ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

པ་ཀི་སི་ཐན་གྱི་ཏ་ལི་བྷན་ཚོས་རྒྱ་ནག་ལ་གཏོར་རྒོལ་བྱ་རྒྱུའི་ཉེན་ཁ། 


༄༅།། ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༡༥་ནས་ཏ་ལི་བྷན་ཤོག་ཁག་གིས་ཨབ་གྷ་ཎི་སི་ཐན་ལ་དབང་སྒྱུར་བྱས་ནས་བཟུང་། རྒྱ་ནག་གིས་ཨབ་གྷ་ཎི་སི་ཐན་ནས་ཞིན་ཅང་ལ་ཁ་ཆེའི་མཐའ་ལྷུང་རིང་ལུགས་པ་རྣམས་སིམ་འཛུལ་བྱས་ནས་ཟིང་འཁྲུག་སློང་སྲིད་པའི་འཇིགས་སྣང་ཆེ་རུ་སོང་། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨབ་གྷ་ཎི་སི་ཐན་དུ་བཅའ་སྡོད་གཞུང་ཚབ་ཁང་རྣམས་སྒོ་བརྒྱབ་ཀྱང་པེ་ཅིང་གི་དབང་འཛིན་པ་ཚོས་ཏ་ལི་བྷན་ཤོག་ཁག་གི་འགོ་ཁྲིད་ཚོར་འབྲེལ་བ་བཙུགས་ཏེ་རྒྱལ་ས་ཀ་བྷུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཁང་སྒོ་རྒྱག་རྒྱུ་མིན། རྒྱ་ནག་གིས་ཨབ་གྷ་ཎི་སི་ཐན་ལ་ཨ་སྒོར་ས་ཡ་༣༡་རོགས་སྐྱོར་སྤྲོད་རྒྱུ་ཁས་བླངས། ཏ་ལི་བྷན་ཤོག་ཁག་གིས་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་ཞིན་ཅང་གི་ཡུ་གུར་བ་ཚོར་གནོན་སྡོམ་བྱེད་དགོས་པའི་སྐུལ་ལྕག་བཏང་ཞིང་། འོན་ཀྱང་རྒྱ་ནག་ལ་ཨབ་གྷ་ཎི་སི་ཐན་ནས་གཏོར་རྒོལ་འབྱུང་རྒྱུ་ཡིན་མིན་ངེས་གཏན་མེད་ཀྱང་པ་ཀི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་གིས་རྒྱ་ནག་ལ་གཏོར་རྒོལ་བྱ་རྒྱུ་ཉག་ཅིག་རེད་ཅེས་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༢༩་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་དང་པ་ཀི་སི་ཐན་གྱི་ཏ་ལི་བྷན་རྣམས་པ་ཤི་ཏུང་མི་རིགས་གཅིག་པ་ཡིན་པ་སྟེ། པ་ཀི་སི་ཐན་དང་ཨབ་གྷ་ཎི་སི་ཐན་གྱི་ས་མཚམས་ཤིག་ཏུ་གཞིས་ཚུགས་པའི་པ་ཀི་སི་ཐན་གྱི་ཏེ་རཱིཀ་ཨི་ཏ་ལི་བྷན་ཤོག་ཁག་གིས་པ་ཀི་སི་ཐན་ཁ་ཆེའི་ཆོས་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཅིག་ལ་བསྒྱུར་རྒྱུའི་འཐབ་འཁྲུག་མགོ་བརྩམས། ཏ་ལི་བྷན་ཤོག་ཁག་གིས་ཨབ་གྷ་ཎི་སི་ཐན་ལ་དབང་སྒྱུར་བྱས་པའི་རྗེས་སུ་པ་ཀི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་ཀྱང་བློ་ཁོག་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

ཨབ་གྷ་ཎི་སི་ཐན་ལ་ཏ་ལི་བྷན་ཤོག་ཁག་གིས་དབང་སྒྱུར་བྱས་པའི་རྗེས་སུ་པ་ཀི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་གི་འགོ་ཁྲིད་ཁག་ཅིག་ཨབ་གྷ་ཎི་སི་ཐན་གྱི་བཙོན་ཁང་ཁག་ནས་གློད་གྲོལ་ཐོབ། དེ་བཞིན་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་སྐུང་ཡོད་པའི་པ་ཀི་སི་ཐན་གྱི་བྷ་ལི་ཆི་སི་ཐན་གྱི་ཁ་བྲལ་རིང་ལུགས་པ་རྣམས་ཀྱང་དཔའ་སྟོབས་རྒྱས། པ་ཀི་སི་ཐན་གྱི་ཏ་ལི་བྷན་དང་བྷ་ལི་ཆི་སི་ཐན་གྱི་ཁ་བྲལ་རིང་ལུགས་པ་ཚོས་རྒྱ་ནག་གིས་ཨ་སྒོར་དུང་ཕྱུར་༦༠༠་ལྷག་འགྲོ་གྲོན་བཏང་སྟེ་རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་ཤུར་ལམ་འཛུགས་སྐྲུན་བྱེད་ཀྱི་ཡོད་པར་གཏོར་རྒོལ་བྱས་ཤིང་། ཟླ་བ་སྔོན་མར་རྒྱ་ནག་གིས་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་པ་ཀི་སི་ཐན་གྱི་གྷོ་ཝ་དྷར་གྲུ་ཁར་རང་སྲོག་བློས་གཏོང་བ་ཞིག་གིས་གཏོར་རྒོལ་བྱས་ནས་རྒྱ་ནག་པ་གཉིས་ལ་རྨས་སྐྱོན་ཕོག་པ་དང་བྱིས་པ་གཉིས་བསད། དེའི་རྗེས་སུ་བྷ་ལི་ཆི་སི་ཐན་གྱི་ས་ཐོག་ཏུ་རྒྱ་ནག་གི་ལས་མི་རྣམས་སྐྱེལ་འདྲེན་བྱེད་བཞིན་པའི་རླངས་འཁོར་ཞིག་གི་འཁྲིས་སུ་རང་སྲོག་བློས་གཏོང་བ་ཞིག་གིས་འབར་མདེལ་སྦར་ནས་རྒྱ་ནག་གི་ལས་མི་གཉིས་ལ་རྨས་སྐྱོན་དང་མི་གཞན་པ་གསུམ་བསད། བྷ་ལི་ཆི་སི་ཐན་གྱི་ཁ་བྲལ་རིང་ལུགས་པ་ཚོས་རྒྱ་ནག་གི་འཛུགས་སྐྲུན་ལས་མི་ཚོ་དམིགས་འབེན་དུ་བཟུང་ནས་གཏོར་རྒོལ་བྱས་པ་ཡིན་ཞེས་བསྒྲགས། ད་ལོའི་ཕྱི་ཟླ་༧་པའི་ཚེས་༡༤་ཉིན་པ་ཀི་སི་ཐན་གྱི་རང་སྲོག་བློས་གཏོང་བ་ཞིག་གིས་དྷ་སུ་ཆུ་ཤུགས་གློག་ཁང་འགྲམ་དུ་གཏོར་རྒོལ་བྱས་ནས་རྒྱ་ནག་གི་འཛུགས་སྐྲུན་འཆར་འགོད་པ་༩་ཚུད་པའི་མི་༡༣་བསད། པ་ཀི་སི་ཐན་དང་རྒྱ་ནག་གཉིས་ཀས་གཏོར་རྒོལ་དེའི་རྒྱབ་ལོགས་སུ་པ་ཀི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པར་མ་ཟད། ཕྱི་ཟླ་༨་པའི་ནང་དུ་པ་ཀི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་གིས་པ་ཀི་སི་ཐན་གྱི་གཞུང་དམག་ལ་གཏོར་རྒོལ་ཐེངས་༣༢་བྱས་པ་ཡིན། ཕྱི་ཟླ་༩་པ་འདིར་གཏོར་རྒོལ་ཐེངས་༢༩་བྱས་ནས་པ་ཀི་སི་ཐན་གྱི་གཞུང་དམག་བཅུ་ཕྲག་མང་པོར་འཆི་རྨས་འཕོག་ཏུ་བཅུག་ཡོད་ཅེས་བཤད།།

འདས་པའི་ཟླ་བ་གཉིས་ཀྱི་རིང་དུ་པ་ཀི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་གིས་རྒྱ་ནག་གི་འཛུགས་སྐྲུན་ལས་མི་རྣམས་དང་པ་ཀི་སི་ཐན་གྱི་གཞུང་དམག་ལ་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་སོང་། པ་ཀི་སི་ཐན་གཞུང་གིས་ཏ་ལི་བྷན་ཤོག་ཁག་གི་གྱེན་ལོག་པ་ཚོས་མགོ་སྒུར་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་གོང་བཀུར་བྱ་རྒྱུའི་ཁས་ལེན་བྱེད་ཚེ། ཁོ་ཚོའི་སྔར་བྱས་ཀྱི་ནག་ཉེས་ལ་རྩད་གཅོད་མེད་པར་གུ་ཡངས་གཏོང་ཆོག་ཅེས་ཞི་འགུགས་བྱེད་ཐབས་སུ་འབད། པ་ཀི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་གིས་སྲིད་གཞུང་གིས་བཏོན་པའི་ཆ་རྐྱེན་ལ་འཕྲལ་དུ་མོས་མཐུན་མེད་ཅེས་དགག་པ་བརྒྱབ། པ་ཀི་སི་ཐན་གཞུང་གིས་རྒྱ་ནག་ལ་མཉམ་འབྲེལ་བྱས་ནས་གཉེར་གྱི་ཡོད་པའི་དཔལ་འབྱོར་ཤུར་ལམ་གྱི་འཛུགས་སྐྲུན་ལས་གཞི་རྣམས་མཚམས་ཆད། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་པ་ཀི་སི་ཐན་བརྒྱུད་ནས་འཛུགས་སྐྲུན་བྱེད་ཀྱི་ཡོད་པར་དགེ་མཚན་ཡོད་མེད་དོགས་པ་བསླངས། ཨབ་གྷ་ཎི་སི་ཐན་ལ་ཏ་ལི་བྷན་ཤོག་ཁག་གིས་དབང་སྒྱུར་བྱས་པའི་རྗེས་སུ་རྒྱ་ནག་གིས་ཨབ་གྷ་ཎི་སི་ཐན་དང་པ་ཀི་སི་ཐན་བརྒྱུད་ནས་དབུས་ཨེ་ཤི་ཡར་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་འཛུགས་སྐྲུན་བྱ་འཆར་ཡོད་པ་འགྲུབ་ཐུབ་རྒྱུ་ཡིན་མིན་ཡང་ཐེ་ཚོམ་གྱི་གནས་སུ་གྱུར། ཕྱི་ཟླ་༩་པའི་ཚེས་༢༤་ཉིན་པ་ཀི་སི་ཐན་གྱི་འཆར་འགོད་དང་འཛུགས་སྐྲུན་བློན་ཆེན་ཨུ་མར་གྱིས་ཨབ་གྷ་ཎི་སི་ཐན་ཏ་ལི་བྷན་ཤོག་ཁག་གི་དབང་སྒྱུར་འོག་ཏུ་ཚུད་པ་དང་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་ཤུར་ལམ་འཛུགས་སྐྲུན་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་བཅས་ཀྱིས་པ་ཀི་སི་ཐན་གྱི་བདེ་འཇགས་ལ་ཉེན་ཁ་འཕྲད་ཀྱི་འདུག་ཅེས་བཀྲལ། རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་ཤུར་ལམ་ཁོངས་སུ་ཆུ་ཤུགས་གློག་ཁང་ཞིག་འཛུགས་སྐྲུན་བྱས་ནས་པ་ཀི་སི་ཐན་གྱིས་རྒྱ་ནག་ལ་ཨ་སྒོར་དུང་ཕྱུར་༡༤་བུ་ལོན་སྤྲོད་དགོས། གལ་སྲིད་པ་ཀི་སི་ཐན་གྱིས་རྒྱ་ནག་ལ་བུ་ལོན་སྤྲོད་མ་ཐུབ་ན་ལོ་མང་རིང་གློག་ཁང་དེ་རྒྱ་ནག་གིས་བདག་འཛིན་བྱ་རྒྱུའི་ཉེན་ཁ་ཡོད་པ་རེད།།

ཉེ་ཆར་པ་ཀི་སི་ཐན་གྱི་ཀ་ར་ཆི་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་གི་སྤྱི་ཁྱབ་འགན་འཛིན་གྱིས་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་སྲིད་བློན་ཨིམ་རན་ཁན་གཉིས་ཐུག་འཕྲད་གྲོས་མོལ་བྱུང་བ་རེད། སྲིད་བློན་ཨིམ་རན་ཁན་གྱིས་ཕྱི་སྲིད་བློན་ཆེན་ཝང་དབྱི་ལ་པ་ཀི་སི་ཐན་གཞུང་གིས་རྒྱ་ནག་གི་ལས་མི་ཚོར་གཏོར་རྒོལ་བྱེད་མཁན་རྣམས་འཛིན་བཟུང་བྱས་ནས་ཁྲིམས་གཅོད་དྲག་པོ་བྱ་རྒྱུའི་ཁས་ལེན་བྱས་པ་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་ཁག་གིས་པ་ཀི་སི་ཐན་གྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་དང་ས་གནས་ཁག་གི་ཡུལ་མིའི་ཐོན་སྐྱེད་རྣམས་བཙན་འཕྲོག རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་ཁག་གིས་པ་ཀི་སི་ཐན་གྱི་ས་གནས་མི་དམངས་ལ་ཁེ་ཕན་འཐོབ་ཀྱི་མེད་པས་བྷ་ལུ་ཆི་སི་ཐན་གྱི་ཡུལ་མི་དང་པ་ཀི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་སོགས་ཀྱིས་རྒྱ་ནག་ལ་སྡང་ཟུག་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན། པ་ཀི་སི་ཐན་གྱི་དམག་དང་གསང་བའི་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་ཏ་ལི་བྷན་ཤོག་ཁག་གིས་སླར་ཡང་ཨབ་གྷ་ཎི་སི་ཐན་གྱི་སྲིད་དབང་བཟུང་། ལོ་ཉི་ཤུ་ཐམ་པར་རྒྱ་གར་གྱིས་ཨབ་གྷ་ཎི་སི་ཐན་ལ་ཤུགས་རྐྱེན་ཐེབས་པ་མཇུག་བསྒྲིལ། ཡིན་ནའང་ཏ་ལི་བྷན་ཤོག་གིས་ཨབ་གྷ་ཎི་སི་ཐན་ལ་དབང་སྒྱུར་བྱས་པའི་རྐྱེན་གྱིས་པ་ཀི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་ཀྱང་དཔའ་བསྐྱེད། ཁོ་ཚོས་པ་ཀི་སི་ཐན་གྱི་སྲིད་གཞུང་མགོ་རྟིང་སློག་ཐབས་དང་རྒྱ་ནག་གི་འཛུགས་སྐྲུན་ལས་མི་ཚོར་གཏོར་རྒོལ། ཐ་ན་རྒྱ་ནག་དང་པ་ཀི་སི་ཐན་གྱི་འབྲེལ་བར་འགལ་ཟླ་སློང་ཐབས་དང་ཨབ་གྷ་ཎི་སི་ཐན་གྱི་སྐྱབས་བཅོལ་བ་ས་ཡ་༤་ལྷག་ལ་པ་ཀི་སི་ཐན་གྱིས་ལྟ་རྟོག་བྱེད་དགོས་པའི་མཇུག་འབྲས་ཤིག་སྨིན།།

ཨ་རིའི་ཕྱི་སྲིད་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་འགོ་ཁྲིད་ཚོས་ཏ་ལི་བྷན་ཤོག་ཁག་གིས་ཨབ་གྷ་ཎི་སི་ཐན་ལ་དབང་སྒྱུར་བྱས་པར་དགའ་བསུ་ཞུས། དེའི་རྒྱུ་མཚན་ནི་པ་ཀི་སི་ཐན་རྒྱ་ནག་གི་སྐུ་ཚབ་བྱས་ནས་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་ལ་ཤུགས་རྐྱེན་ཐེབས་རྒྱུ། ཨ་མི་རི་ཀ་དང་རྒྱ་གར་གྱི་ཤུགས་རྐྱེན་རྣམས་ཨབ་གྷ་ཎི་སི་ཐན་ནས་མེད་པར་བཏང་སྟེ་རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་ཤུར་ལམ་ཨབ་གྷ་ཎི་སི་ཐན་ལ་མཐུད་འདོད་མེད་པའི་རྣམ་འགྱུར་བསྟན། ད་ལྟ་པ་ཀི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་སྟོབས་ཤུགས་རྒྱས་ནས་རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་ཁག་ལ་གཏོར་རྒོལ་བྱ་རྒྱུའི་ཉེན་ཁ་ཡོད་པ་དང་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་གིས་པ་ཀི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་གི་མེད་པ་ནི་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀའི་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཏུ་གྱུར། ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་དང་པ་ཀི་སི་ཐན་གྱི་ཏ་ལི་བྷན་གཉིས་ཀ་པ་ཤི་ཏུང་མི་རིགས་གཅིག་པ་ཡིན་ཞིང་། སྔོན་ཆད་དབྱིན་ཇིའི་བཙན་རྒྱལ་གཞུང་གིས་པ་ཤི་ཏུང་མི་རིགས་དེ་ཤོག་ཁག་གཉིས་སུ་བགོས་པ་རེད་ཅེས་གནས་ཚུལ་སྤེལ་འདུག ཐོག་མར་པ་ཀི་སི་ཐན་གཞུང་གིས་ཏ་ལི་བྷན་ལ་ཕོག་ཐུག་མི་གཏོང་བའི་ཆེད་དུ་རྒྱ་ནག་གི་འཛུགས་སྐྲུན་ལས་མི་ཚོར་གཏོར་རྒོལ་བྱུང་བ་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་རེད་ཅེས་ངོས་འཛིན་བྱེད་མ་ཕོད། བདུན་ཕྲག་འགའ་ཞིག་གི་སྔོན་དེར་རྒྱ་ནག་གཞུང་གིས་ཏ་ལི་བྷན་ཤོག་ཁག་གིས་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཁག་ལ་དམག་སྦྱོང་མི་སྤྲོད་པ་དང་དཔལ་འབྱོར་འདུ་འགོད་མི་བྱེད་པ། འཇིགས་སྐུལ་རིང་ལུགས་པ་གསར་བསྡུ་མི་བྱེད་པ་དང་ཞིན་ཅང་ལ་ཟིང་འཁྲུག་མི་སློང་བའི་ཁག་ཐེག་བྱ་དགོས་ཞེས་ཆ་རྐྱེན་བཏོན། དེ་སྔོན་ཏ་ལི་བྷན་ཤོག་ཁག་གིས་འཛམ་གླིང་ཡུལ་གྲུ་གང་སའི་ཁ་ཆེ་ཚོའི་ཐོབ་ཐང་གླེང་སློང་བྱ་རྒྱུ་ཡིན་རུང་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མིན་ཞེས་གསལ་བསྒྲགས་སྤེལ་བར་རྒྱ་ནག་གིས་དགའ་བསུ་ཞུས་འདུག

XS
SM
MD
LG