའུ་རི་དང་ལྷུན་གྲུབ་རི། མ་ནི་སྒང་དང་གཤེན་གཡོག་མོ་ཆུ། གུ་མིང་ཤིང་རྩེ་དང་ཏུ་ཏིང་། མིག་ཕན་དང་ཏུ་ལན་ཆུ། མགོ་གླིང་དང་གཏམས་པ། མེ་ལྕག་བཅས་ས་གནས་ཁག་༡༥་རྒྱ་ནག་གི་མངའ་ཁོངས་སུ་བཅུག་པར་རྒྱ་གར་གྱིས་ངོ་རྒོལ་དྲག་པོ་བྱས་ཤིང་། རྒྱ་གར་གྱི་གསར་འགྱུར་ལས་ཁུངས་ཁག་གིས་བཞུགས་སྒར་རྡ་རམ་ས་ལའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་སྣེ་ཚོ་དང་སྤྱི་འཐུས་ལྷན་ཁང་གི་འཐུས་མི་སོགས་ལ་རྒྱ་ནག་གི་ས་ཁྲའི་ནང་དུ་རྒྱ་གར་གྱི་ས་ཆ་བཅུག་པར་ལྟ་ཚུལ་ཅི་ཡོད་ཅེས་བཅར་འདྲི་ཞུས་པའི་གནས་ཚུལ་ཐོན་འདུག

སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ས་རྣམས་མོན་ཡུལ་གྱི་ཁོངས་གཏོགས་སུ་ཤིང་། ༡༩༡༤་ལོར་རྒྱ་གར་ལ་དབང་བསྒྱུར་བྱེད་མཁན་དབྱིན་ཇིའི་གོང་མའི་གཞུང་དང་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཚོས་སིམ་ལར་ཆིངས་ཡིག་བཞག་སྟེ་མེག་མ་ཧོན་ས་ཐིག་འཐེན་ནས་ཧིན་བོད་ས་མཚམས་དབྱེ་བ་ཕྱེ། བོད་ཀྱི་མངའ་ཁོངས་སུ་གཏོགས་པའི་མོན་ཡུལ་གྱི་ས་ཆ་རྒྱ་ཆེན་པོ་ཞིག་དབྱིན་ཇིར་སྤྲད། ༡༩༤༧་ལོར་རྒྱ་གར་ལ་རང་བཙན་ཐོབ་པའི་རྗེས་སུ་སིམ་ལའི་ཆིངས་ཡིག་ཏུ་འཁོད་པའི་ཐོབ་ཐང་རྣམས་རྒྱ་གར་གཞུང་གིས་རྒྱུན་འཛིན་བྱས་པ་རེད། བོད་ས་མ་ཤོར་གོང་དུ་ཧིན་བོད་ས་མཚམས་མ་གཏོགས་རྒྱ་དཀར་ནག་གི་ས་མཚམས་ཟེར་བ་ཞིག་མོད། བོད་ས་ཤོར་བའི་རྗེས་སུ་རྒྱ་དཀར་ནག་གི་ས་མཚམས་ཤིག་གསར་དུ་བྱུང་སྟེ་རྩོད་གཞི་ཆེ་རུ་སོང་། རྒྱ་ནག་ཅི་ཙམ་སྟོབས་འབྱོར་རྒྱས་ན་དེ་ཙམ་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ས་མཚམས་ཀྱི་རྩོད་གླེང་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག་ཅེས་བསྟན།།

