ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་དང་སྒེར་པ་ཚོ་བུ་ལོན་ནང་དུ་ཚུད།


རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་དང་སྒེར་པ་ཚོ་བུ་ལོན་ནང་དུ་ཚུད།
རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་དང་སྒེར་པ་ཚོ་བུ་ལོན་ནང་དུ་ཚུད།

༄༅།། རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་དང་མི་མང་སྒེར་པ་རྣམས་བུ་ལོན་ནང་དུ་ཚུད། རྒྱ་གི་འགོ་ཁྲིད་ཚོས་ལོ་འདིར་དཔལ་འབྱོར་བརྒྱ་ཆ་༥་འཕེལ་རྒྱས་འགྲོ་རྒྱུའི་དམིགས་ཚད་བཟུང་བ་འགྲུབ་དཀའ་བ་ཞིག་ཏུ་གྱུར། ཕྱི་ཟླ་༣་པའི་ཚེས་༡༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ལྷོ་ཕྱོགས་ཀྱི་ཧུའི་ཀྲུག་གྲོང་ཁྱེར་དུ་གནས་འཁོད་ལེ་ཞའོ་ཡུའི་ཞེས་པའི་རྒྱ་མོ་ཞིག་ལ་བུ་ལོན་གྱི་དཀའ་ངལ་ཆེན་པོ་ཕྲད། ཁོ་མོས་ཟླ་བ་རེར་དངུལ་ཁང་ལ་སྤྲོད་དགོས་པའི་ཁང་པའི་བུ་ལོན་འཇལ་མ་ཐུབ། དངུལ་ཁང་གིས་ཁང་པ་རྩིས་ལེན་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ད་ལྟ་ལེ་ཞའོ་ཡུས་དངུལ་ཁང་གི་ཁ་པར་ལེན་ཕོད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག ཁོ་མོས་ང་ལ་ཡོད་པ་ནི་ཁང་པ་འདི་འབའ་ཞིག་ཡིན། ངས་ཁང་པ་འདི་དངུལ་ཁང་ལ་བཙན་འཕྲོག་བྱེད་དུ་འཇུག་འདོད་མེད་ཀྱང་ང་ལ་བྱ་ཐབས་ཟད་ཅེས་བཤད། ལེ་ཞའོ་ཡུའི་ནི་ལོ་༣༨་ཡིན་པ་དང་༢༠༢༢་ལོར་དངུལ་རྩ་ཉམས་ཞིབ་ཀྱི་ལས་ཀ་ཤོར། ཁོ་མོས་ལས་ཀ་མ་ཤོར་གོང་དུ་རྒྱ་སྒོར་ས་ཡ་༡་དང་འབུམ་༣་བུ་ལོན་བསྐྱིས་ནས་ཁང་པ་ཞིག་ཉོས།།

རྒྱ་ནག་གི་ས་ཁང་ཚོང་ལས་ཕལ་ཆེ་བ་མ་རྩ་བརྡིབས་པ་དང་ས་གནས་སྲིད་གཞུང་ཁག་བུ་ལོན་འོག་ནས་མ་ཐར། རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱེད་ཐུབ་ཀྱི་མེད་པ་བཅས་ཀྱིས་ལེ་ཞའོ་ཡུའི་ལྟར་ཁང་པའི་བུ་ལོན་འཇལ་མ་ཐུབ་པར་དངུལ་ཁང་གིས་ཁང་པ་