ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་ལ་ནད་རླབས་གསར་པ་འཕྱུར་ནས་བདུན་ཕྲག་རེ་ལ་མི་ས་ཡ་༡༡་རེར་ནད་དུག་འགོ་ཉེན། 


༄༅།། ཉེ་དུས་ཤིག་ནས་རྒྱ་ནག་ལ་ཏོག་དབྱིབས་ནད་རླབས་གསར་པ་ཞིག་འཕྱུར། ཕྱི་ཟླ་༦་པའི་ཟླ་དཀྱིལ་དུ་ནད་དུག་ཁྱབ་གདལ་གྱི་ངར་སྒར་དུ་བསླེབས་ནས་བདུན་ཕྲག་རེར་མི་གྲངས་ས་ཡ་༡༡་རེར་ནད་དུག་འགོ་རྒྱུའི་ཚོད་དཔག་བྱས་འདུག གཟའ་ཕུར་བུའི་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་གྱིས་དབྱིན་ཇིའི་ཨེར་ཧྥི་ནི་ཊི་ཞིབ་འཇུག་ཁང་གི་སྙན་ཐོ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་མི་མང་དུང་ཕྱུར་༡་དང་ས་ཡ་༡༢་ལ་ནད་དུག་འགོ་སྲིད། ཕྱི་ཟླ་༥་པའི་ཟླ་མཇུག་དེར་རྒྱ་ནག་གི་ནད་ཡམས་བརྟག་དཔྱད་མཁས་པ་ཀྲུང་ནན་ཧྲན་གྱིས་ཏོག་དབྱིབས་ནད་རླབས་གསར་པ་ཞིག་འཕྱུར་གྱི་ཡོད་པ་དེ་ཕྱི་ཟླ་༦་པའི་ཟླ་མཇུག་ཏུ་ངར་སྒང་ལ་སླེབས་ས་རེད། བདུན་ཕྲག་རེར་མི་གྲངས་ས་ཡ་༦༥་རེར་ནད་དུག་འགོ་ཉེན་འདུག་ཅེས་བསྟན། དེ་ནི་དབྱིན་ཇིའི་ཨེར་ཧྥི་ནི་ཊི་ཞིབ་འཇུག་ཁང་གི་ཚོད་དཔག་ལས་ལྡབ་༦་མང་ཞིང་། དེང་སྐབས་རྒྱ་ནག་ལ་ཁྱབ་ཀྱི་ཡོད་པའི་ནད་དུག་དེ་ཨོ་མཱི་ཀོ་རོན་ནས་མཆེད་པའི་XBB་ཞེས་འབོད་པའི་ཏོག་དབྱིབས་ནད་དུག་དེ་ཡིན་པའི་གནས་ཚུལ་ཐོན་འདུག

དབྱིན་ཇིའི་ཨེར་ཧྥི་ནི་ཊི་ཞིབ་འཇུག་ཁང་གི་ཉམས་ཞིབ་པས་ང་ཚོས་རྒྱ་ནག་གི་ས་གནས་ཁག་ཏུ་ནད་རླབས་གསར་པ་ཞིག་འཕྱུར་གྱི་ཡོད་པ་དེ་ཕྱི་ཟླ་༦་པའི་མགོ་སྟོད་དུ་ངར་སྒང་ལ་བསླེབས་ཟིན་ཞིང་། བདུན་ཕྲག་རེར་མི་གྲངས་ས་ཡ་༡༡་ལ་ནད་དུ་འགོས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། ང་ཚོས་ནད་རྟགས་ཐོན་པ་ཁོ་ན་རྩི་ཡི་ཡོད་ཅེས་བཀྲལ། རྒྱ་ནག་གི་རིམས་ནད་བརྟག་དཔྱད་མཁས་པ་ཀྲུང་ནན་ཧྲན་གྱིས་ཚོད་དཔག་བྱས་པ་དེའི་ཁུངས་ལུང་ཅི་ཡིན་གསལ་བཀྲོལ་མ་བྱུང་། རྒྱ་ནག་གི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་ཁྱབ་ནས་ནད་པ་ཅི་ཙམ་ཐོན་གྱི་ཡོད་མེད་གཞུང་འབྲེལ་གྱི་གཞི་གྲངས་མི་རྙེད། ཕྱི་ཟླ་༥་པའི་འགོ་སྟོད་དེར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་སྔར་བཞིན་ཛ་དྲག་གི་ནད་ཡམས་ཤིག་མ་རེད་ཅེས་གསལ་བསྒྲགས་སྤེལ། དེ་ནས་བཟུང་སྟེ་རྒྱ་ནག་གི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལྟེ་གནས་ཁང་གིས་གཟའ་འཁོར་རེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ཅི་ཙམ་ཐོན་གྱི་ཡོད་མེད་གཞི་གྲངས་འདོན་རྒྱུ་མཚམས་བཞག

ད་ལོའི་ཕྱི་ཟླ་༤་པའི་ནང་ཀྲུང་ནན་ཧྲན་གྱིས་རྒྱ་ནག་ལ་མི་གྲངས་དུང་ཕྱུར་༡༤་ལྷག་ཡོད་པ་དེའི་ཁོངས་ནས་མི་འབོར་བརྒྱ་༨༠་ཡས་མས་ཤིག་ལ་ཏོག་དབྱིབས་ནད་དུག་འགོས་ཚར་འདུག ན་ནིང་དགུན་ཁར་མི་གྲངས་དུང་ཕྱུར་༡༠་ལ་ནད་དུག་འགོས་སོང་ཞེས་བསྟན། ཨེར་ཧྥི་ནི་ཊི་ཞིབ་འཇུག་ཁང་གིས་རྒྱལ་ཁབ་གཞན་ལ་XBB་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་ལ་འཆི་སྐྱོན་འབྱུང་གི་ཡོད་པའི་གྲངས་འབོར་རྣམས་གཤིབ་སྡུར་བྱས་པར་བལྟས་ཚེ། རྒྱ་ནག་ལ་ནད་རླབས་གསར་པ་འདི་འཕྱུར་ནས་མི་གྲངས་ས་ཡ་༡་མ་ཟིན་ཙམ་ཞིག་ལ་འཆི་སྐྱོན་འཕོག་སྲིད་པའི་ཚོད་དཔག་བྱས་འདུག ཨེར་ཧྥི་ཎི་ཊི་ཞིབ་འཇུག་ཁང་གིས་ན་ནིང་དགུན་ཁར་རྒྱ་ནག་ལ་ནད་རླབས་འཕྱུར་ནས་མི་གྲངས་ས་ཡ་༡་དང་འབུམ་༣་ནས་མི་གྲངས་ས་ཡ་༢་དང་འབུམ་༡་ཡས་མས་ཤིག་ལ་འཆི་སྐྱོན་ཕོག་ཡོད་པའི་གནས་ཚུལ་སྤེལ། རྒྱ་ནག་གཞུང་གིས་ཕྱི་ཟླ་༡༢་པའི་ཟླ་དཀྱིལ་ནས་ཕྱི་ཟླ་༢་པའི་མགོ་སྟོད་བར་དུ་མི་༨༣༡༥༠་ལ་ནད་དུག་འགོས་ནས་ཤི་སོང་ཞེས་བསྒྲགས། རྒྱ་གཞུང་གིས་བཏོན་པའི་གཞི་གྲངས་དེར་རྒྱལ་སྤྱིའི་ཐོག་ཏུ་ཚད་མར་འཛིན་ཐུབ་རྒྱུ་ཁག་པོ་ཡིན་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཧོང་ཀོང་ལ་ནད་རླབས་ཐེངས་༦་པ་དེ་འཕྱུར། སློབ་དཔོན་ཧུའི་ཧྲུ་ཁྲེང་གིས་བདུན་ཕྲག་སྔོན་མར་ཧོང་ཀོང་ལ་ནད་དུག་ཁྱབ་གདལ་གྱི་ངར་སྒང་དུ་བསླེབས་འདུག ཧོང་ཀོང་གཞུང་གིས་ནད་ཡམས་ཁྱབ་གདལ་མཇུག་སྒྲིལ་བ་རེད་ཟེར་གྱི་ཡོད་ཀྱང་ད་དུང་ཡང་བདུན་ཕྲག་འགའ་ཞིག་ལ་ནད་ཡམས་འཇོམས་ས་མ་རེད། ཉེ་བའི་བདུན་ཕྲག་འགའ་ཞིག་གི་རིང་ཧོང་ཀོང་བ་ཇི་སྙེད་ཅིག་ལ་ནད་དུག་ཐེངས་དང་པོ་འགོས་པ་དང་ཐེངས་གཉིས་པ་འགོས་པ་སོགས་འབྱུང་གི་འདུག ཧོང་ཀོང་བ་ཚོར་ཏོག་དབྱིབས་ནད་དུག་འགོས་པའི་བརྒྱ་ཆ་༩༥.