༢༠༢༠་ལོའི་ཕྱི་ཟླ་༦་པའི་ནང་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་སྟེ་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཚབས་ཆེན་ཞིག་བྱུང་ནས་བཟུང་། ད་ལྟའི་བར་དུ་ལོ་གསུམ་ལྷག་ལ་རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན་ཏེ་དམག་འཁྲུག་ལང་རྒྱུའི་ཉེན་ཁ་བྱུང་། ཡིན་ནའང་ཁ་སྔོན་ཕྱི་ཟླ་༨་པའི་ཚེས་༢༢་ནས་༢༤་བར་དུ་ལྷོ་ཨ་ཧྥི་རི་ཀར་རྒྱ་དཀར་ནག་གཉིས་དང་བྷར་ཛིལ། ཨུ་རུ་སུ་དང་ལྷོ་ཨ་ཧྥི་རི་ཀ་བཅས་རྒྱལ་ཁབ་ལྔའི་མཐུན་ཚོགས་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམས་ཚོགས་འདུ་ཚོགས་པའི་སྐབས་སུ་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱུང་ཞིང་། སྲིད་བློན་མོ་དྷི་དང་ཞིས་ཅིན་ཕིང་གཉིས་ཧིན་བོད་ས་མཚམས་ཀྱི་རྩོད་གཞི་ཁག་མྱུར་དུ་ཐག་གཅོད་བྱ་དགོས་པའི་གྲོས་མཐུན་བྱུང་། ༢༠༢༠་ནས་ཟླ་བ་སྔོན་མ་བར་དུ་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་རིམ་པས་གྲོས་མོལ་ཐེངས་༡༩་བྱས་པའི་གནས་ཚུལ་ཐོན།།

ལྷོ་ཨ་ཧྥི་རི་ཀའི་ཐུག་འཕྲད་རྗེས་སུ་པེ་ཅིང་དང་ལྡི་ལི་གསར་པའི་འབྲེལ་བ་ཡར་རྒྱས་འགྲོ་ཐུབ་པའི་རེ་བ་དང་རྣམ་པ་ཞིག་ཤར། ཡིན་ནའང་དེ་ནས་གཟའ་འཁོར་གཅིག་གི་རྗེས་སུ་རྒྱ་ནག་གིས་ཚད་ལྡན་ས་ཁྲ་གསར་པ་ཞེས་པ་ཞིག་བཏོན་ནས་བསྐྱར་དུ་རྒྱ་གར་ལ་རྩོད་པ་ཆེན་པོ་བསླངས། ཕྱི་ཟླ་༨་པའི་ཚེས་༣༡་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གི་ཚན་ལྡན་ས་ཁྲ་གསར་པར་རྒྱ་གར་གྱིས་ངོ་རྒོལ་ཐལ་དྲགས་པ་ཞིག་བྱས་ན་དགེ་མཚན་མེད། རྒྱ་གར་གྱིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་གྱི་ཡོད་པ་རེད། ཨ་རུ་ན་ཅལ་མངའ་སྡེ་ཧྲིལ་པོའི་མིང་ལ་ཙང་ནན་ནམ། ལྷོ་ཡུལ་ཟེར་གྱི་ཡོད་པ་དང་ལྷོ་ཡུལ་ནི་བོད་ཀྱི་ས་ཆ་ཡིན་པས་མངའ་ཁུལ་དེར་རྒྱ་ནག་གི་བདག་དབང་ཁྱབ་ཆོག་པའི་ཐོབ་ཡོད་ཅེས་རྒྱ་གར་གྱི་ངོ་རྒོལ་ལ་དགག་པ་བརྒྱབ་འདུག

སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་གར་གྱིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་ཚེ། རྒྱ་གར་གྱིས་མེག་མ་ཧོན་ས་ཐིག་རྩ་འཛིན་བྱེད་མི་ཐུབ། གལ་སྲིད་རྒྱ་གར་གྱིས་མེག་མ་ཧོན་ས་ཐིག་རྩ་འཛིན་བྱེད་ན་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱེད་ཐུབ་རྒྱུ་ཁག་པོ་རེད། མེག་མ་ཧོན་ས་ཐིག་ནི་རྒྱ་གར་ལ་དབང་བསྒྱུར་བྱེད་མཁན་དབྱིན་ཇིའི་གཞུང་དང་བོད་གཞུང་དགའ་ལྡན་ཕོ་བྲང་གཉིས་ཀྱིས་མིང་རྟགས་བཀོད་པའི་ཆིངས་ཡིག་ཅིག་རེད་ཅེས་བཀྲལ། འདས་པའི་ལོ་མང་རིང་རྒྱ་དཀར་ནག་གཉིས་ཀས་མེག་མ་ཧོན་ས་ཐིག་ཅེས་དངོས་སུ་གླེང་སློང་བྱེད་མི་དགོས་པར་ཕྱོགས་གཉིས་ཀྱིས་དངོས་སུ་དབང་བསྒྱུར་བྱེད་བཞིན་པའི་ས་ཐིག་ཅེས་གྲོས་མོལ་ལན་མང་བྱས་ཀྱང་ས་མཚམས་ཀྱི་རྩོད་གཞི་ཐག་མ་ཆོད། རྒྱ་དཀར་ནག་གི་ས་མཚམས་རྩོད་གཞི་ཐག་གཅོད་བྱེད་ཐུབ་ཀྱི་མེད་པའི་འགག་རྩ་ནི་མེག་མ་ཧོན་ས་ཐིག་ལ་ཐུག་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལོའི་ཕྱི་ཟླ་༤་པའི་ནང་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཆ་༡༡་གི་མིང་བསྒྱུར། རྒྱ་ནག་གི་ཚད་ལྡན་ས་ཁྲ་གསར་པའི་ནང་དུ་ཨག་སའེ་ཅིན་ཡང་བཅུག་ཡོད་ཅིང་། ཨག་སའེ་ཅིན་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཡོད་ཀྱང་རྒྱ་གར་གྱིས་མངའ་ཁུལ་དེ་རྒྱ་གར་གྱི་ས་ཆ་ཡིན་ཞེས་རྩོད་པ་རྒྱག་གི་ཡོད་པར་མ་ཟད། རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གིས་༢༠༢༣་ལོའི་ཚད་ལྡན་ས་ཁྲ་གསར་པ་ཟེར་བ་ཞིག་བཏོན་ནས་རྒྱ་གར་གྱི་ས་ཆ་རྣམས་དེའི་ནང་དུ་བཀོད་ཡོད་པར་ང་ཚོས་ཕྱི་འབྲེལ་གྱི་འབྲེལ་ལམ་བརྒྱུད་ནས་ངོ་རྒོལ་དྲག་པོ་བྱས་ཡོད། རྒྱ་ནག་གི་རྩོད་གླེང་དེ་ཚོར་ཁུངས་ལུང་མེད་པ་དང་ང་ཚོས་དེ་ལ་མཐའ་གཅིག་དགག་པ་རྒྱག་རྒྱུ་ཡིན། རྒྱ་ནག་གི་ཐབས་ཇུས་དེས་ཕྱོགས་གཉིས་ཀྱི་ས་མཚམས་རྩོད་གཞི་སྡུག་ཏུ་གཏོང་གི་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ།།