རྩིས་ལེན་བྱེད་ཀྱི་ཡོད་པ་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཁོ་མོས་ངས་ལོ་༧་གྱི་སྔོན་དུ་ཁང་པ་ཞིག་ཉོས་ནས་དངུལ་ཁང་ལ་བུ་ལོན་འཇལ་ཏེ་འཚོ་བ་སྐྱིད་པོ་ཞིག་རོལ་མེད། ངས་གཞོན་ནུའི་དུས་སྐབས་ཆུད་ཟོས་སུ་བཏང་བར་འགྱོད་པ་སྐྱེ་ཡི་འདུག་ཅེས་གསར་འགོད་པར་སྡུག་སྐད་བརྒྱབ། དེང་སྐབས་རྒྱ་ནག་གི་ས་གནས་ཁག་ཏུ་ཟླ་བ་རེར་ཁང་པའི་བུ་ལོན་འཇལ་ཐུབ་ཀྱི་མེད་པའི་མི་གྲངས་ཇེ་མང་དུ་ཕྱིན་ཏེ་ས་ཁང་ཚོང་ལས་ཉམས། རྒྱ་ནག་མི་མང་གིས་དངུལ་སྒོར་འགྲོ་གྲོན་གཏོང་ཕོད་ཀྱི་མེད་པ་དང་གཞུང་གིས་ཁང་ཚོང་ལ་བརྟེན་ནས་དཔལ་འབྱོར་སླར་གསོ་བྱ་རྒྱུའི་དམིགས་ཡུལ་ཞིག་བཅངས་ཡོད་པར་ལྷོངས་མ་བྱུང་།།

རྒྱ་ནག་གི་ས་གནས་ཁག་ཏུ་དངུལ་ཁང་གིས་ཁང་པ་རྩིས་ལེན་བྱས་པའི་གྲངས་འབོར་བརྒྱ་ཆ་༤༣་ཟིན། ༢༠༢༣་གཅིག་པུར་ཁང་པ་༣༨༩༠༠༠་དངུལ་ཁང་ཁག་གིས་རྩིས་ལེན་བྱས་པ་དང་ལོ་འདིའི་ཕྱི་ཟླ་དང་པོའི་ནང་དུ་ཁང་པ་ཁྲི་ཚོ་༥་ལྷག་དངུལ་ཁང་ཁག་གིས་རྩིས་བླངས། སྔ་ལོ་དང་བསྡུར་ན་ལོ་འདིའི་ཟླ་བ་གཅིག་གི་ནང་དུ་དངུལ་ཁང་གིས་ཁང་པ་རྩིས་ལེན་བྱས་པ་བརྒྱ་ཆ་༦༤.༤་མང་དུ་སོང་། ཧྭ་པའོ་ཡིད་ཆེས་ཁང་གི་དཔལ་འབྱོར་ཉམས་ཞིབ་པ་ཉེ་ཝེན་གྱིས་ཁང་པའི་བུ་ལོན་སྤྲོད་འཇལ་མ་ཐུབ་པར་ཁང་པ་དངུལ་ཁང་གི་རྩིས་ལེན་བྱེད་ཀྱི་ཡོད་པ་དེས་རྒྱ་ནག་མི་མང་གི་འགྲོ་གྲོན་གཏོང་ཕྱོགས་ལ་ཚོད་འཛིན་ཐེབས་པ་དང་དངུལ་སྒོར་ཡོད་ཚད་ས་ཁང་ཚོང་ལས་ལ་མ་རྩ་བཙུགས་ན་ཉེན་ཁ་ཆེན་པོ་ཡིན་པ་ར་འཕྲོད་དུ་བཅུག་སོང་ཞེས་བསྟན། ༢༠༢༣་ལོར་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་རྒྱ་སྒོར་ཐེར་འབུམ་༡༥༠་ཐམ་པའི་མ་རྩ་སྟེ། ཁང་པ་༩༩༠༠༠་དངུལ་ཁང་ཁག་གིས་རྩིས་བླངས་ནས་འབམ་ཚོང་བརྒྱབ་པའི་གནས་ཚུལ་ཐོན།།