༨་XBB་ཏོག་དབྱིབས་ནད་དུག་རེད། ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཡོད་པ་ཚོར་ན་ཚ་ཚབས་ཆེན་འཕོག་གི་མེད་པའི་གནས་ཚུལ་ཐོན། ཧོང་ཀོང་གི་འཕྲོད་བསྟེན་བློན་ཆེན་ལོ་ཁྲུང་མའོ་ཡིས་ནད་རླབས་གསར་པ་ཞིག་འཕྱུར་བ་འཇོམས་སོང་། ཉི་མ་རེར་མི་གྲངས་ཁྲི་ཚོ་༡་ཡས་མས་རེར་ནད་དུག་འགོ་ཡི་འདུག ཧོང་ཀོང་ལ་ཚབས་ཆེན་པོ་ཞིག་བྱུང་མ་སོང་ཞེས་གསར་འགོད་གསལ་བསྒྲགས་སྤེལ།།

ཕྱི་ཟླ་༦་པའི་ཚེས་༦་ཉིན་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༥་པ་ཧྲིལ་པོར་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་མི་གྲངས་འཕར། ལོ་ན་༤༣་ལ་སོན་པའི་ནན་ཅིང་བ་གུ་གུ་ཞེས་པ་ཞིག་གིས་གྲོགས་པོ་ཚོར་ང་འཚོལ་དུ་མ་ཡོང་། ང་ནི་ཕྱི་ལ་ཟ་ཁང་དང་སྤྲོ་འཆམ་སོགས་ལ་འགྲོ་འཆར་མེད། ཕྱི་ཟླ་༦་པའི་ནང་དུའང་ནད་དུག་ཁྱབ་གདལ་མགོ་འཇོམས་རྒྱུའི་རྟགས་མཚན་མི་འདུག ང་ནི་གང་ཐུབ་ཀྱིས་རང་ཁྱིམ་དུ་འཛུལ་ནས་འདུག་རྒྱུ་ཡིན་ཞེས་འཕྲིན་ཐུང་རེ་བསྐུར། ཁོ་མོ་ཕྱི་ལ་བསྐྱོད་དུས་ཁ་རས་གྱོན་པ་དང་ཕྱི་ནས་ཁྱེར་ཡོང་བའི་ཅ་ལག་ཚང་མ་ཁང་མིག་ཅིག་གི་ནང་དུ་ལོགས་སུ་བཞག་ནས་དུག་སེལ། ན་ནིང་ལོ་མཇུག་ནས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་མཚམས་འཇོག་བྱས་མོད། འོན་ཀྱང་གུ་གུ་ལྟ་བུའི་རྒྱ་ནག་པ་ཚོས་སྔར་བཞིན་མི་ཚོགས་འདུ་འཛོམ་ལ་གཡོལ། ཁོ་ཚོས་རང་ཉིད་ཟུར་འགོག་ལྟ་བུ་ཞིག་བྱས་ནས་འཚོ་གནས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གུ་གུ་ལ་གཅིན་སྙི་དང་ཁྲག་ཤེད་མཐོ་བ་སོགས་ཀྱི་ན་ཚ་ཡོད་པས་ཞིས་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཧ་ཅང་དམ་པོ་ཞིག་ལག་ལེན་བསྟར་པར་དགའ་བ་སྒོམ། ད་ལྟ་གཟའ་འཁོར་རེར་མི་གྲངས་ས་ཡ་༦༥་རེར་ནད་དུག་འགོ་ཡི་ཡོད་པའི་ཉེན་ཚབས་ཆེ་ཡང་རྒྱ་གཞུང་གིས་ནད་པ་ཟུར་འགོག་གམ། ཡང་ན་མི་མང་ལ་བརྟག་དཔྱད་བྱས་ནས་ནད་འགོག་གི་སྲིད་ཇུས་གང་ཡང་ལག་ལེན་བསྟར་གྱི་མེད་ཅིང་། གུ་གུས་ང་ཚོར་ལྟ་རྟོག་བྱེད་མཁན་སུ་ཡང་ཡོད་པ་མ་རེད། ང་ཚོས་རང་གིས་རང་ལ་བདག་པོ་རྒྱག་དགོས། ངས་མི་ལ་འཁང་ར་བཤད་ནས་དུས་ཚོད་ཆུད་ཟོས་སུ་གཏོང་གི་མེད། ངས་རང་ཉིད་སྲུང་སྐྱོབ་བྱ་རྒྱུ་དེར་བསམ་བློ་གཏོང་གི་ཡོད་ཅེས་བཤད། གུ་གུ་དང་གྲོགས་མོ་ལིན་གཉིས་ཀས་རང་གི་འཚོ་བ་དེ་ཁེར་རྐྱང་དང་དཀའ་ངལ་ཅན་ཞིག་རེད་བསམས་མྱོང་མེད། དུས་ཚོད་འགྲོ་རིམ་བཞིན་ནད་འགོག་གི་ཐབས་ཇུས་བསྟེན་པའི་འཚོ་བ་རོལ་སྟངས་འདིར་གོམས་ཀྱི་རེད། འཚོ་བའི་ལམ་སྲོལ་དེར་གོམས་ན་དཀའ་ངལ་ཆེན་པོ་ཞིག་ཡིན་པ་གཏན་ནས་ཚོར་མི་སྲིད་ཅེས་གསར་འགོད་པར་ནང་མོལ་བྱས་འདུག

ཕྱི་ཟླ་༥་པའི་ཚེས་༢༩་ཉིན་ཊེམ་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་འདིའི་ཕྱི་ཟླ་༤་པ་ནས་རྒྱ་ནག་ལ་ནད་རླབས་གསར་པ་ཞིག་འཕྱུར་རྒྱུ་མགོ་བརྩམས། རྒྱ་ནག་གི་རིམས་ནད་མཁས་པ་ཀྲུང་ནན་ཧྲན་གྱིས་ཕྱི་ཟླ་༥་པའི་མཚམས་སུ་བདུན་ཕག་རེར་མི་གྲངས་ས་ཡ་༤༠་རེར་ནད་དུག་འགོ་རྒྱུ་ཡིན་པར་མ་ཟད། ཕྱི་ཟླ་༦་པའི་ནང་དུ་གཟའ་འཁོར་གཅིག་ལ་མི་གྲངས་ས་ཡ་༦༥་རེར་ནད་དུག་འགོ་རྒྱུའི་ཚོད་དཔག་བྱས་འདུག རྒྱ་ནག་གཞུང་གིས་ཕྱི་ཟླ་༤་པའི་ནང་དུ་ནད་དུག་ཁྱབ་གདལ་གྱི་ངར་སྒང་དུ་བསླེབས་ཟིན་ཟེར་བ་དང་ཀྲུང་ནན་ཧྲན་གྱི་ཚོད་དཔག་བྱས་པ་གཉིས་རྒྱབ་འགལ་རེད། ཕྱི་ཟླ་༥་པའི་ཚེས་༡༥་ནས་ཚེས་༢༡་བར་དུ་པེ་ཅིང་གཅིག་པུར་ནད་དུག་འགོས་པའི་མི་གྲངས་ལྡབ་༤་མང་དུ་ཕྱིན་འདུག རྒྱ་ནག་གིས་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་XBB་ལ་ཆེད་དུ་དམིགས་ནས་སྨན་ཁབ་བཟོས་ཡོད་ཅེས་བསྒྲགས་ཀྱང་སྨན་ཁབ་དེ་ཚོ་མི་མང་ལ་ནམ་རྒྱག་ཐུབ་རྒྱུ་ཡིན་མིན། རྒྱ་ནག་གི་སྨན་ཁབ་གསར་པ་དེར་ནད་འགོག་གི་ནུས་པ་ཡོད་མེད་ནི་ཐེ་ཚོམ་རེད་ཅེས་གནས་ཚུལ་སྤེལ་འདུག

རྒྱལ་སྤྱིའི་ཕྱི་འབྲེལ་ཞིབ་འཇུག་ལྷན་ཚོགས་ཀྱི་གོ་ལའི་འཕྲོད་བསྟེན་ཉམས་ཞིབ་པ་ཧྭང་ཡན་ཀྲུང་(Huangyan Zhong)་ནས་རྒྱ་ནག་གཞུང་གིས་མི་དམངས་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་མ་བྱས་པར་མི་གྲངས་ཅི་ཙམ་ལ་ནད་དུག་འགོས་ཡོད་མེད་གཞི་གྲངས་གསལ་པོ་ཞིག་གཏན་ནས་འདོན་ཐབས་བྲལ། རྒྱ་ནག་མི་དམངས་ཀྱི་ལུས་ཕུང་ལ་ནད་འགོག་གི་ཟུངས་ཤུགས་ཅུང་ཙམ་གྲུབ་ཡོད་ཤས་ཆེ། གལ་སྲིད་རྒྱ་ནག་གཞུང་གིས་བློ་འཚབ་བྱེད་ཀྱི་མེད་ན་ང་ཚོས་བློ་འཚབ་བྱེད་དགོས་དོན་མེད། རྒྱ་གཞུང་གི་འཕྲོད་བསྟེན་ལས་སྣེ་ཚོས་ནད་རླབས་དེ་ཛ་དྲག་ཅིག་ལ་རྩི་ཡི་མི་འདུག རྒྱ་ནག་མི་དམངས་རྣམས་ནད་ཡམས་ལ་གོམས། འདི་ལ་གོམས་འདྲིས་ཟེར་བ་རེད་ཅེས་སྨྲས། ཨོ་གླིང་གི་ཌི་ཀིན་སློབ་གྲྭ་ཆེན་མོའི་ནད་ཡམས་བརྟག་དཔྱད་རིག་པ་བ་ཁེ་ཐེ་རེན་བྷེ་ནེ་ཊིས་(Catherine Bennett)་ནད་རླབས་གསར་པ་འདིས་རྒྱ་ནག་གི་སྨན་ཁབ་དང་ཤུགས་སྐྱེད་སྨན་ཁབ་ཁག་ལ་ནད་འགོག་གི་ནུས་པ་ཡོད་མེད་ཚོད་ལྟ་བྱེད་ཐུབ་ཅེས་བཤད། རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་སྨན་ཁབ་ཁག་ལ་ནད་འགོག་གི་ནུས་པ་ཆུང་བའི་ལྟ་ཚུལ་བཟུང་ཡོད་པར་འགྱུར་བ་ཐེབས་མེད་པའི་གནས་ཚུལ་ཐོན།།

ཕྱི་ཟླ་༦་པའི་ཚེས་༦་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༩་ཡི་ལོ་མཇུག་དེར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ད་ལྟའི་བར་དུ་མི་གྲངས་ས་ཡ་༦་དང་འབུམ་༩་ལ་འཆི་སྐྱོན་ཕོག མི་གྲངས་དུང་ཕྱུར་༧་བྱེ་བ་༧་མ་ཟིན་ཙམ་ལ་ནད་དུག་འགོས། ནེའུ་ཡོག་འཕྲུལ་རིག་ཉམས་ཞིབ་སློབ་གླིང་གི་གཙོ་འཛིན་ལས་རོགས་ར་ཇ་ན་ར་ཡ་ནན་གྱིས་(Raj Rajnarayanan)་ལྟ་བུའི་མཁས་པ་ཁག་ཅིག་གིས་རྒྱ་ནག་ལ་ནད་རླབས་ཤིག་འཕྱུར་བཞིན་པ་ཕྱི་ལ་མ་ཁྱབ་ན་ཉེན་ཁ་ཆུང་། XBB་ཞེས་འབོད་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་དེ་རྒྱལ་ཁབ་མང་པོར་ཁྱབ་ཚར་བ་རེད། རྒྱ་ནག་ལ་ད་གཟོད་XBB་ཏོག་དབྱིབས་ནད་དུག་འདི་ཁྱབ་ཀྱི་ཡོད་པ་དང་འཛམ་གླིང་ཡོངས་ལ་ཉེན་ཁ་མེད་ཅེས་གླེང་། ཡིན་ནའང་ཉམས་ཞིབ་པ་ཕལ་ཆེ་བས་རྒྱ་ནག་གི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་མ་འཇོམས་ན་འཛམ་གླིང་ཧྲིལ་པོར་བདེ་འཇགས་ཡོང་དཀའ། རྒྱ་ནག་ནས་སླར་ཡང་ནད་ཡམས་ཁྱབ་གདལ་འབྱུང་སྲིད་པའི་སྐྲག་སྣང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG