ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ནང་སོག་གི་ན་གཞོན་ཚོ་མཐའ་མཚམས་ཀྱི་ས་གནས་ཁག་ནས་སྡེབ་ཐོན།


ནང་སོག་མཐོ་སློབ་ཏུ་སོག་པོའི་ཇིང་གིར་རྒྱལ་པོ་སྐུ་བརྙན་
ནང་སོག་མཐོ་སློབ་ཏུ་སོག་པོའི་ཇིང་གིར་རྒྱལ་པོ་སྐུ་བརྙན་

༄༅།། ནང་སོག་ནི་ཨུ་རུ་སུ་དང་ཕྱི་སོག་གཉིས་ལ་ས་འདྲེས་ཡིན་ཞིང་། ས་གནས་དེའི་ན་གཞོན་ཚོ་རང་ཡུལ་དུ་མ་བསྡད་པར་ཞིང་ཆེན་གཞན་ལ་གནས་སྤོར་བྱས་ནས་ས་མཚམས་ཀྱི་གྲོང་ཚོ་ཁག་ཅིག་མི་མེད་ལུང་སྟོང་དུ་གྱུར། ཕྱི་ཟླ་༣་པའི་ཚེས་༡༢་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ནང་སོག་གི་ན་གཞོན་ཚོ་ཕྱི་ལ་སྤོས་ནས་ས་ཁུལ་དེའི་འཛུགས་སྐྲུན་དང་དཔལ་འབྱོར། ཚོང་ལས་དང་མཐའ་མཚམས་སྲུང་སྐྱོབ་བཅས་ལ་ཉེན་ཁ་གསར་པ་ཞིག་འཕྲད་བཞིན་པའི་གནས་ཚུལ་ཐོན་འདུག ནང་སོག་གི་འགོ་ཁྲིད་ཚོས་ན་གཞོན་ཚོ་སྡེབ་ཐོན་བྱེད་ཀྱི་ཡོད་པ་ཇི་ལྟར་འགོག་དགོས་མིན་མ་ཤེས། ནང་སོག་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཞོན་པ་ཝང་ལི་ཤཱས་༢༠༢༤་ལོ་འདིར་མཐའ་མཚམས་ཀྱི་ས་གནས་ཁག་ཅིག་ལུང་སྟོང་དུ་ལུས་ཡོད་པའི་དཀའ་ངལ་སེལ་རྒྱུ་གཙིགས་སུ་འཛིན་དགོས་ཞེས་ནན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་པེ་ཅིང་དུ་ཚོགས་པའི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་ཝང་ལི་ཤཱས་ང་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པར་མཐའ་མཚམས་ཁག་ཏུ་མི་མང་གནས་སྡོད་བྱེད་ཐུབ་པའི་མཐུན་རྐྱེན་བསྐྲུན་དགོས་ཞེས་གཏམ་བཤད་བྱས་པ་རྣམས་ཧྲང་ཧེ་གཟའ་ཉི་མའི་ཚགས་པར་གྱིས་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ། ཝང་ལི་ཤཱའི་གཏམ་བཤད་ལ་མཉན་ན་པྲོག་དབྱིབས་ནད་ཡམས་རྗེས་སུ་ནང་སོག་གི་དཔལ་འབྱོར་དང་ཚོང་ལས་ཉམས། ན་གཞོན་ཚོར་རང་ཡུལ་དུ་ལས་ཀའི་གོ་སྐབས་མེད་པར་ས་གནས་གཞན་དུ་སྡེབ་ཐོན་བྱས་ནས་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་པ་གསལ་པོར་མངོན། ནང་སོག་གི་ཐོན་སྐྱེད་གཙོ་བོ་ནི་འབྲོག་ལས་དང་ཞིང་ལས། རྡོ་སོལ་གྱི་གཏེར་ཁ་རྣམས་ཡིན་ཞིང་། རྡོ་སོའི་གཏེར་ཁ་ནི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་དང་ཚོང་པ་འབྱོར་ལྡན་པ་ཚོས་སྒེར་སྡོམ་བྱས་ནས་མང་ཚོགས་ལ་དཔལ་འབྱོར་ཡོང་འབབ་ཀྱི་ཁེ་ཕན་ཐོབ་དཀའ།།

ན་ནིང་ཕྱི་ཟླ་༧་ནས་ནང་སོག་གི་ཨུ་ལན་ཀབ་གྲོང་ཁྱེར་གྱི་ཆབ་སྲིད་དང་ཁྲིམས་འཛིན་ལྷན་ཁང་གི་འགན་འཛིན་གཞོན་པ་ཧྥེང་ཅུན་གྱིས་མཐའ་མཚམས་ཀྱི་གྲོང་གསེབ་ཁག་ཅིག་ལུང་སྟོང་དུ་འགྱུར་གྱི་འདུག་ཅེས་སྡུག་སྐད་བརྒྱབ། ཁོ་པས་༢༠༡༠་ནས་༢༠༢༢་བར་དུ་དྷོར་བྷོད་བྷན་ནར་ཞེས་འབོད་པའི་མཐའ་མཚམས་ཀྱི་གྲོང་རྡལ་དེའི་མི་འབོར་བརྒྱ་༥༦་ཉུང་དུ་ཕྱིན་འདུག ས་གནས་དེར་ཤུལ་དུ་ལུས་ཡོད་པ་ནི་རྒན་རྒོན་དང་ལོ་ན་༦༠་ཡན་ཆད་དུ་སོན་པ་ཤ་སྟག་རེད། ནང་སོག་གི་མཐའ་མཚམས་གྲོང་རྡལ་དེའི་ན་གཞོན་དང་དར་མ་བརྒྱ་ཆ་༩༠་ལྷག་ས་གནས་གཞན་ལ་ལས་ཀ་འཚོལ་དུ་ཕྱིན་ཏེ་ཁྱིམ་ཚང་སྟོང་ཕྲག་མང་པོའི་ཁང་པ་སྟོང་པར་ལུས། ས་ཞིང་ཨེ་ཀར་ཁྲི་ཚོ་མང་པོ་འདེབས་ལས་མ་བྱས་པར་ས་རྒོད་དུ་གྱུར་འདུག་ཅེས་ཨུ་ལན་ཀབ་གྲོང་ཁྱེར་སྲིད་གཞུང་གི་སྤྱི་ཚོགས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།

ནང་སོག་གི་ན་གཞོན་
ནང་སོག་གི་ན་གཞོན་

རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ནང་སོག་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཧྲུ་ཀྭོང་གིས་ན་གཞོན་ཚོ་ས་གནས་གཞན་ལ་ལས་ཀ་འཚོལ་དུ་ཕྱིན་པའམ། ཡང་ན་སློབ་སྦྱོང་དུ་སྡེབ་ཐོན་བྱེད་ཀྱི་ཡོད་པ་ནི་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར་འདུག མཐའ་མཚམས་ཀྱི་ས་ཁུལ་ཁག་གི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་བྱས་མེད་པ་དང་མང་ཚོགས་ཀྱི་འཚོ་བའི་མཐུན་རྐྱེན་ཞན་པ་བཅས་ཀྱིས་ན་གཞོན་ཚོ་ཕྱིར་འགུགས་བྱེད་ཐུབ་ཀྱི་མི་འདུག ད་ལྟ་ནང་སོག་གི་མཐའ་མཚམས་ཁག་ཏུ་རྒན་རྒོན་མ་གཏོགས་ན་གཞོན་མཐོང་རྒྱུ་མི་འདུག་ཅེས་བསྟན། ན་ནིང་ཕྱི་ཟླ་༨་ནང་ཧུ་ལུན་བྷུ་ཡིར་གྲོང་ཁྱེར་གྱི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོས་མཐའ་མཚམས་ཁག་ནས་མི་མང་སྡེབ་ཐོན་བྱེད་ཀྱི་ཡོད་པའི་ཛ་དྲག་གི་གནས་ཚུལ་ལ་སྣང་ཆུང་གཏོང་མི་ཉན། ས་མཚམས་སུ་ན་གཞོན་མེད་པར་རྒྱལ་སྲུང་གི་སྟོབས་ཤུགས་ཉམས་ཏེ་ལས་དོན་འཐུས་ཤོར་འགྲོ་རྒྱུ་ཉག་ཅིག་རེད་ཅེས་བཀྲལ།།

རྒྱ་ནག་གི་མི་འབོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་དང་རྒན་རྒོན་ཇེ་མང་། ས་གནས་ཀྱི་བཟོ་ལས་དང་ཚོང་ལས་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་རྣམས་འབྲེལ་བ་དམ་ཟབ་འདུག ནང་སོག་ལ་ངལ་རྩོལ་བ་མེད་པར་ཞིང་ལས་དང་འབྲོག་ལས་གཉེར་སྐྱོང་མི་ཐུབ་པ་དང་ན་གཞོན་ལག་རྩལ་ལྡན་པའི་ཆེད་ལས་པ་མེད། སྔ་ལོའི་ཕྱི་ཟླ་༦་ནང་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་ལུགས་དུས་དེབ་ནང་དུ་ནང་སོག་ནི་མེས་རྒྱལ་གྱི་བྱང་སྒོ་དང་པེ་ཅིང་གི་འོབས་ཤུར་ཡིན། ནང་སོག་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་ལས་འགན་ཡོད། ནང་སོག་ལ་ངེས་པར་དུ་མི་ཆ་དགོས། དེས་ན་ནང་སོག་གི་བཟོ་ལས་དང་ཚོང་ལས། སྲི་ཞུ་ཡར་རྒྱས། རྨང་གཞིའི་མཐུན་རྐྱེན་རྣམས་འཛུགས་སྐྲུན་བྱ་དགོས། མི་མང་ལ་འཚོ་བ་དང་ལས་ཀའི་གོ་སྐབས་ཡག་ཏུ་བཏང་སྟེ་གྲོང་མི་ཕྱིར་འགུགས་བྱ་དགོས་ཞེས་རྩོམ་ཡིག་སྤེལ་འདུག

རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་༢༠༢༢་ནས་ནང་སོག་གི་གཏན་སྡོད་མི་གྲངས་ཉུང་དུ་ཕྱིན་འདུག་ཅེས་གསར་འགྱུར་སྤེལ། ༢༠༢༣་ལོའི་ཕྱི་ཟླ་༥་པའི་ཚེས་༡༧་ཉིན་གསལ་བཀྲོལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ས་གནས་ཁག་ཏུ་མི་འབོར་ཉུང་དུ་ཕྱིན་པ་དང་ན་གཞོན་སྡེབ་ཐོན། དཔལ་འབྱོར་དང་ཚོང་ལས་ཉམས། ལས་ཀའི་གོ་སྐབས་མེད་པར་སྤྱི་ཚོགས་ཧྲིལ་བརྡབ་གསིག་ཐེབས། ༢༠༢༢་ནས་རྒྱ་ནག་གི་མི་འབོར་ཉུང་དུ་འགྲོ་རྒྱུ་མགོ་བརྩམས། འདི་ནི་འདས་པའི་ལོ་༦༠་ལྷག་ལ་བྱུང་མ་མྱོང་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༢༠༥༠་ཡས་མས་སུ་རྒྱ་ནག་གི་མི་འབྱོར་དུང་ཕྱུར་༡༣་བར་དུ་མར་ཆག་རྒྱུའི་ཚོད་དཔག་བྱས་འདུག རྒྱ་ནག་གི་མི་འབོར་ཅི་ཙམ་ཉུང་དུ་ཕྱིན་ན་ལྷོ་ཕྱོགས་ཀྱི་བཟོ་ལས་དང་ཚོང་ལས་ཀྱི་ལྟེ་གནས་སུ་གྱུར་པའི་ཞིང་ཆེན་ཁག་ལ་ངལ་རྩོལ་བའི་དགོས་མཁོ་ཆེ་རུ་སོང་། ནང་སོག་ལྟ་བུའི་ལས་ཀའི་གོ་སྐབས་མེད་པའི་ས་གནས་ཁག་གི་ན་གཞོན་རྣམས་སྡེབ་ཐོན་བྱ་རྒྱུ་འགོག་མི་ཐུབ་ཅེས་གནས་ཚུལ་སྤེལ་འདུག