ལེ་ཞའོ་ཡུའི་ལྟ་བུའི་རྒྱ་ནག་པ་ཚོས་དངུལ་སྒོར་འགྲོ་གྲོན་མ་བཏང་བར་བསགས་ནས་བཞག ཁོ་མོས་སྔ་ལོ་དྲྭ་ལམ་དུ་དངོས་ཟོག་བཙོངས་ནས་རྒྱ་སྒོར་ཁྲི་ཚོ་༤་ཡས་མས་ཤིག་འདུ་འགོད་ཐུབ་ཀྱང་ཟླ་བ་རེར་རྒྱ་སྒོར་༤༢༠༠་ཁང་པའི་བུ་ལོན་འཇལ་དགོས་པ་དང་འཚོ་བའི་འགྲོ་གྲོན་རྣམས་ཁ་མ་ཐོན། ལེ་ཞའོ་ཡུས་ངའི་ལུས་ཀྱི་གྱོན་གོས་རྣམས་ལོ་ལྔའི་གོང་དུ་ཉོས་པ་ཡིན། ང་རྒྱགས་པ་ཆགས་ཏེ་གྱོན་གོས་ཁག་ཅིག་ཤོང་གི་མི་འདུག ང་ལ་གྲོགས་མོ་ཞིག་གིས་སྟོད་གོས་རྙིང་པ་ཞིག་སྤྲད་བྱུང་། ང་༢༠༡༧་ནས་ཡུལ་སྐོར་སྤྲོ་འཆམ་དུ་ཕྱིན་མེད། ངའི་ཨ་མར་ཟླ་བ་རེར་རྒྱ་སྒོར་༣༠༠༠་རེའི་རྒས་ཕོགས་ལས་མེད། ངས་རང་གི་ཨ་མར་ལྟ་རྟོག་བྱེད་ཐུབ་ཀྱི་མེད་པར་བློ་ཕམ་ཆེན་པོ་འདུག་ཟེར། རྒྱ་ནག་ཏུ་༢༠༡༩་ལོར་རྒྱ་སྒོར་༣༡༠༠༠༠་སྤྲོད་དགོས་པའི་ཁང་པ་ཞིག་ལ་༢༠༢༣་ལོར་རྒྱ་སྒོར་༡༧༠༠༠༠་བྱས་ནས་དངུལ་ཁང་གིས་འབམ་ཚོང་ཐེངས་བརྒྱབ་ཀྱང་ཉོ་མཁན་བྱུང་མེད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་གྷོལ་ཌི་མན་སེག་དངུལ་ཁང་
ཨ་རིའི་གྷོལ་ཌི་མན་སེག་དངུལ་ཁང་

ཕྱི་ཟླ་༣་པའི་ཚེས་༡༣་ཉིན་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ལེའོ་ཉིང་དང་ཧེ་པེ། གུའི་ཀྲུག་དང་ཐེན་ཅིན་སོགས་བུ་ལོན་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་ཞིང་ཆེན་ཁག་དང་གྲོང་ཁྱེར་གྱི་སྲིད་གཞུང་ཁག་གི་ལས་སྣེ་ཚོས་དངུལ་ཁང་ཁག་གི་འགོ་ཁྲིད་ཚོར་ཐུག་འཕྲད་བྱས་ནས་བུ་ལོན་སྒྲུབ་འཇལ་གྱི་འབྲུ་དོན་ཁག་ལ་བསྐྱར་དུ་གྲོས་མོལ་བྱས་ཤིང་། འདས་པའི་ལོ་བཅུ་ཕྲག་གཅིག་ལ་རྒྱ་ནག་གི་ས་གནས་སྲིད་གཞུང་གིས་དངུལ་ཁང་ཁག་ནས་བུ་ལོན་བསྐྱིས་ཏེ་རྒྱ་ལམ་དང་ལྕགས་ལམ། གནམ་ཐང་དང་གྲུ་ཁ། སྤྱི་གླིང་དང་ཁང་པ་སོགས་འཛུགས་སྐྲུན་ཚད་མེད་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་ཕན་ཐོགས་བྱུང་ཡང་ས་གནས་སྲིད་གཞུང་གིས་དངུལ་ཁང་ལ་ཆད་པའི་བུ་ལོན་ནི་ལོ་ལྟར་སྐྱེད་ཀ་འཕར། ཨ་རིའི་གྷོལ་ཌི་མན་སེག་དངུལ་ཁང་ནས་རྒྱ་ནག་གི་སྤྱི་ཡོངས་དཔལ་འབྱོར་བསྡོམས་འབོར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༡༨་ལོན་རུང་ས་གནས་སྲིད་གཞུང་ཁག་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༡༣་གྱི་བུ་ལོན་འདུག་ཅེས་གཞི་གྲངས་བཏོན།།

ཉེ་ཆར་པེ་ཅིང་དུ་མཇུག་སྒྲིལ་མ་ཐག་པའི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གཉིས་ལ་སྐུ་ཚབ་རྣམས་ཚོགས་ཞུགས་བྱས་མོད། འོན་ཀྱང་བུ་ལོན་འོག་ནས་ཐར་གྱི་མེད་པའི་རྒྱ་ནག་གི་ཞིང་ཆེན་ཁག་དང་གྲོང་ཁྱེར་ཁག་གི་འཐུས་མི་ཚོས་གཞུང་གི་དངུལ་ཁང་ཁག་གི་འགོ་ཁྲིད་ཚོར་ཐུག་འཕྲད་བྱས་ནས་བུ་ལོན་སྒྲུབ་འཇལ་གྱི་འབྲུ་དོན་ཁག་བསྐྱར་བཅོས་ཡོང་ཐབས་སུ་གྲོས་མོལ་གཙོ་བོ་བྱས་འདུག རྒྱ་ནག་གི་དངུལ་ཁང་ཞིག་གི་ལས་སྣེ་མིང་འདོན་མ་བྱས་པ་ཞིག་གིས་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་འགོ་ཁྲིད་ཚོ་ཚོགས་ཆེན་གཉིས་ལ་ཕེབས་པ་རེད། ཡིན་ནའང་ཁོ་ཚོས་དངུལ་ཁང་ཁག་གི་འགོ་ཁྲིད་ཚོར་བུ་ལོན་རྙིང་པ་གཅོག་འཕྲི་དང་མ་འོངས་པར་དངུལ་སྒོར་སྐྱི་ཕྱོགས་སོགས་ལ་གྲོས་སྡུར་བྱས་སོང་། ལྷག་པར་དུ་ལེའོ་ཉིང་ཞིང་ཆེན་གྱི་ལས་སྣེ་ཚོས་རྒྱ་ནག་གི་བཟོ་ལས་དང་འཛུགས་སྐྲུན་དངུལ་ཁང་ཚུད་པའི་གཞུང་གི་དངུལ་རྩའི་ཚན་པ་༡༨་ཀྱི་ལས་སྣེ་ཚོར་ཐུག་འཕྲད་བྱས་སོང་ཞེས་བཀྲལ། ཧེ་པེ་ཞིང་ཆེན་དང་ཐེན་ཅིན་གྲོང་ཁྱེར་གྱི་ལས་སྣེ་ཚོས་རྒྱ་ནག་དངུལ་ཁང་གི་ལས་སྣེ་ཚོར་ཐུག་འཕྲད་གྲོས་མོལ་བྱས་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་ཚོགས་ཆེན་གཉིས་མ་ཚོགས་སྔོན་ནས་ས་གནས་སྲིད་གཞུང་ཁང་གི་ལས་སྣེ་ཚོས་གཞུང་གི་འབྲེལ་ཡོད་ཚན་པ་ཁག་ལ་བུ་ལོན་སྒྲུབ་འཇལ་གྱི་གན་རྒྱ་ཁག་བསྐྱར་བཅོས་ཀྱི་གྲོས་མོལ་བྱེད་ཆོག་པའི་བོད་སྐུལ་ཞུས། མུ་ཌི་མ་རྩ་འཛུགས་འཇོག་ཁང་གི་འཛིན་སྐྱོང་འགན་འཛིན་ཨི་ཝན་ཁྲུང་གིས་བཤད་པ་ལྟར་ན། རྒྱ་ནག་གི་ས་གནས་སྲིད་གཞུང་ཁང་གི་ཡོང་འབབ་དང་བུ་ལོན་གཉིས་ཁ་མ་མཚུངས་པར་དཔལ་འབྱོར་ཉམས་ཞན་གྱི་ཞིང་ཆེན་ཁག་གིས་བུ་ལོན་སྒྲུབ་འཇལ་གྱི་གྲོས་མཐུན་བསྐྱར་བཅོས་བྱ་དགོས་པའི་རེ་བ་མ་བཏོན་ཐབས་མེད་རེད་ཅེས་སྨྲས། རྒྱ་ནག་གི་དངུལ་ཁང་ཁག་དང་ལའོ་ཉིང་། ཧེ་པེ་ཞིང་ཆེན་དང་ཐེན་ཅིན་གྲོང་ཁྱེར་གཞུང་གིས་དངུལ་རྩའི་ཚགས་པར་གྱི་འགོད་པའི་དྲི་བ་ཁག་ལ་ལན་འདེབས་མ་བྱུང་། སྔ་ལོ་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེན་ཅིན་ཚུད་པའི་དཔལ་འབྱོར་ཉམས་ཞན་གྱི་གྲོང་ཁྱེར་དང་ཞིང་ཆེན་༡༠་ལྷག་ལ་ཞིབ་འཇུག་རུ་ཁག་བཏང་འདུག

ཕྱི་ཟླ་༣་པའི་ཚེས་༩་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ས་གནས་ཁག་གི་གྲས་སུ་བུ་ལོན་ཆེན་པོ་འཁོར་ཡོད་པ་ཞིག་ནི་གུའི་ཀྲུག་ཞིང་ཆེན་ཡིན་ཞིང་། གུའི་ཀྲུག་གི་ཡུལ་ལྗོངས་མཛེས་སྡུག་ལྡན་པ་དང་རི་ཆུ་ནགས་གསུམ་འཛོམས་པ། མཚོ་དང་མཚེའུ། ཟམ་པ་དང་རྐང་ལམ་སོགས་ནི་འཛམ་གླིང་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ལྟད་མོར་བལྟ་ཡུལ་དུ་གྱུར་ཀྱང་ཞིང་ཆེན་དེའི་མི་མང་གི་སྤྱི་ཡོངས་དཔལ་འབྱོར་ཡོང་འབབ་རྒྱ་ནག་གི་ཞིང་ཆེན་ཁག་གི་གྲས་སུ་ཆེས་དམའ་ཤོས་ཡིན་འདུག རྒྱ་ནག་གཞུང་གིས་ཞིང་ཆེན་རེའི་སྤྱི་ཡོངས་དཔལ་འབྱོར་ཡོང་འབབ་ཀྱི་བརྒྱ་ཆ་༦༠་བརྒལ་ནས་བུ་ལོན་བསྐྱི་མི་ཆོག་ཅེས་གཏན་དུ་ཕབ། ༢༠༢༣་ལོར་གུའི་ཀྲུག་ཞིང་ཆེན་གཞུང་གི་བུ་ལོན་གྱི་ཚད་གཞི་ཞིང་ཆེན་དེའི་སྤྱི་ཡོངས་དཔལ་འབྱོར་ཡོང་འབབ་ཀྱི་བརྒྱ་ཆ་༧༢་བརྒལ། ཕྱི་ཟླ་༢་པའི་ཚེས་༢༣་ཉིན་གུའི་ཀྲུག་ཞིང་ཆེན་གཞུང་གིས་༢༠༢༣་ལོ་དང་བསྡུར་ཚེ། ད་ལོ་གུའི་ཀྲུག་ཞིང་ཆེན་གཞུང་གིས་འཛུགས་སྐྲུན་ལས་གཞི་བརྒྱ་༦༠་ཉུང་དུ་བཏང་ཡོད་ཅེས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG