ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༢༠༢༡་ལོར་རྒྱ་ནག་ལ་ཕྲུ་གུ་སྐྱེས་ཚད་ཧ་ཅང་ཉུང་དུ་ཕྱིན་པ། 


༄༅།། སྔ་ལོ་རྒྱ་ནག་གཞུང་གིས་བཟའ་ཚང་རེར་ཕྲུ་གུ་གསུམ་རེ་སྐྱེ་ཆོག་པའི་ཐག་གཅོད་བྱས་ཀྱང་ཕྲུ་གུའི་སྐྱེས་ཚད་མང་དུ་སོང་། དེ་རིང་གཟའ་ཟླ་བའི་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༡་ལོར་རྒྱ་ནག་གི་ཕྲུ་གུའི་སྐྱེས་ཚད་སྔོན་ཆད་བྱུང་མྱོང་མེད་པ་ཞིག་མར་ཆག་སྟེ་བུད་མེད་༡༠༠༠་རེར་ཆ་མཉམ་ཕྲུ་གུ་བརྒྱ་ཆ་༧.༥༢་ལས་སྐྱེས་མེད་ཅིང་། འདི་ནི་༡༩༤༩་ལོ་ནས་རྒྱ་ནག་གིས་ལོ་ལྟར་མིའི་སྐྱེས་ཚད་ཐོ་འགོད་བྱ་རྒྱུ་འགོ་ཚུགས་ནས་བཟུང་། ད་ལྟའི་བར་དུ་བྱུང་མྱོང་མེད་པའི་ཕྲུ་གུའི་སྐྱེས་ཚད་དམའ་ཤོས་སུ་གྱུར། དཔལ་འབྱོར་བསྐྱར་ཞིབ་འཛིན་སྐྱོང་ཁང་གི་འགན་འཛིན་ཀྲང་ཝེ་ཀྲིས་རྒྱ་ནག་ལ་སྐྱེས་རྒས་ཀྱི་ཚད་གཞི་ཆ་མཉམ་མེད་པའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་སྔོན་ནས་ཚོད་དཔག་ཐུབ་ཡོད། ཡིན་ནའང་རྒྱ་ནག་གི་སྐྱེས་ཚད་འདི་འདྲ་ཞིག་ཇེ་ཉུང་དུ་འགྲོ་རྒྱུ་དང་རྒས་འཁོགས་ཀྱི་མི་འབོར་འདི་འདྲ་ཞིག་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་ཚོད་དཔག་ཐུབ་མེད། དེས་ན་རྒྱ་ནག་གཞུང་ལ་མི་འབོར་སྐྱེས་རྒས་གཉིས་ཆ་མཉམ་མེད་པར་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནོན་ཤུགས་སྔར་ལས་ཇེ་ཆེར་འགྲོ་རྒྱུ་ཉག་གཅིག་རེད། འདས་པའི་ལོ་དེར་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཀྱི་གྲངས་ཚད་ནི་ཡང་རྩེར་སོན། ད་ནས་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་དལ་དུ་འགྲོ་རྒྱུ་འགོ་ཚུགས་པ་མཚོན་ཐུབ་ཅེས་བསྟན། པེ་ཅིང་གི་རྒྱ་ནག་དང་རྒྱལ་སྤྱིའི་སྐྱེས་རྒས་ཞིབ་འཇུག་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཧྭང་ཝེན་ཀྲེང་གིས་༢༠༢༡་ལོར་རྒྱ་ནག་ལ་ཕྲུ་གུ་ས་ཡ་༡༠་དང་འབུམ་༦་ལྷག་སྐྱེས་པ་དང་༢༠༢༠་ལོར་ཕྲུ་གུ་ས་ཡ་༡༢་སྐྱེས། རྒྱ་ནག་གཞུང་གིས་ཕྲུ་གུ་སྐྱེ་རྒྱུ་ཡིན་མིན་ལ་གཞིགས་ནས་ལས་ཀ་བཀོད་སྒྲིག་དང་དཔལ་འབྱོར་རོགས་རམ། ཕྲུ་གུ་སྐྱེས་པའི་ཨ་མ་ཚོར་ཐད་ཀར་དངུལ་སྒོར་རོགས་རམ་སྤྲད་ན་རྒྱ་ནག་གི་མི་འབོར་འཕེལ་རྒྱས་འགྲོ་ཐུབ་ཅེས་བཤད།།

པེ་ཅིང་གི་གླིང་ག་ཞིག་ཏུ་རྒན་རྒོན་འགའ་རེ་ཡིས་ཕྲུ་གུ་གཅིག་ལ་ལྟ་སྐྱོང་བྱེད་བཞིན་པའི་ཚུལ།
པེ་ཅིང་གི་གླིང་ག་ཞིག་ཏུ་རྒན་རྒོན་འགའ་རེ་ཡིས་ཕྲུ་གུ་གཅིག་ལ་ལྟ་སྐྱོང་བྱེད་བཞིན་པའི་ཚུལ།

ཧྭང་ཝེན་ཀྲེང་གིས་༢༠༢༠་ལོར་རྒྱ་ནག་གི་བུད་མེད་༡༠༠༠་རེར་ཆ་མཉམ་ཕྲུ་གུ་༨.༥༢་རེ་སྐྱེས་འདུག རྒྱ་ནག་གཞུང་གིས་འཕྲལ་དུ་མི་འབོར་འཕེལ་རྒྱས་ཀྱི་སྲིད་ཇུས་ཤིག་ལག་ལེན་མ་བསྟར་ན་ལོ་རེར་ཕྲུ་གུའི་སྐྱེས་ཚད་ཡ་༡༠་ནས་བརྒལ་མི་ཐུབ་པར་མ་ཟད། ཕུགས་སུ་རྒྱ་ནག་གི་མི་འབོར་ཉམས་རྒུད་ཀྱི་དཀའ་ངལ་དེ་བས་ཀྱང་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཆེ་ཞེས་བཀྲལ། རྒྱ་ནག་གི་གཞི་གྲངས་ཞིབ་འཇུག་ཁང་གི་འགོ་ཁྲིད་ཉིང་ཅི་ཀྲེས་གཟའ་ཟླ་བའི་ཉིན་ཞིན་ཧྭ་གསར་འགྱུར་ལས་ཁང་ལ་སྐྱེས་ཚད་ཉུང་དུ་འགྲོ་དོན་ནི་ཕྲུ་གུ་སྐྱེ་ཚད་ཀྱི་ལོ་ནར་སོན་པའི་བུད་མེད་ཀྱི་མི་གྲངས་ཉུང་དུ་ཕྱིན་པ་དང་ཕྲུ་གུ་སྐྱེ་འདོད་མེད་པའི་མི་གྲངས་མུ་མཐུད་དུ་ཇེ་མང་དུ་སོང་། ན་གཞོན་ཚོར་ཕྲུ་གུ་སྐྱེ་འདོད་མེད་པ་དང་གཉེན་སྒྲིག་འཕྱི་དྲགས་པ། ནད་ཡམས་སོགས་རྒྱུ་རྐྱེན་སྣ་མང་ཞིག་ལ་བརྟེན་ནས་༢༠༢༡་ལོར་རྒྱ་ནག་གི་སྐྱེས་ཚད་ཉུང་དུ་ཕྱིན་པ་རེད། ཕྲུ་གུ་༣་རེ་སྐྱེ་ཆོག་པའི་སྲིད་ཇུས་འདིས་རིམ་བཞིན་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཉམས་རྒུད་འགྲོ་བཞིན་པ་སླར་གསོ་འབྱུང་ཐུབ་པའི་རེ་བ་ཡོད། སྐབས་ཤིག་གི་རིང་ལ་རྒྱ་ནག་གི་སྤྱི་ཡོངས་མི་འབོར་དུང་ཕྱུར་༡༤་ལྷག་ཡིན་པ་རང་སོར་གནས་རྒྱུ་རེད་ཅེས་འགྲེལ་བཤད་བརྒྱབ། ༢༠༡༦་ལོ་ནས་རྒྱ་ནག་གཞུང་གིས་བཟའ་ཚང་རེར་ཕྲུ་གུ་གཉིས་རེ་སྐྱེ་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། སྲིད་ཇུས་དེར་ཕན་ཐོགས་མ་བྱུང་བའི་སྟབས་ཀྱིས་༢༠༢༡་ནས་རྒྱ་ནག་གི་བཟའ་ཚང་རེར་ཕྲུ་གུ་༣་རེ་སྐྱེ་ཆོག་ཅེས་བསྒྲགས། སྔ་ལོ་ནས་རྒྱ་ནག་གི་ཞིང་ཆེན་དང་ས་གནས་ཁག་༢༠་ཐམ་པའི་འཆར་ལྡན་བུ་སྐྱེས་ཀྱི་ཁྲིམས་ལ་འགྱུར་བ་བཏང་ཞིང་། དཔེར་ན་རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན་གཞུང་གིས་བུད་མེད་ཅིག་ལ་ཕྲུ་གུ་གསུམ་པ་སྐྱེ་ན་ཉི་མ་༡༨༨་ལ་ངལ་གསོ་རྒྱག་ཆོག་པའི་ཁྲིམས་ཤིག་གཏན་འབེབས་བྱུང་། དེ་བཞིན་རྒྱ་ནག་བྱང་ཕྱོགས་ཀྱི་ཧྲན་ཤི་ཞིང་ཆེན་གཞུང་གིས་ཕྲུ་གུ་གསུམ་པ་སྐྱེས་པའི་བུད་མེད་ཅིག་གིས་ཉི་མ་༣༥༠་ཐམ་པར་ཕོགས་ཡོད་ངལ་གསོ་རྒྱག་ཆོག་པའི་སྲིད་ཇུས་གཏན་ལ་ཕབ།།

དེ་རིང་གཟའ་ཟླ་བའི་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༠་ལོར་རྒྱ་ནག་ལ་ལོ་ན་༦༠་དང་༦༠་ཡན་ཆད་ལ་སོན་པའི་མི་གྲངས་དུང་ཕྱུར་༢་དང་བྱེ་བ་༧་མ་ཟིན་ཙམ་ཞིག་ཡོད་པ་ནི་རྒྱ་ནག་གི་མི་འབོར་གྱི་བརྒྱ་ཆ་༡༨.༩་ཟིན། ལོ་༡༦་ནས་༥༩་བར་དུ་སོན་པའི་ངལ་རྩོལ་བའི་མི་གྲངས་དུང་ཕྱུར་༨་དང་བྱེ་བ་༨་ལྷག་ཡོད་པ་སྟེ། རྒྱ་ནག་གི་མི་འབོར་བརྒྱ་ཆ་༦༣.༣་ལོངས། མི་འབོར་སྐྱེས་རྒས་ཉམས་ཞིབ་པ་ཚོས་༢༠༥༠་ཐམ་པའི་མཚམས་སུ་རྒྱ་ནག་གི་ངལ་རྩོལ་བ་དང་རྒན་རྒོན་གྱི་མི་གྲངས་བརྒྱ་ཆ་༥༠་ཐམ་པ་རེར་འགྱུར་རྒྱུ། རྒྱ་ནག་གི་ན་གཞོན་རེས་རྒན་རྒོན་རེ་གསོ་དགོས་པ་དང་མི་རེའི་དཔལ་འབྱོར་ཐོན་སྐྱེད་དེ་འཛམ་གླིང་གི་མི་རེའི་དཔལ་འབྱོར་ཐོན་སྐྱེད་ཀྱི་ཚད་གཞིའི་འོག་ཏུ་ལྷུང་སྲིད། སྟབས་ཉེས་ན་ནམ་ཞིག་རྒྱ་ནག་ལ་རྒན་རྒོན་གྱི་མི་གྲངས་མང་བ་དང་ན་གཞོན་ངལ་རྩོལ་བའི་མི་གྲངས་ཉུང་བ་ཞིག་ལ་འགྱུར་སྲིད་ཅེས་ཉེན་བརྡ་བཏང་འདུག སྐྱེས་རྒས་ཉམས་ཞིབ་པ་ཚོས་སྔ་ལོ་གཅིག་པུར་རྒྱ་ནག་ལ་བུད་མེད་ལོ་ན་༢༡་ནས་༣༥་བར་གྱི་ཕྲུ་གུ་སྐྱེ་ཚད་དུ་སོན་པའི་མི་གྲངས་ས་ཡ་༣་ཉུང་དུ་སོང་། རྒྱ་ནག་གཞུང་གིས་༢༠༢༡་ལོའི་སྐྱེས་ཚད་གྲངས་འབོར་ཕྱིར་བསྒྲགས་བྱས་པ་དང་དོན་དངོས་ཀྱི་ཕྲུ་གུའི་སྐྱེས་ཚད་གཉིས་ལ་ཁྱད་པར་ཆེན་པོ་ཡོད་ཤས་ཆེ། པེ་ཅིང་གི་དབང་འཛིན་པ་ཚོས་སྐྱེས་ཚད་ཉུང་དུ་ཕྱིན་པ་མང་པོ་ཞིག་སྦས་གསང་བྱས་ཡོད་སྲིད་པའི་ཉེན་ཁ་ཡོད་ཅེས་བསྟན། .འཛམ་གླིང་དངུལ་ཁང་གི་གཞི་གྲངས་ལྟར་ན་༡༩༦༠་རེ་གྲངས་སུ་རྒྱ་ནག་གི་བུད་མེད་གཅིག་ལ་ཆ་མཉམ་ཕྲུ་གུ་༦་རེ་སྐྱེས་ཀྱང་ལོ་རབས་༨༠་པའི་ནང་དུ་ཆ་མཉམ་ཕྲུ་གུ་༣་ཡང་མ་སྐྱེས། དེ་ནི་ལྷོ་ཀོ་རི་ཡ་དང་ཐེ་ལན་ཌི་སོགས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་བསྡུར་ན་རྒྱ་ནག་གི་སྐྱེས་ཚད་ཉུང་དུ་ཕྱིན་ཡོད་པ་ར་འཕྲོད།།

ཕྱི་ཟླ་༡་པའི་ཚེས་༡༧་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་བཅུ་ཕྲག་མང་པོར་རྒྱ་ནག་གི་བཟའ་ཚང་རེར་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་ཤིག་རྒྱུན་བསྐྱངས། སྦྲུམ་མ་ས་ཡ་མང་པོའི་མངལ་ལ་ཆགས་པའི་ཕྲུ་གུ་རྣམས་བཙན་གྱིས་བཏོན་པ་དང་བུད་མེད་དེ་དག་གི་སྐྱེས་སྒོ་རྩ་གཅོད་བྱས་ནས་བསྐྱར་དུ་ཕྲུ་གུ་སྐྱེ་མི་ཐུབ་པར་བསྒྱུར། ད་ལྟ་རྒྱ་ནག་གཞུང་གིས་དངུལ་སྒོར་རོགས་རམ་དང་ཁང་གླ་རོགས་རམ། ཕྲུ་གུ་སྐྱེ་སྲིང་སྐབས་ཀྱི་གུང་སེང་གི་དུས་ཡུན་ཇེ་རིང་དུ་བཏང་སྟེ་ཕྲུ་གུ་སྐྱེ་རུ་འཇུག་ཐབས་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་གི་སྒེར་གཉེར་བཟོ་ཚོང་ལས་ཁང་ཁག་ལ་ལས་བྱེད་པ་སྦྲུམ་མ་ཚོར་དངུལ་སྒོར་རོགས་རམ་སྤྲོད་དགོས་པའི་རྡོག་ཁྲེས་འཁུར་འདོད་མེད་པས་བུད་མེད་ཚོས་ཕྲུ་གུ་སྐྱེ་ཡི་མེད་པར་མ་ཟད། ཕྲུ་གུའི་ཤེས་ཡོན་སློབ་གསོའི་འགྲོ་གྲོན་ཆེ་དྲགས་པ་དང་ཁང་གླ་མཐོ་དྲགས་པ་བཅས་ཀྱིས་རྒྱ་མོ་མང་དག་ཅིག་ལ་ཕྲུ་གུ་སྐྱེ་འདོད་མེད་པར་གྱུར། ལྷག་པར་དུ་རྒྱ་ནག་གི་གྲོང་ཁྱེར་ཁག་གི་ཁང་གླ་མཐོ་དྲགས་པ་སོགས་ཀྱིས་ན་གཞོན་བཟའ་ཚང་ཚོས་ཕྲུ་གུ་སྐྱེས་མ་ཐུབ། དེར་བརྟེན་རྒྱ་ནག་གཞུང་གིས་ཕ་མ་ཚོར་བུ་ཕྲུག་གི་ཤེས་ཡོན་སློབ་གསོའི་འགྲོ་གྲོན་ཆུང་དུ་གཏོང་བར་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་རྣམས་སྒོ་བརྒྱབ། རྒྱ་ནག་གི་ཤེས་ཡོན་སློབ་གསོའི་ཁོར་ཡུག་ཏུ་དབུལ་ཕྱུག་གཉིས་ཀར་གོ་སྐབས་འདྲ་མཉམ་ཞིག་བསྐྲུན་རྒྱུའི་ལམ་དུ་ཞུགས། ཞིས་ཅིན་ཕིང་གིས་རྒྱ་ནག་གི་དམག་དོན་འགྲོ་གྲོན་མང་དུ་བཏང་སྟེ་ཚན་རིག་ལག་རྩལ་ཡར་རྒྱས། རྒྱ་ནག་འཕྲུལ་རིག་དང་གློག་ཤུགས་ཀྱི་རླངས་འཁོར་གསར་བཟོ་བཅས་ལ་རྒྱལ་སྤྱིའི་ཐོག་ཏུ་འགྲན་རྩོད་བྱེད་ཐུབ་པའི་རྒྱལ་ཁབ་ཅིག་ལ་སྒྱུར་ཐབས་བྱེད་ཀྱི་ཡོད་ཀྱང་ངལ་རྩོལ་བའི་གྲངས་འབོར་ལོ་རེ་བཞིན་ཇེ་ཉུང་དང་རྒན་རྒོན་གྱི་མི་འབོར་ལོ་རེ་བཞིན་འཕར་གྱི་ཡོད་པས་དམིགས་ཡུལ་དེ་འགྲུབ་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ།།

ཉམས་ཞིབ་པ་ཚོས་རྒྱ་ནག་གི་སྲོལ་རྒྱུན་ལྟ་བར་ཁྱིམ་ཚང་གི་ཤུལ་འཛིན་པ་རྣམས་ངེས་པར་དུ་བུ་ཡིན་དགོས་པ་དང་བུ་མོ་རྣམས་ཁྱིམ་ཚང་གི་རྒྱུད་པ་འཛིན་མཁན་མིན་པས་ཕྲུ་གུ་བུ་དང་བུ་མོ་གཉིས་ལ་ཁྱད་པར་གཏད། རྒྱ་ནག་གི་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་ཇུས་འོག་ཏུ་སྦྲུམ་མའི་མངལ་ལ་ཆགས་པའི་ཕྲུ་གུ་བུ་མོ་དུང་ཕྱུར་མང་པོ་བཏོན་ཏེ་ཕྲུ་གུ་བུ་སྐྱེ་ཐབས་སུ་འབད། སྲོལ་རྒྱུན་གྱི་ལྟ་བ་དང་རྒྱ་གཞུང་གི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་དེའི་མཇུག་འབྲས་སུ་རྒྱ་ནག་ལ་ཕོ་མོ་གཉིས་དོ་མི་སྙོམས་ཤིང་། རྒྱ་ནག་གི་སྐྱེས་པ་༡༠༠་ལ་བུད་མེད་༧༠་ཡས་མས་རེ་ལས་མེད་པར་སྐྱེས་པ་ས་ཡ་མང་པོར་ཆུང་མ་ལེན་རྒྱུ་མེད་པར་ཕོ་ཧྲེང་དུ་ལུས་པའམ། ཡང་ན་ཝི་ཏེ་ནམ་དང་འབར་མ། ལའོ་སི་དང་ཁོམ་བྷོ་ཌི་ཡ་སོགས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་བུད་མེད་རྣམས་མནའ་མར་ལེན་གྱི་ཡོད་པའི་གནས་ཚུལ་ཐོན། ད་དུང་རྒྱ་ནག་གི་སྤྱི་ཚོགས་སུ་ལོ་ན་༣༠་ཡན་ཆད་ལ་སོན་པའི་མོ་ཧྲེང་རྣམས་སྤྱི་ཚོགས་ཀྱི་ལྷག་འཕྲོ་རུ་བརྩིས་ཏེ་མནའ་མར་ལེན་མཁན་ཤིན་ཏུ་དཀོན། རྒྱ་ནག་གི་སྐྱེས་པ་མང་པོ་ཞིག་ལ་ཁང་པ་དང་རླངས་འཁོར། ལས་ཀ་དང་དངུལ་སྒོར་སོགས་མནའ་མ་ལེན་ཐུབ་པའི་ཆ་རྐྱེན་མ་འཛོམས་པར་ཕོ་ཧྲེང་དུ་ལུས། འཛམ་གླིང་ཡུལ་གྲུ་གང་སར་ཆུང་མ་དང་ཁྱོ་ག་མི་རག་པའི་དཀའ་ངལ་མེད་ཀྱང་རྒྱ་ནག་གི་མི་འབོར་བཀག་སྡོམ་གྱི་སྲིད་ཇུས་དང་སྤྱི་ཚོགས་ཀྱི་ལྟ་བ། ཕོ་མོ་གཉིས་དོ་མཉམ་མེད་པ་དང་དཔལ་འབྱོར་གྱི་ཆ་རྐྱེན་མེད་པར་གཉེན་སྒྲིག་བྱེད་མི་ཐུབ་པ། ཁང་གླ་དང་ཁང་པའི་རིན་གོང་མཐོ་དྲགས་པ། བུ་ཕྲུག་གི་ཤེས་ཡོན་གསོའི་འགྲོ་གྲོན་ཆེ་དྲགས་པ་དང་ཕ་མ་ཚོས་རང་གི་བུ་ཕྲུག་རྣམས་རྒྱ་ནག་གི་སློབ་ཆེན་རྩེ་ཕུད་དག་གམ། ཡང་ན་ཕྱི་རྒྱལ་གྱི་སློབ་ཆེན་ཁག་ལ་སློབ་སྦྱོང་ལ་གཏོང་རྒྱུའི་འགྲན་སྡུར་ཆེ་དྲགས་པ་བཅས་ཀྱིས་བཟའ་ཚང་མང་པོ་ཞིག་གིས་ཕྲུ་གུ་སྐྱེ་ཐུབ་ཀྱི་མེད་པ་རེད།།

XS
SM
MD
LG