གསལ་བཀྲོལ་གསར་ཁང་གིས་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར། རང་ལྗོངས་བཅས་ས་གནས་ཁག་༣༡་གི་གཞི་གྲངས་ལ་ཞིབ་འཇུག་བྱས་ནས་སྙན་ཐོ་བཏོན་པ་ལྟར་ན། རྒྱ་ནག་གི་མི་འབོར་མང་ཤོས་ནི་ཀོང་ཏུང་དང་ཧྲན་ཏུང་གཉིས་ཡིན་ཞིང་། མི་འབོར་ཉུང་ཤོས་ནི་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཡིན་པར་མ་ཟད། རྒྱ་ནག་གི་མི་འབོར་ཉུང་དུ་འགྲོ་ཡུལ་གཙོ་བོ་དེ་ཧེ་ལུང་ཅང་དང་ལེའོ་ཉིང་། ཅི་ལིན་དང་ཧུ་པེ་ཞིང་ཆེན་རྣམས་ཡིན་མོད། འོན་ཀྱང་མི་འབོར་འཕེལ་རྒྱས་མང་ཤོས་བྱུང་ཡོད་ས་ཁག་ནི་ཉིན་ཤཱ་ཧོས་རིགས་རང་སྐྱོང་ཁུལ་དང་མཚོ་སྔོན་ཞིང་ཆེན། བོད་རང་སྐྱོང་ལྗོངས་གསུམ་ཡིན་འདུག རྒྱ་ནག་གི་མི་འབོར་འཕེལ་རྒྱས་འགྲོ་མ་ཐུབ་ན་མ་འོངས་པར་དཔལ་འབྱོར་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ལྡོག་ཐབས་བྲལ། ནང་སོག་ལྟ་བུའི་ས་གནས་ཁག་ནས་ན་གཞོན་སྡེབ་ཐོན་བྱ་རྒྱུ་སྔར་ལས་ཚབས་ཆེ་རུ་འགྲོ་རྒྱུའི་གནས་ཚུལ་ཐོན་འདུག

དེང་སྐབས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་ཕྱིན་ཏེ་ནུབ་ཕྱོགས་ཀྱི་བཟོ་ཚོང་ལས་ཁུངས་ཁག་རྒྱལ་ཁབ་གཞན་ལ་སྤོས། རྒྱ་ནག་གི་མི་འབོར་ལོ་ལྟར་ཉམས་རྒུད་ཕྱིན་ཏེ་ནམ་ཞིག་གྲོང་གསེབ་ཁག་དང་ནང་སོག་ལྟ་བུའི་རྗེས་ལུས་ཀྱི་མཐའ་མཚམས་ཁག་ནས་གྲོང་ཁྱེར་ཁག་ལ་ངལ་རྩོལ་བ་ཡོང་མཁན་མེད་པར་འགྱུར་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ། རྒྱ་ནག་གི་ཞིང་ཆེན་༡༨་ལ་མིའི་སྐྱེས་གྲངས་ཉུང་དུ་ཕྱིན་ཡོད་པ་དང་ཞིང་ཆེན་༡༣་ལ་མིའི་སྐྱེས་གྲངས་དང་ཕྱི་ནས་ངལ་རྩལ་བ་ཡོང་རྒྱུ་གཉིས་ཀ་ཉུང་དུ་ཕྱིན་ཡོད་པ་གཞི་གྲངས་སུ་གསལ། ༢༠༢༢་ཀྱི་ལོ་མཇུག་དེར་རྒྱ་ནག་ལ་ལོ་༦༠་ཐམ་པ་ཡན་ཆད་ཀྱི་རྒན་རྒོན་མི་གྲངས་དུང་ཕྱུར་༢་དང་བྱེ་བ་༨་ལྷག་ཡོད་ཅིང་། རྒྱ་ནག་གི་རྒྱལ་ཡོངས་གཞི་གྲངས་ལས་ཁུངས་ཀྱིས་༢༠༢༢་ལོར་རྒྱ་ནག་གི་སྤྱི་ཚོགས་སུ་ས་གནས་གཞན་ལ་ལས་ཀ་འཚོལ་དུ་འགྲོ་མཁན་ངལ་རྩོལ་བ་དུང་ཕྱུར་༣་མ་ཟིན་ཙམ་ཞིག་ཡོད། ངལ་རྩོལ་བ་བརྒྱ་ཆ་༤༡.༡་རང་གི་ཞིང་ཆེན་ཕྱི་ལོགས་སུ་ལས་ཀ་འཚོལ་དུ་སྐྱོད་ཀྱི་འདུག་ཅེས་བསྡོམས་ཐོ་བཀོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG