ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༡༣

རྒྱ་གཞུང་གིས་གཞིས་བཞུཊ་བོད་པ་ཚོར་ཁ་པར་ནང་མཉེན་ཆས་ཕབ་བཅུག་ནས་ལྟ་སྐུལ་བྱེད་བཞིན་པ།


༢༠༢༡ ལོར་རྒྱ་ནག་གིས་བཏོན་པའི་མིང་ལ་རྒྱལ་ཁབ་ཀྱིས་མགོ་སྐོར་བསླུ་བྲིད་གཏོང་བར་སྔོན་འགོག་ཅེས་པའི་མཉེན་ཆས་རྩོད་གཞི་ཅན།
༢༠༢༡ ལོར་རྒྱ་ནག་གིས་བཏོན་པའི་མིང་ལ་རྒྱལ་ཁབ་ཀྱིས་མགོ་སྐོར་བསླུ་བྲིད་གཏོང་བར་སྔོན་འགོག་ཅེས་པའི་མཉེན་ཆས་རྩོད་གཞི་ཅན།

སྤྱི་ཟླ་༢ པའི་ཚེས་༧ ཉིན་ལ་དབྱིན་སྐད་དུ་Turquoise Roof ཞེས་པའམ་བོད་སྐད་དུ་གཙུག་གཡུ་ཞེས་པ་དང་དབྱིན་སྐད་དུ་Tibet Watch ཞེས་པའམ་བོད་སྐད་དུ་བོད་གནས་ལྟ་ཞིབ་ཅེས་པའི་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཉིས་ནས་འདོན་སྤེལ་བྱས་པའི་སྙན་ཐོ་ཞིག་ལས། ༢༠༢༡ ལོར་རྒྱ་ནག་གིས་བཏོན་པའི་མིང་ལ་རྒྱལ་ཁབ་ཀྱིས་མགོ་སྐོར་བསླུ་བྲིད་གཏོང་བར་སྔོན་འགོག་ཅེས་པའི་མཉེན་ཆས་རྩོད་གཞི་ཅན་དེའི་སྐོར་ལ་ཉམས་ཞིབ་གཏིང་ཟབ་བྱས་པར་བརྒྱུད། རྒྱ་ནག་གཞུང་གིས་བོད་མི་ཚོར་བཙན་དབང་གིས་མཉེན་ཆས་དེའི་རིགས་ཕབ་ལེན་བྱས་བཅུག་ནས་དོ་བདག་སོ་སོའི་ཁ་པར་ནང་གི་གཞི་གྲངས་ཡོད་ཚད་དང་། ནམ་རྒྱུན་དོ་བདག་གིས་གང་ཟག་སུ་སུ་དང་འབྲེལ་བ་བྱེད་ཀྱི་ཡོད་མེད་དང་དྲ་ཚིགས་གང་ཞིག་ལ་ལྟ་ཀློག་བྱེད་ཀྱི་ཡོད་མེད། ཐ་ན་སོ་སོའི་ནང་མི་དང་གཉེན་ཉེ་ཚོའི་དབར་ལ་ཁ་བརྡ་ག་རེ་བྱེད་ཀྱི་ཡོད་མེད་སོགས་ཀྱི་གནས་ཚུལ་སྔར་ལས་མང་བ་བསྡུ་རུབ་བྱེད་ཐུབ་ཀྱི་ཡོད་པ་གསལ་སྟོན་བྱས་འདུག།

མཚན་བྱང་ལ་གཞི་གྲངས་གོ་མཚོན་ཅན་དུ་སྒྱུར་བ་དང་། རྒྱ་ནག་གིས་བོད་ནང་གཞི་གྲངས་ལྟ་སྐུལ་བྱེད་བཞིན་པར་དཔྱད་ཞིབ་ཅེས་བཏགས་པའི་ཞིབ་འཇུག་སྙན་ཐོ་དེའི་ནང་། རྒྱལ་ཁབ་ཀྱིས་མགོ་བསྐོར་བསླུ་བྲིད་གཏོང་བར་སྔོན་འགོག་ཅེས་པའི་མཉེན་ཆས་དེ་ནི་ཚིག་ངོས་ལ་གཞན་གྱི་འཕྲིན་ཐུང་རྫུན་མ་དང་དྲིལ་བསྒྲགས་རྗུན་མའི་རིགས་སོགས་དཔལ་འབྱོར་མགོ་སྐོར་ལ་འགོག་ཐབས་བྱེད་པ་ལྟ་བུ་ཞིག་ཡིན་ལུགས་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། དོན་དམ་ལ་དེ་ནི་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་སྐབས་སུ་བོད་པ་ཚོའི་སྐོར་གྱི་གཞི་གྲངས་སྔར་ལས་མང་བ་བསྡུ་རུབ་བྱེད་ཆེད་གསར་དུ་བཏོན་པའི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་བོད་ནང་རྒྱ་ནག་གཞུང་གིས་ཕྱོགས་གང་ཅིའི་ཐད་ནས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་ཐད་འཛིན་པའི་རྣམ་འགྱུར་དང་འཕྲུལ་རིག་ལག་རྩལ་ལས་རིགས་ཀྱིས་བཟང་སྤྱོད་གཞི་བཞག་གི་ཐོག་ནས་དེ་དོན་ཐག་གཅོད་ཡོང་ཐབས་བྱ་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཆགས་ཡོད་པའི་རེ་འབོད་བྱས་འདུག།

དེ་ཡང་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཙུག་གཡུ་ཞེས་པའི་ཞིབ་འཇུག་གྲུབ་དོན་ལྟར་ན། མཉེན་ཆས་དེ་བརྒྱུད་ནས་ཁ་པར་ནང་གི་འཕྲིན་ཐུང་དང་། འབྲེལ་འདྲིས་བྱུང་སའི་ཨང་གྲངས་དང་ནང་དོན། ལྟ་ཀློག་བྱས་ཟིན་པའི་དྲ་ཚིགས་སོགས་ལ་སོ་ལྟ་བྱེད་ཐུབ་ཀྱི་ཡོད་པར་མ་ཟད། དོ་བདག་གི་གསང་གྲངས་པར་བླངས་ནས་བསྡུ་རུབ་བྱེད་ཐུབ་ཀྱི་ཡོད་པ་དང་། དོ་བདག་སོ་སོའི་ཉེ་འཁྲིས་ཀྱི་གཞི་གྲངས་དེ་ཚོ་ཡང་བསྡུ་ལེན་བྱེད་ཐུབ་ཀྱི་ཡོད་པ་བརྗོད་འདུག། གཞན་མིའི་གདོང་རིས་ལ་ངོས་འཛིན་ཐུབ་པའི་བྱེད་ནུས་ཀྱིས་གཞི་གྲངས་གཞི་རྒྱ་ཆེན་པོ་བསྡུ་རུབ་བྱས་ཏེ། བོད་པ་ཚོར་རྗེས་འདེད་དང་སོ་ལྟ་དོ་ནན་དུ་བཏང་དང་གཏོང་མུས་རེད་འདུག།

བོད་གནས་ལྟ་ཞིབ་ཚོགས་པས་བོད་པ་ཞིག་གི་སྐད་ཆ་ལུང་དྲངས་ནས་བརྗོད་དོན་དུ། ན་ནིང་ལོར་ཁོ་པ་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་པའི་ལམ་བར་དུ་ཉེན་རྟོག་པས་བརྟག་དཔྱད་ས་ཚིགས་ནས་བཀག་སྟེ། ཁ་པར་གྱི་ནང་ལ་མཉེན་ཆས་དེ་བླུགས་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད། མཉེན་ཆས་དེ་ཐོན་པ་ཐག་ནས་ཁ་པར་ནང་བཙན་དབང་གི་སྒོ་ནས་བླུགས་བཅུག་ཡོད་པ་དང་། སྐབས་དེར་ཁྱོན་ཁ་པར་དུང་ཕྱུར་གཉིས་ཀྱི་ནང་ལ་མཉེན་ཆས་དེ་བླུགས་ཡོད་པའི་གནས་ཚུལ་འདུག།

དབྱིན་ཇིའི་རླུང་འཕྲིན་བཟོ་ཚོང་ཁང་གིས་དབྱིན་ཇིའི་དངུལ་རྩའི་དུས་བབ་ཀྱི་གནས་ཚུལ་སྤེལ་བ་ཞིག་ལུང་དྲངས་ནས་གསར་འགྱུར་སྤེལ་བ་ལས། རྒྱ་ནག་གི་ས་གནས་གཞུང་འཛིན་འགའ་ཤས་ཀྱི་བཙན་པོའི་སྒོ་ནས་ལས་བྱེད་ཚོར་མཉེན་ཆས་དེ་བེད་སྤྱོད་བཏང་བཅུག་ཡོད་པར་མ་ཟད། གལ་སྲིད་མཉེན་ཆས་དེ་བེད་སྤྱོད་མ་བཏང་ཚེ་ཕྲུ་གུ་སློབ་གྲྭར་འཇུག་མི་ཐུབ་པ་དང་། ཐོབ་ཐང་དཔང་ཡིག་ལེན་ཐུབ་ཀྱི་མེད་པ་རེད། དེ་བཞིན་གཙུག་གཡུ་ཡིས་རྒྱ་ནག་གཞུང་འབྲེལ་བརྡ་ཁྱབ་ལ་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་གསལ་ལ། རྒྱ་ནག་དབང་འཛིན་པས་རྒྱལ་ཁབ་བརྟན་བརླིང་ལ་ཉེན་ཁ་བཟོ་མཁན་དུ་མཐོང་བཞིན་པའི་བོད་པ་སྒེར་གྱི་གཞི་གྲངས་གཞི་རྒྱ་ཆེན་པོ་ཞིག་བསྡུ་རུབ་བྱེད་བཞིན་པ་དང་། གཞི་གྲངས་བསྡུ་རུབ་ཀྱི་ལས་གཞི་དེས་ཨ་རིའི་རུས་བརྐོས་ཡི་གེའི་བཟོ་ཚོང་ཁང་ཞེས་སུ་འབོད་པའི་བཟོ་ཚོང་ཁང་དེའི་མཉེན་ཆས་བེད་སྤྱོད་གཏོང་གིན་ཡོད་པ་རེད། ཅེས་བསྟན་འདུག།

བོད་གནས་ལྟ་ཞིབ་ཚོགས་པས་བོད་པ་མང་པོས་སྐད་འཕྲིན་ནང་གནས་ཚུལ་སྤེལ་རྗེས་བཀག་སྐྱིལ་བྱས་སྐོར་གྱི་གྱོད་དོན་གང་མང་ཟིན་ཐོར་བཀོད་ཡོད་པ་ལས། སྲིད་དོན་གྱི་ཚོར་བ་སྐྱེན་པོའི་ཁོངས་སུ་ཡོད་པའི་དོ་བདག་དང་སྲིད་དོན་གྱི་འབྲེལ་ཡོད་ཐ་སྙད་རྣམས་ནག་བསུབ་གཏོང་གི་ཡོད་པ་དང་། རྒྱ་ནག་གཞུང་གི་བྱེད་སྟངས་དེས་ཕྱི་ལོགས་རང་དབང་ལུང་པར་བཞུགས་པའི་བོད་པ་བཙན་བྱོལ་བ་ཚོར་ཡང་གཅིག་ལ་གཉིས་བརྒྱུད་ཀྱིས་ཤུགས་རྐྱེན་ལུ་གུ་བརྒྱུད་དུ་ཐེབས་ཏེ། བཙན་བྱོལ་བོད་པ་ཚོས་ཀྱང་སོ་སོས་སོ་སོར་ལྟ་རྟོག་དང་འབྲེལ་འདྲིས་བྱེད་དུས་དངངས་འཚབ་ལངས་རྐྱེན་ཞིག་ཆགས་ཡོད་པ་བརྗོད་འདུག།

གླེང་སྟེགས།

XS
SM
MD
LG