གཟའ་མཇུག་འདིར་ལྡི་ལི་གསར་པར་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོ་ཚོགས་འདུ་འཚོགས་ཀྱི་ཡོད་ཀྱང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་ཚོགས་ཆེན་དེར་མཉམ་ཞུགས་བྱ་རྒྱུ་མིན། ཞིས་ཅིན་ཕིང་གི་ཚབ་ཏུ་རྒྱ་ནག་གི་སྲིད་བློན་ལི་ཆང་ཞུགས་རྒྱུ་ཡིན་ཞེས་གནས་ཚུལ་སྤེལ། སྲིད་དོན་ཉམས་ཞིབ་པ་ཚོས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ཡང་ལྡི་ལི་གསར་པའི་ཚོགས་འདུར་མཉམ་ཞུགས་བྱེད་ཕོད་ཀྱི་མེད་པས་ཞིས་ཅིན་ཕིང་ཡང་ལྡི་ལི་གསར་པའི་ཚོགས་འདུར་ཞུགས་ཀྱི་མེད་པ་རེད། གལ་སྲིད་ཞིས་ཅིན་ཕིང་ཚོགས་འདུར་ཞུགས་ན་རྒྱ་གར་གྱིས་རྒྱ་ནག་གི་ཚན་ལྡན་ས་ཁྲ་གསར་པ་ཞེས་པ་དེར་ངོ་རྒོལ་བྱས་ནས་ཁ་སྐྱེངས་པོ་ཞིག་ཏུ་འགྱུར་སྲིད་པར་འཛེམ་དོགས་བྱེད་ཀྱི་ཡོད་པ་ཡིན་སྲིད་ཅེས་ཚོད་དཔག་སྣ་ཚོགས་ཤིག་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༩་པའི་ཚེས་༤་ཉིན་རྒྱ་གར་གྱི་ཕྱི་བལྟས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཚད་ལྡན་ས་ཁྲ་གསར་པའི་ནང་དུ་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་དང་ཨག་སའེ་ཅིན་གཉིས་བཀོད་ཡོད་པ་གཅིག་པུ་ག་ལ་ཡིན། ཨུ་རུ་སུའི་བྷོལ་ཤོ་ཡེ་སུ་རི་སི་ཀི་གླིང་ཕྲན་ནམ། རྒྱ་སྐད་དུ་ཧི་ཞ་ཙི་ཞེས་པའི་གླིང་ཕྲན་ཡང་རྒྱ་ནག་གི་ས་ཆ་ཡིན་ཞེས་ས་ཁྲའི་ནང་དུ་བཀོད་འདུག དེ་བཞིན་ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོའི་རྒྱ་ཁྱོན་བརྒྱ་ཆ་༩༠་ལྷག བལ་ཡུལ་དང་རྒྱ་གར་གྱི་རྩོད་གཞི་གྱུར་པའི་ཀ་ལ་པ་ཎི་དང་ལིམ་ཕི་ཡ་དྷུ་ར། ལི་ཕུག་ལེགས་གསུམ་རྒྱ་གར་གྱི་ས་ཆ་རེད་ཅེས་རྒྱ་ནག་གི་ཚན་ལྡན་ས་ཁྲ་གསར་པའི་ནང་དུ་བཀོད་ཡོད་པས་བལ་ཡུལ་གཞུང་གིས་རྒྱ་ནག་ལ་ངོ་རྒོལ་དྲག་པོ་བྱས་འདུག རྒྱ་གར་དང་ཨིན་རྡུ་ནེ་ཤི་ཡ། མ་ལེ་ཤི་ཡ་དང་ཐེ་ཝན་བཅས་ཀྱིས་རྒྱ་ནག་གི་ས་ཁྲ་གསར་པར་ངོ་རྒོལ་བྱས་ཀྱང་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་དམིགས་འབེན་གཙོ་བོ་དེ་རྒྱ་གར་དང་ཐེ་ཝན། ཧྥི་ལི་ཕིན་གསུམ་རེད་ཅེས་གསར་འགྱུར་སྤེལ་འདུག

རྒྱ་གར་གྱི་ཕྱི་བལྟས་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ས་ཁྲ་གསར་པའི་ནང་དུ་ཨུ་རུ་སུའི་གླིང་ཕྲན་ཞིག་བཀོད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ཅིའི་ཕྱིར་ཞེ་ན་རྒྱ་ནག་དང་ཨུ་རུ་སུ་གཉིས་ཕྱོགས་གང་ཐད་དུ་མཉམ་འབྲེལ་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མངོན། ཨུ་རུ་སུའི་དགག་པ་དེ་རྒྱ་གར་ལྟར་དྲག་པོ་དང་ནན་པོ་ཞིག་མིན་རུང་རྒྱ་ནག་གི་ས་ཁྲ་གསར་པ་དེ་༢༠༠༥་ལོར་ཕྱོགས་གཉིས་ཀྱིས་གྲོས་མཐུན་བཞག་པའི་འབྲུ་དོན་ཁག་ལ་རྒྱབ་འགལ་བྱུང་བ་གསོལ་སྟོན་བྱས་འདུག རྒྱ་ནག་གིས་ལ་དྭགས་ནི་བོད་ཀྱི་ནུབ་ཕྱོགས་ཡིན་པ་དང་ཨ་རུ་ན་ཅལ་ནི་བོད་ཀྱི་ལྷོ་ཕྱོགས་ཡིན་ཞེས་སྒྲུབ་བྱེད་བཀོད་ནས་རྒྱ་གར་ལ་རྩོད་གླེང་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

འབྲེལ་ཡོད།

XS
SM
MD
LG